ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་དྲུག་གིས་སོ་སོའི་ཁྱབ་ཁོངས་ཀྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ། ནན་ཏན་སྒོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་གྲོས་སྡུར་བྱས།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་སྙིང་ཟིན་ཡོད་ཅིང་། དེ་ནི་མཐུན་སྒྲིལ་འབད་འཐབ་དང་སེམས་ཤུགས་ཆེར་སྐྱེད་ཀྱི་སྙན་ཞུ་ལེགས་པོ་ཞིག་རེད། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་གྱི་ཕུགས་འདུན་རིང་བ་དང་། བསམ་ཕྱོགས་གསལ་ལ་གཙོ་གནད་འབུར་ཐོན། དམིགས་འབེན་གསལ་བ་དང་བྱེད་ཐབས་སྟོབས་ལྡན་བཅས་ཡིན་པས། དེ་ནི་འཐབ་ལམ་གསར་པ་བཏོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་པ་དང་ཀུན་ནས་མཐུན་པར་བརྟེན། ང་རང་ངོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡོད་ཟེར།
ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ལངས་ཕྱོགས་མཐོ་ལ་བཅོས་སྒྱུར་གསར་གཏོད་ཡིན་པ། མི་སེམས་ལ་ཡར་སྐུལ་གྱི་ནུས་པ་བཅས་ལྡན་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་ངོས་ནས་མོས་མཐུན་ཆེན་པོ་ཡོད། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྲིད་གཞུང་བྱ་བའི་སྙན་ཞུས་བཏོན་པའི་ལས་འགན་བྱེད་ཐབས་དོན་འཁྱོལ་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྔོན་ལ་འཛུགས་སྐྲུན་བྱེད་པའི་ལས་དོན་ཆེན་པོ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་སྟེ། མི་རིགས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཧུར་ཐག་གིས་དེང་རབས་ཅན་དུ་བསྒྱུར་དགོས་ཟེར།
ཏུའུ་ཏི་ཀྲི་དང་ལིས་ཆིན། ཞིན་ཀྲན་ཞིན་སོགས་ཨུ་ཡོན་བཅུ་དྲུག་གིས་གྲོས་སྡུར་བྱེད་སྐབས་གཏམ་བཤད་དེ། འདས་པའི་ལོ་གཅིག་གི་རིང་རང་རྒྱལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་ཡོངས་སུ་མོས་མཐུན་ཡོད་ཅེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།