སྤེལ་དུས།2021.03.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
46
0

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱི《མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་གཞིགས་འགའ》ཞེས་པ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཐོག་གཏམ་བཤད་ནང་བདམས་ཐོན་བྱུང་། ཁོས་གཏམ་བཤད་གནང་སྐབས་རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། མཚོ་སྔོན་ནི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་མཉམ་སྤྱོད་བྱེད་ས་ཡིན་པས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས“ཀྲུང་ལུགས་དང་བོད་ལུགས་གསོ་རིག་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཚད་གཞི་འདོན་པ་དང་ཚད་ལྡན་དུ་གཏོང་བ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྐྱེ་སྟོབས་འཕེལ་རྒྱུར་སྐུལ་འདེད་བཏང་ཡོད།

2020ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ《སྨན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར》ཐོབ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་སྐྱེད་ཁེ་ལས43ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཀྱི80%ཟིན་པ་དང་། སྣ་ཁ338དང་ཆོག་འཐུས་ཡིག་ཨང416ཡོད་ལ། བོད་ལུགས་གསོ་རིག་གི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་རྣམ་གྲངས་དེ་སྔའི76ནས253བར་ཇེ་མང་དུ་བཏང་ཡོད་མོད། འོན་ཀྱང་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་མདུན་དུ་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་མ་བྱས་པ་དང་མཁོ་སྤྲོད་མི་འདང་བའི་སྣང་ཚུལ་མཉམ་དུ་གནས་ཤིང་། རྩད་ཆོད་ཐུབ་པའི་སྨན་སྤྱོད་ཐོན་ཁུངས་1660ཡི་ནང90%ཡན་གྱི་ཁ་ཐོར་གྱི་སྨན་སྤྱོད་ཐོན་ཁུངས་ད་དུང་གསར་སྤེལ་ནུས་ལྡན་ཐུབ་མེད་པ་དང་། དུས་མཚུངས་སུ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་ཅུང་ཞན་པ་དང་ཚན་རིག་ཞིབ་འཇུག་གི་རྨང་གཞི་ཞན་པ་སོགས་ཀྱི་དཀའ་ངལ་དང་གནད་དོན་སྔར་བཞིན་གནས་ཡོད་ལ། རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་དཀའ་བས་རྒྱལ་ཁབ་ཀྱི་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་གལ་ཧ་ཅང་ཆེ་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཀྲུང་ལུགས་དང་བོད་སྨན་གྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག》དང《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་སྨན་རྫས་དཀར་ཆག》ཁྲོད་ཟིན་པའི་སྣ་རིགས་དང་བསྡུར་གྲངས་ཇེ་མང་དུ་བཏང་སྟེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རིགས་གསར་པ་ཡིག་ཐོག་སྙན་ཞུ་དང་ལད་བཟོས་སྨན་རྫས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱིས་སྟོང་ལ་ཉེ་བའི་རི་སྐྱེས་སྨན་རྫས་ཀྱི་རྩི་ཤིང་སྲུང་སྐྱོང་ཁུལ་དང་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ཁུངས་སྐྱེད་སྲིང་རྟེན་གཞི་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཡང་བསྐྱར་སྐྱེས་མི་ཐུབ་པའི་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་རང་བཞིན་གྱི་ཞིབ་འཇུག་དང་ཚབ་བྱེད་ཐོན་ཁུངས་ཀྱི་ཞིབ་འཇུག མིའི་ཐབས་ལ་བརྟེན་ནས་འདེབས་གསོ་དང་བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་གྱིས་སྣེ་ཁྲིད་དེ་བོད་སྨན་གྱི་རྨང་གཞིའི་ཚད་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཚད་གཞི། བོད་སྨན་གྱི་ཚད་གཞི། སྦྱོར་བཟོའི་ལག་རྩལ་གྱི་ཚད་གཞི་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིའི་མ་ལག་འཛུགས་སྐྲུན་ལས་དོན་གྱི་འགན་འཁུར་བར་རྒྱབ་སྐྱོར་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་ལེགས་ཆ་ལྡན་པའི་ས་གནས་ཀྱི་ཚད་གཞི་དང་ཁེ་ལས་ཀྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་ཚད་གཞི་རུ་ཇེ་མཐོར་གཏོང་བ། མཚོ་སྔོན་གྱིས་བོད་སྨན་གསར་པའི་རྒྱལ་ཁབ་འདུ་འགོད་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཆ་དང་མ་དངུལ། སྒྲིག་བཀོད་ཆ་ཚང་། ཚན་ཞིབ་ཡོ་བྱད་དང་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ནས་མ་དངུལ་གཏོང་བ། མཚོ་སྔོན་དུ་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་ཚད་ལྡན་ཡིག་ཆའི་ཆ་འཕྲིན་གྲངས་གཞིའི་ལྟེ་གནས་བཙུགས་ནས་མཚོ་སྔོན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཚན་ཞིབ་ཁང་དང་སྣེ་འདྲེན་ཁེ་ལས་ཀྱི་ཚན་ཞིབ་རྨང་གཞིའི་ཆ་རྐྱེན་དང་ལས་སྟེགས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ། མཚོ་སྔོན་སློབ་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་དང་ཀྲུང་ལུགས་གསོ་རིག་གི་རབ་འབྱམས་པའི་གསོ་སྐྱོང་བྱེད་སྟངས་བཙུགས་ཏེ་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།

ལོ་ཙཱ་བ། ཤ་བོ་གསེར་མཚོ།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།