ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་དྲུག་གིས་རང་སོ་སོའི་ཁྱབ་ཁོངས་ཀྱི་ཚན་ཆུང་གྲོས་ཚོགས་སྟེང་ཞུགས་ཏེ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་སྡུར་ནན་མོ་བྱས།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མངོན་པར་བསྟན་ཡོད་པས། སྙན་ཞུ་དེ་གཉིས་ནི་འགན་གཙང་ལེན་དང་གསར་འབྱེད་གསར་གཏོད། ཁག་ཁུར་བྱེད་ཕྱོགས་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་ངོས་ནས་མོས་མཐུན་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ནན་ཏན་གྱིས་དངོས་འབེབས་བྱས་པར་བརྟེན། ལས་རིམ་ཁག་སོ་སོའི་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད། གཙོ་བོ་གཤམ་གསལ་ཕྱོགས་གསུམ་གྱི་ཐད་མྱོང་སྣང་ཟབ་མོ་ལྡན་ཏེ། གཅིག་ནས་ཆབ་སྲིད་འཛུགས་སྐྲུན་གྱིས་འགན་ནུས་བྱེད་ཕྱོགས་ལ་སྣེ་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་འདྲི་གཅོད་ཞིབ་དཔྱོད་འགན་ནུས་ལ་ཤུགས་བསྣན་ནས། ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་བྱེད་ནུས་གལ་ཆེན་བཏོན། གཉིས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོ་དཀྱིལ་སྙིང་དུ་བཟུང་ནས། ཁྲིམས་ལྟར་འགན་ནུས་སྒྲུབ་པར་བློ་དཀར་གཞུང་དྲང་བྱས་ཏེ། རིམས་ནད་འགོག་སྡོམ་ལ་འགན་སྲུང་དང་ནག་འཇོམས་ངན་སེལ་ལ་རྡུང་རྡེག་ཚ་ནན་བཏང་བ། ཁྲོམ་རའི་དཔལ་འབྱོར་ལ་ཞབས་འདེགས་ཞུས་པ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས་པ། འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དྲང་བདེན་རྒྱུན་བསྲིངས་སོགས་ཀྱི་ཐད་བྱས་རྗེས་གང་ལེགས་བཞག་ཡོད། གསུམ་ནས་བཅོས་སྒྱུར་གསར་གཏོད་འབུར་དུ་ཐོན་པར་བྱས་ཏེ། ས་ཚིགས་གཅིག་གི་རྣམ་པའི་སྣ་མང་འདུམ་འགྲིག་དང་གྱོད་གཏུག་ཞབས་ཞུའི་སྒྲིག་ལུགས་བཙུགས་ཏེ། གྱོད་དོན་ཨང་རིམ་མི་ཚེ་གང་བོའི་ལམ་ལུགས་ལག་བསྟར་བྱས་པ་དང་དྲ་རྒྱའི་ལག་རྩལ་བཀོལ་སྤྱོད་བྱས་པ། དཔུང་སྡེ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པ། གཞི་རིམ་བྱ་བར་སྣེ་སྟོན་བྱས་པ་བཅས་ལ་འབད་དེ། ཁྲིམས་འཛིན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མངོན་སུམ་གྱིས་ཇེ་དྲག་ཏུ་ཕྱིན། ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་བསམ་ཕྱོགས་དང་འོས་འགན་བཀོད་སྒྲིག་གིས་ཁྱོན་ཡོངས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པར་ཞབས་འདེགས་ཞུ་པ་དང་འཐབ་ལམ་གསར་པ་བཏོད་པའི་བཀོད་སྒྲིག་བླང་བྱ་གལ་ཆེན་མངོན་པར་མཚོན་ཡོད་ཅིང་། དམིགས་འབེན་གསལ་བོ་དང་གནད་ས་འབུར་ཐོན། བྱེད་ཐབས་བདེན་ཐུབ་བཅས་ཡིན་པས། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་དགོས་མཁོ་དང་མཐུན་པར་བརྟེན། ང་རང་ངོས་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་འཐད་པ་ཡིན་ལ། དམངས་དོན་ཁྲིམས་གཞུང་བརྒྱད་ལྔའི་བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་ཀྱི་ནང་དོན་གཙོ་བོར་འཇོག་དགོས་པའི་བསམ་འཆར་བཏོན་པ་ཡིན་ཟེར།
ཨུ་ཡོན་ལིག་ཐུང་ཏི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་དང་ཁྲིམས་སྐྱོང་གི་རང་རྟོགས་མཐོན་པོར་བརྟེན་ནས། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པར་ཞབས་འདེགས་ཞུས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། མི་དམངས་ལྟེ་བ་ཡིན་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་གཞག་གི་ཚོར་བ་རྙེད་པར་འབད་པ་དང་། ཁྲིམས་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། གྱོད་གཏུག་མིན་པ་སྔོན་ལ་བཞག་ནས་རྩོད་གླེང་ཐག་གཅོད་བྱས་པར་བརྟེན། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་། ཁོས་བསམ་འཆར་བཏོན་དོན། མི་རིགས་སློབ་གླིང་དང་གཞི་རིམ་ཁྲིམས་ཁང་གི་སྐད་གཉིས་འཇོན་ཐང་མི་སྣ་གསོ་སྐྱོང་གི་རྣམ་པ་མགྱོགས་མྱུར་ངང་འཛུགས་སྒྲུབ་བྱས་ཏེ། རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱ་བར་སྲིད་ཇུས་ཀྱི་རོགས་སྐྱོར་གང་ལེགས་བྱེད་དགོས།
ཨུ་ཡོན་མཱ་ཀྲི་ཝེ་ཡིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་འཛིན་དྲང་གཞག་གི་རྣམ་པ་འབུར་དུ་ཐོན་པར་བྱས་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་གྲངས་སྐོར་མང་པོ་བཀོལ་བ་དང་གྱོད་དཔེ་རེ་རེའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པར་མ་ཟད། འོས་འགན་རེ་རེ་དང་བྱེད་ཕྱོགས་རེ་རེ་བཀོལ་ནས་མ་འོངས་པར་འཆར་འགོད་བཟོས་ཏེ། སྤྱི་ཚོགས་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་སྲུང་འཛིན་བྱེད་པའི་འགན་ནུས་རྣམ་པ་བཟང་བོ་བཏོད་དེ། བཤད་སྟོབས་ནུས་པ་དང་མཛུབ་སྟོན་རང་བཞིན། ལག་བསྟར་བྱེད་རུང་གི་རང་བཞིན་བཅས་ཆེན་པོ་ལྡན་ཟེར།
གྲོས་སྡུར་ཁྲོད་དུ། མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་དྲུག་གིས་གཅིག་རྗེས་གཅིག་གིས་མཐུད་དེ་གཏམ་བཤད། ཚང་མས་བསྟན་དོན། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ལངས་ཕྱོགས་གསལ་བས། དེ་ནི་མི་དམངས་ལྟེ་བར་འཛིན་པ་དང་ཆབ་སྲིད་རྩ་འཛིན་དུ་བརྩི་བ། རྩ་ཁྲིམས་གཙོ་གནད་དུ་འཛིན་པ། བཅའ་ཁྲིམས་ཚད་ཤིང་དུ་འཛིན་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། རང་ངོས་ནས་མོས་མཐུན་ཡོད་ཟེར།
ལོ་ཙཱ་བ།བན་དེ་སྐྱབས།