ཚེས་བདུན་ཉིན་གྱི་དགོང་མོར།ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་རྣམས་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས། གཞན་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་བཅས་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གལ་ཆེའི་གསར་འགྱུར་ལ་མཉམ་དུ་བལྟས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།
ཚང་མས་བསམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་རྗེས་སུ་སླར་ཡང་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་ནས་མཚོ་སྔོན་གྱི་འཐུས་མི་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་གནང་བ་དེ་ནི་མཚོ་སྔོན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ཡིན། དེ་བས་ཀྱང་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ལ་གནང་བའི་སྐུལ་ལྕག་ཆེན་པོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བཀོད་སྒྲིག་ཆ་ཚང་ཞིང་དགོངས་པ་གཏིང་ཟབ་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་བ་དེ་ནི་མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་ཞིག་འཛུགས་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གལ་ཆེན་ཞིག་རེད།
ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་ནན་མོ་ཡིད་ལ་བརྟན་པོར་བཅངས་ཏེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱིས་སྤུས་ཚད་མཐོན་པོའི་ངང་ནས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གཅིག་དང་སྤུས་ཚད་མཐོན་པོ་གཉིས་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ནམ་ཡང་མང་ཚོགས་དང་པོར་འཇོག་པ་མཐའ་འཁྱོངས་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་ཏང་ཀྲུང་དབྱང་གིས་དམངས་ཕན་དམངས་ཕྱུག་དང་མཉམ་དུ་ཕྱུག་པོར་འགྱུར་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་འགན་སྲུང་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་སློབ་གསོ་དང་སྨན་བཅོས། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྒན་གསོའི་སྤྱི་ཚོགས་འགན་སྲུང་། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས། ཁྲིམས་བསྟར་ཁྲིམས་འཛིན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་གཙོ་བོ་དག་ལ་དམ་པོར་དམིགས་ཏེ། མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་གཙོ་བོ་གང་ནུས་སྒོས་ཐག་གཅོད་བྱེད་པ་དང་། ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་ལམ་དངོས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་ཐད་ཕན་བདེ་བསྐྲུན་དགོས་ཞེས་བསྟན།
ལོ་ཙཱ་བ།མི་ཕམ་མགོན་པོ།