ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་སློབ་གསོ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཚམས་འདྲི་དང་གྲོས་སྡུར་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་སློབ་གསོ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་མཛད་པར་མ་ཟད། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དེ་དམིགས་བསལ་དུ་གོང་དུ་སྤེལ་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་རིམས་ནད་གལ་ཆེན་དང་གནད་དོན་གཙོ་བོར་དམ་དུ་དམིགས་ནས། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་མྱུར་དུ་ལག་བསྟར་བྱེད་པ། རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་གྱི་འགོག་སྲུང་དྲ་བ་དམ་དུ་འཛུགས་པ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མི་དམངས་ལ་ཕྱོགས་ཡོངས་དང་དུས་ཡོངས་སུ་བདེ་ཐང་གི་ཞབས་འདེགས་ཞུ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྤུས་ལེགས་དོ་མཉམ་གྱི་གཞི་རྩའི་སྤྱི་ཕན་སློབ་གསོའི་ཞབས་ཞུའི་མ་ལག་ཧུར་ཐག་གིས་འཛུགས་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་བོར་སྤེལ་བ་བཅས་བྱས་ཏེ། ཀུན་སྤྱོད་དང་སྤྱོད་ཤེས་ལུས་མཛེས་རྩོལ་ལྔ་ཕྱོགས་ཡོངས་ནས་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས་ཟེར།
གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསླེབ་ལ་ཉེ་བས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་དང་། ཕྱིར་སྡོད་རང་མིའི་ཁྲོད་ཀྱི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཚམས་འདྲི་དང་གྲོས་སྡུར་ལ་ཞུགས།
མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་། ཨུ་ཡོན་བདུན་གྱིས་གཞི་རིམ་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་སྨན་བཅོས་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་གསོ་རིག་སློབ་གསོ་དང་ཞིབ་འཇུག་མ་ལག་འཛུགས་པ། མཐོ་རིམ་སློབ་གསོའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ། རྨང་གཞིའི་སློབ་གསོ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ། སློབ་གསོའི་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྐོར་ནས་གཏམ་བཤད།
ཞི་ཅིན་ཕིང་གིས་ཚང་མས་གཏམ་བཤད་པར་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲིར་ཡོང་ནས་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་པར་ཧ་ཅང་དགའ་ཡོད་ཅེས་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་དེར་ཡོད་ཀྱི་ཨུ་ཡོན་རྣམ་པ་དང་རྒྱལ་ཡོངས་ཀྱི་རྒྱལ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན། ལྷག་པར་དུ་པྲོག་གསར་གློ་ཚད་ཀྱི་གནད་པ་ཚབས་ཆེན་བཅས་ཀྱི་འོག་ཏུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ཤུགས་གཅིག་མཐུན་དང་དཀའ་ངལ་ཁྱད་སེལ་བྱས་ལ། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ་རིམས་ནད་འགོག་སྡོམ་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་པའི་ཁྲོད་སྔོན་ལ་དཔལ་འབྱོར་འཕར་སྣོན་འབྱུང་བར་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་མོར་སྤེལ་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བཟང་བོར་བསྡུས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཆར་གཞི་ཆ་ཚང་བཀོད། གྲུབ་འབྲས་དེ་དག་ནི་ཐོབ་སླ་བ་ཞིག་གཏན་ནས་མིན་པར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་ཡར་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དཀའ་བ་ཆེན་པོས་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཀྱང་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་རིག་གོང་འཕེལ་གྱི་རྨང་གཞི་ཡིན་ལ། མི་རིགས་དར་ཞིང་རྒྱས་པ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཡིན། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་ལག་ལེན་ལས་སྔོན་འགོག་ནི་རིན་ཐང་ཆེས་ཆུང་བ་དང་ཕན་ནུས་ཆེས་ལྡན་པའི་བདེ་ཐང་གི་ཐབས་ཇུས་ཡིན་པས། ཉམས་མྱོང་སྤྱི་སྡོམ་དང་བསླབ་བྱ་བསྡུ་ལེན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་བཟང་བོར་སྒྲུབ་པ་དང་མཉམ་དུ། སྔར་ལས་གནད་ཁེལ་དང་སྔར་ལས་ནུས་ཡོད་ཀྱིས་སྔོན་འགོག་བྱེད་པར་རྐང་བཙུགས་ནས། རིམས་ནད་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་་བ་དང་། སྤྱི་ཐུན་འཕྲོད་བསྟེན་གྱི་ཉེན་ཁ་ཆེན་པོའི་དཔྱད་འཇོག་དང་ཞིབ་འཇུག་བརྡར་གཅོད། ཇུས་གཅོད་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྨན་ཁང་གི་མཐུན་སྦྱོར་རྐྱེན་སྲོལ་གསར་གཏོད་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་མོར་སྤེལ་བ། རིམས་ནད་ལྕི་མོར་མགོ་ཁུངས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་རྒྱ་ཆེའི་སྨན་བཅོས་ལས་དོན་པ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་སྲུང་སྐྱོབ་པ་ཡིན་པས། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། རིམས་འགོག་གི་སྔོན་ཐོན་བྱས་རྗེས་དང་དུས་རབས་ཀྱི་མིག་དཔེ་དྲིལ་སྒྲོག་ཟབ་མོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྨན་པར་བཀུར་བ་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་མི་སྐྱོང་བའི་བླང་བྱ་བརྟན་སྲུང་གིས་ཀུན་སྤྱོད་ལས་མི་གསོ་སྐྱོང་བྱེད་པ་དེ་བསམ་བློའི་ཀུན་སྤྱོད་སློབ་གསོ་དང་རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་རིམ་རིམ་སོ་སོར་འདྲེས་པར་བྱེད་པ་དང་། རྨང་གཞིའི་སློབ་གསོ་དང་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་སོ་སོར་སྦྲེལ་ནས། བསླབ་ཚན་མ་ལག་དང་སློབ་ཁྲིད་མ་ལག བསླབ་གཞིའི་མ་ལག དོ་དམ་མ་ལག་བཅས་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་མངོན་པར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། དགེ་རྒན་ནི་སློབ་གསོ་བྱ་བའི་ཁྲོད་ཀྱི་རྐང་འཛིན་སྟོབས་ཤུགས་ཡིན་ལ། སྤུས་ཚད་མཐོ་བའི་དགེ་རྒན་ཡོད་ན་ད་གཟོད་སྤུས་ཚད་མཐོ་བའི་སློབ་གསོ་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བཀུར་བ་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་པར་བྱས་ཏེ། ཕུལ་བྱུང་འཇོན་མིས་གཅིག་ལ་གཅིག་འགྲན་གྱིས་སློབ་གསོའི་ལས་ལ་འཇུག་པ་དང་། རྒྱ་ཆེའི་དགེ་རྒན་གྱིས་རང་གི་འཇོན་ནུས་ཅི་ཡོད་ངོམ་པ། དགེ་རྒན་བཟང་བོ་རྒྱུན་མ་ཆད་པར་འབྱུང་བ་བཅས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་རྒྱ་ཆེའི་བུད་མེད་རྣམས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ནས། གནམ་གྱི་ཕྱེད་ཀའི་ནུས་པ་གལ་ཆེན་བཏོན་ཡོད་ལ། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པ་སོགས་འཐབ་ཕྱོགས་སོ་སོ་རུ་རྒྱ་ཆེའི་བུད་མེད་ཀྱིས་སྤོབས་པ་ཆེན་པོས་སྔོན་སྐྱོད་དང་ཞུམ་པ་མེད་པར་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་བུད་མེད་ཀྱི་སྣང་བརྙན་ལེགས་པར་མངོན་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་ན། བུད་མེད་དང་བཅས་པའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་འབད་འཐབ་མཁོ་བས། རྒྱ་ཆེའི་བུད་མེད་རྣམས་རླབས་ཆེན་ལས་དོན་གྱི་འཛུགས་སྐྲུན་པ་དང་ཤེས་དཔལ་དར་སྲོལ་གྱི་ཁྲིད་སྟོན་པ། ཕུགས་འདུན་འཚོལ་སྙེག་གི་འབད་འཐབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།
ཏེན་ཞུའེ་ཞང་དང་ཀྲང་ཆིན་ལིས། ཝན་ཀང་། ལུའུ་ཀྲན་གུང་། ལིས་པེན་སོགས་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས།
ཕྱུག་ལོས་བསྒྱུར།