སྤེལ་དུས།2021.03.12 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
45
0

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས། ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ། ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ཚོགས་ཆེན་ཐོག་སྲིད་གཞུང་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་གཞི་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་། ཚོགས་ཆེན་ཐོག་རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་དང་རྒྱལ་ཡོངས་དམངས་ཆེན་གྱི་དོན་གྲོས་ལམ་སྲོལ་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང73པ་དང74པར་མཚན་རྟགས་བཀོད་ནས་ཡོངས་བསྒྲགས་གནང་། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

མཇུག་སྒྲིལ་ཚོགས་ཆེན་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀུན●དབྱི་མིང་པ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མེང་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི2953དང་། དངོས་སུ་ཞུགས་པའི་འཐུས་མི2896ཡོད་ལ། འཐུས་མི57ཞུགས་མེད་པ་དང་། གྲོས་ཚོགས་སུ་ཞུགས་པའི་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཕྱི་དྲོའི་དུས་ཚོད3གྱི་སྟེང་། ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུ་ནང་བཏོན་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་དང2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། བྱ་བའི་བཀོད་སྒྲིག་བཅས་ལ་འཐད་པ་བྱུང་སྟེ། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གྲོས་ཆོད་ཀྱིས་བསྟན་དོན། གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུར་འཐད་པ་བྱུང་སྟེ། འཆར་འགོད་རྩ་གནད་དེར་ཆོག་མཆན་གནང་རྒྱུ་ཐག་བཅད། གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡང་དག་པར་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་མགྱོགས་མྱུར་གྱིས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་པ། དཔལ་འབྱོར་བརྟན་བརླིང་ངང་རྒྱང་རིང་དུ་སྐྱོད་པ་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་ཡོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་བཟང་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་དགོས།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་དང་རྒྱལ་ཡོངས་དམངས་ཆེན་གྱི་དོན་གྲོས་ལམ་སྲོལ་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཐག་གཅོད་འདི་གཉིས2021ལོའི་ཟླ3པའི་ཚེས12ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཐག་བཅད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ》སོ་སོར་གཏན་འབེབས་དེ་གཉིས་ལ་གཞིགས་ནས་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ནས་བསྐྱར་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཆོད་དོན་དེ་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་བཀོད་པ་དང་། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་བཀོད་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད་ལ། 2021ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་བཀོད།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། གྲོས་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། སྙན་ཞུའི་ནང་བཏོན་པའི་རྗེས་ཕྱོགས་ཀྱི་ལོ་གཅིག་རིང་གི་ལས་འགན་གཙོ་བོར་འཐད་པ་བྱུང་སྟེ། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། སྙན་ཞུ་དེ་གཉིས་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

དེའི་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ཁོང་གིས་གསུང་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་འཐུས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། གྲོས་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་གསར་པར་གདེང་འཇོག་མཐོན་པོ་གནང་ཡོད་ལ། དེས་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་སྙིང་ཐག་པ་ནས་གོང་བཀུར་བྱེད་ཀྱིན་པ་མཚོན་ཡོད། གྲོས་ཚོགས་ཐོག་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་དང་།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་དམངས་ཆེན་གྱི་དོན་གྲོས་ལམ་སྲོལ་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་བཏོན་པར། འཐུས་མི་ཡོངས་འཐད་པ་ཆེན་པོ་བྱུང་ནས། ཞང་ཀང་གི་སྤུན་ཟླ་རྣམས་འདུས་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་། ཞང་ཀང་གི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་། དམངས་ཆེན་བྱ་བས་འགན་འཁྲིའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། ངེས་པར་དུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་སྔར་ལས་རང་རྟོགས་ཀྱི་སྒོ་ནས་དར་ཆ་གསལ་སྒྲེང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དམངས་ཆེན་བྱ་བར་སྤྱི་འདོམས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་བྱ་བ་དེ་ཁ་ཕྱོགས་ཡང་དག་པའི་ཐོག་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་པ་དང་། དར་ཆ་གསལ་སྒྲེང་གིས་ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་མགོ་ཁྲིད་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། ཏང་གི་ལངས་ཕྱོགས་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདུན་པ་དང་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་དུ་འགྱུར་བར་བྱས་ཐོག ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། ཇུས་ཆོད་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་ནུས་ལྡན་སྒོས་ལག་བསྟར་བྱ་རྒྱུར་ཁག་ཐེག་བྱེད་དགོས། དར་ཆ་གསལ་སྒྲེང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་རྒྱུ་སྔར་ལས་རང་རྟོགས་ངང་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་དང་ཆབ་སྲིད་ཀྱི་ཁག་ཐེག་ནུས་ལྡན་མཁོ་འདོན་བྱེད་དགོས། དར་ཆ་གསལ་སྒྲེང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ། ཁྲིམས་བཟང་པོར་བརྟེན་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལ་འདེགས་སྐྱོར་དང་འགན་སྲུང་བྱེད་པ། དར་ཆ་གསལ་སྒྲེང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས་ཇུས་འགོད་དང་བྱ་བ་སྒྲུབ་པ། ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་ཏུ་བསྟར་ནས། དམངས་ཆེན་གྱི་འགན་ནུས་ཡང་དག་དང་ནུས་ལྡན་ངང་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་བྱ་བ་གང་དུ་ཡོད་ན། དམངས་ཆེན་གྱི་བྱ་བ་དེ་གར་སྤེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་གང་ཡིན་ན། དམངས་ཆེན་བྱ་བའི་གཙོ་གནད་དེ་གར་བཀོད་སྒྲིག་བྱེད་དགོས། དར་ཆ་གསལ་སྒྲེང་གིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ། འཐུས་མིར་བརྩི་བཀུར་དང་། འཐུས་མིར་བརྟེན་པ། འཐུས་མིར་ཞབས་འདེགས་ཞུ་བ་བཅས་བྱས་ནས། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ནང་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་དོན་འཁྱོལ་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་གསུང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུ་བའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་མཚམས་འདིར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་རང་འགན་འཁྲི་སྒྲུབ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཕྱི་དྲོའི་ཆུ་ཚོད3དང་སྐར་མ43ཐོག་ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བ་ཁྱབ་བསྒྲགས་གནང་།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་ལ་ད་དུང་ཏེན་ཞུའེ་ཞང་དང་ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིན་ལིས། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཚོགས་ཆེན་ལ་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོས་ཚོགས་ཆེན་ལ་ཟུར་ཉན་བྱས།


རྩོམ་སྒྲིག་པ། ཕྱུག་ལོ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།