རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་དམངས་མང་ཚོགས་ཀྱིས་དགུན་དུས་ཀྱི་དག་གཙང་དྲོད་འདོན་གྱི་དགོས་མཁོ་ལ་ཁ་གཏད་དེ། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲང་ཀོང་རོང་དང་པད་རྒྱལ་བཀྲ་ཤིས། བཀྲ་ཤིས་རྡོ་རྗེ་གསུམ་གྱིས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་སྙིང་དུ་ཆགས་ཡོད་པ་དང་། ནམ་ཟླ་འཁྱག་ཅིང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ལ། དྲོད་འདོན་དུས་ཡུན་རིང་བ་དང་། དགུན་དུས་ཀྱི་དྲོད་འདོན་ཐད་ནས་གཙོ་བོར་རྡོ་སོལ་དང་ནོར་ལུག་གི་ལྕི་བར་བརྟེན་དགོས། དུས་ཡུན་རིང་བོར། སྲོལ་རྒྱུན་དྲོད་འདོན་བྱེད་ཐབས་ཀྱིས་མང་ཚོགས་ཀྱི་ནུས་སྤྱོད་ཆུ་ཚད་ཀྱི་མཐོར་འདེགས་ལ་བཀག་སྡོམ་བྱས་པ་དང་། དེས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱེལ་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡང་ཕན་པ་མེད་པས། 2020ལོ་ནས2021ལོའི་བར། མཚོ་སྔོན་གྱིས་གཙོ་བོར་གྲོང་གསེབ་ཀྱི་གཅིག་བསྡུས་དྲོད་འདོན་སྤེལ་ནས། གྲོང་གསེབ་ཀྱི་གཅིག་བསྡུས་དྲོད་འདོན་བསྒྱུར་བཀོད་ཧ་ལམ་ཡོངས་འགྲུབ་བྱས་ཟེར།
རྒྱལ་ཁབ་པུའུ་དང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་རེ་བ་ལྟར། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་ལག་བསྟར་རང་བཞིན་ཞིབ་འཇུག་སྙན་ཞུ་སྒྲིག་བཟོ་བྱས་པ་དང་། ལས་གཞི་ལག་བསྟར་བྱས་རྗེས་སྲོལ་རྒྱུན་གྱི་དྲོད་འདོན་པའི་རྗེས་ལུས་རྣམ་པ་བསྒྱུར་ཐུབ་པ་དང་། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ། ཞིང་སྡེའི་འཚོ་བའི་རྣམ་པའི་གསར་བརྗེ་ལ་སྐུལ་འདེད་གཏོང་ཐུབ་ལ། དག་གཙང་ནུས་ཁུངས་ཀྱི་དྲོད་འདོན་སྡུར་ཚད་མཐོར་འདེགས་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ལེགས་འཚོ་བ་བསྐྲུན་པའི་ཐད་རྨང་གཞི་བརྟན་པོ་འདིང་ཐུབ། ཡིན་ན་ཡང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་ནུས་ཁུངས་བསྒྱུར་བཀོད་ནི་མ་དངུལ་གཏོང་ཚད་ཅུང་ཆེ་བའི་དམངས་ཚིས་བཟོ་སྐྲུན་ཡིན་ལ། རང་ཞིང་དར་རྒྱས་མིན་པའི་ས་ཁུལ་ཡིན་པ་དང་ནོར་སྲིད་ཀྱི་མ་དངུལ་མི་འདང་བ། སྡོད་དམངས་ཀྱི་ཐེག་ནུས་ཞན་པ་དང་། དེ་དང་མཉམ་དུ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དངོས་ལ་དམིགས་ནས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་རྒྱུའི་གྲོས་གཞི་བཏོན།
འཐུས་མི་ཀྲང་ཀོང་རོང་དང་པད་རྒྱལ་བཀྲ་ཤིས། བཀྲ་ཤིས་རྡོ་རྗེ་བཅས་ཀྱིས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁུལ་ཁོངས་ནང་གི་མཚོ་ལྷོ་དང་རྨ་ལྷོ། མགོ་ལོག ཡུས་ཧྲུའུ་བཅས་ཁུལ་བཞིའི་རྫོང་ཉེར་གཅིག་བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ཀྱི་དག་གཙང་དྲོད་འདོན་ཚོད་ལྟའི་ཁྱབ་ཁོངས་སུ་བཞག་སྟེ། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་གྱི་གློག་ཤུགས་མ་རྩ་ཐད་ཁ་གསབ་བྱེད་པ། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་ལས་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་ལས་གཞིའི་ཇུས་གཞིའི་ཁྲོད་བཞག་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་གློག་སྐྱེལ་དྲ་རྒྱ་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
ལོ་ཙཱ་བ། རིན་ཆེན་མཚོ།