གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཉིན་གུང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གནམ་གྲུར་བསྡད་དེ་ཕྱིར་ཟི་ལིང་དུ་ལོག
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྐབས་སུ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་དྲུག་གིས་ཆབ་སྲིད་ཀྱི་བརྩེ་སེམས་ཆེན་པོ་དང་འགན་སྒྲུབ་སྣང་བརྙན་བཟང་བོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་རྩོམ་པར་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ། མཉམ་དུ་ཚོགས་ཆེན་ལ་གྲོས་གཞི་དོན་གསུམ་སྤྲད་པ་དང་། ནང་དོན་ཐད་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར། སྐྱེ་ཁམས་སྲུང་སྐྱོབ། ཁུལ་ཁོངས་མཉམ་ལས་འཕེལ་རྒྱས་སོགས་འདུ།
ཨུ་ཡོན་ཚོས་མཐའ་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། སྙིང་སྟོབས་ཆེན་པོ་དང་རྣམ་པ་བཟང་བོས་ལོ་གསར་བའི་འགན་སྒྲུབ་བྱ་བའི་ཁྲོད་ཞུགས་པ་དང་། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པའི་ཐད་སེམས་ཤུགས་གཅིག་ཏུ་བསྡུ་དགོས་ཟེར།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པ་རུ་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། ང་ཚོར་དྲོད་ཁོལ་སྦྱིན་པ་དང་། སྤོབས་སེམས་སྔར་ལས་ཆེ་རུ་བསྐྱེད་སོང་། ཕྱིར་ཡོང་རྗེས་ཀྱི་ལས་འགན་གཙོ་བོ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་པ་དང་། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཆེད་ཀུན་གྱིས་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་ཡིན་ཟེར།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཧན་ཝུན་ལེན་གྱིས་བཤད་རྒྱུར། ངས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ཉིན་རྒྱུན་གྱི་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ནས། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གྲུབ་འབྲས་གསར་བ་ལེན་རྒྱུ་ཡིན་ཟེར།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཧའེ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྤོབས་པ་ཆེ་རུ་བསྐྱེད་སོང་། བཅའ་ཁྲིམས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་འཛིན་ལག་ལེན་ཁྲོད་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྩི་འཇོག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་ཕྱོགས་ནས་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།