
བོད་ལུགས་ལོ་སར་གྱི་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ཐང་གྲོང་རྡལ་ཉི་ཧྲི་སྡེ་བ་རུ། དབུལ་ཐར་ཁྱིམ་ཚང་གཡང་འཛོམས་ལ་ཁོམ་པ་བྱུང་ནས་ནང་མི་དང་མཉམ་དུ་ཐབ་འགྲམ་དུ་བསྡད་ནས་འཚོ་བའི་འགྱུར་ལྡོག་གླེང་བཞིན་མཆིས།
“2018ལོའི་སྔོན་ལ་ངས་ཤིང་ཏོག་ཁྲེ་ལི་ཙེ་ཟེར་བ་ཐོས་མ་མྱོང་ལ་ཟ་རྒྱུ་དེ་བས་བཤད་མི་དགོས། 2019ལོར་རང་ཉིད་ཀྱིས་བཏབ་པའི་ཤིང་ཏོག་ཁྲེ་ལི་ཙེ་ཐེངས་དང་པོ་ཟོས་པ་དང་བྲོ་བ་ཧ་ཅང་ཞིམ”ཟེར། ལོ་ཉེར་གཉིས་ལ་སླེབས་པའི་གཡང་འཛོམས་ལ་མཚོན་ནས་བཤད་ན། ཁྱིམ་དུ་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་རོལ་བ་དང་། ནས་དང་ཞོག་ཁོག་ཁོ་ན་འདེབས་པ་ལས་ཤིང་ཏོག་ཁྲེ་ལི་ཙེ་ལ་ཆ་རྒྱུས་གཏན་ནས་མེད། ད་ལྟ། སྡེ་བའི་ནང་དུ་ཤིང་ཏོག་ཁྲེ་ལི་ཙེའི་རྟེན་གཞི་བཙུགས་ནས་ཤིང་འབྲས་ཡག་པོ་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ཡང་ཤེས་ནས་ཉིན་ལྟར་ཡོང་འབབ་སྒོར་བརྒྱ་དང་ཉི་ཤུ་ཙམ་ལེན་བཞིན་ཡོད།
ཐོན་ལས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ན། ཡོང་འབབ་འཕར་སྣོན་གྱི་གོམ་སྟབས་བརྟན་པོ་ཡིན། “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཁྱད་དབུལ་ས་ཁུལ་དུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་དེ་སྔོན་འདེབས་འཛུགས་བྱས་པའི་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་ལ་ཚད་ཡོད་པས་མུའུ་རེའི་ཐོན་འབབ་ཅུང་དམའ། གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་ལག་བསྟར་བྱས་པ་ནས་བཟུང་། ས་གནས་དེ་གས་གནམ་གཤིས་ཐོན་ཁུངས་ཀྱི་ཁྱད་སྟོབས་སྔོག་འདོན་བྱས་ནས། ཞིང་ལས་ཁེ་ལས་ནང་འདྲེན་བྱས་ཏེ་མང་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་ཤུགས་ཆེན་བྱས།
“མཐོ་སྒང་གི་ཤིང་ཏོག་ཁྲེ་ལི་ཙེའི་སྤུས་ཚད་ཧ་ཅང་བཟང་། རྒྱུ་མཚན་ནི་ས་རྒྱུ་སོབ་སོབ་དང་འོད་འདང་ངེས་ཡོད་པ། ནད་དང་འབུའི་གནོད་འཚེ་ཉུང་བ། མཁའ་དབུགས་དང་ཆུ་ཁུངས་ཡག་པོ་ཡོད་པ་བཅས་ཀྱི་རྐྱེན་གྱིས་རེད”ཅེས་ཀོས་ཀྲིག་དང་ཨོ་སི་ཁྲུ་ལི་ཡའི་སེམས་ཀྱི་ཉི་ཟླའི་གླིང་ཁུལ་གྱི་སྤྱི་གཉེར་བ་ཧྲིན་ཡུས་ཧའོ་ཡིས་དེ་ལྟར་བཤད། 2018ལོར་ཀུང་སིས་སྡེ་མིའི་ལག་ནས་ས་ཞིང་མུའུ་སྟོང་གཅིག་བཞི་བརྒྱ་ཉེར་བརྒྱད་གཞན་སྒྱུར་བྱས་ཏེ་གླིང་ཁུལ་བསྐྲུན་པ་དང་། སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བསྡུ་སྒྲིག་བྱས་ནས་ཁེ་ལས་ལ་སྡོང་ཕྲུག་ཉོས་ཏེ་ཐོན་ལས་ཅན་གྱི་འདེབས་འཛུགས་བྱ་རྒྱུའི་མངགས་བཅོལ་བྱས་ཡོད། མིག་སྔར། ཤིང་ཏོག་ཁྲེ་ལི་ཙེའི་སྡོང་རྐང་ཁྲི་བདུན་ལྷག་ཙམ་སྐྱེ་འཚར་ཡག་པོ་བྱུང་ཡོད། རྟེན་གཞིའི་ནང་ད་དུང་སྡེ་མི་བཞི་བཅུ་ལྷག་ཙམ་བསྡུས་ནས་ཡུན་རིང་གླ་བྱེད་བཞིན་ཡོད་པ་དང་། ཞིང་ལས་ལ་བྲེལ་བ་ཆེ་སྐབས་གླ་པ་མི་བརྒྱ་ལྷག་ཙམ་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་ཐར་གྱི་རྩ་བའི་ཐབས་ཇུས་ཤིག་རེད། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་དབུལ་ཕོངས་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་བ་དང་། དེའི་ཁྲོད“ས་ཁུལ་གསུམ་དང་ཁུལ་གསུམ”སོགས་ཁྱད་དབུལ་ས་ཁུལ་ཚུད་ཡོད་པ་དང་། དབུལ་ཕོངས་ཡུལ་ཚོ་དང་སྡེ་བ་མང་པོ་ཞིག་ལ་ཁྱད་ལྡན་ཐོན་ལས“མེད་པ་ནས་ཡོད་པའི”ལོ་རྒྱུས་ཀྱི་ཐོད་བརྒལ་བྱུང་། ལེའང་ཧྲན་གྱི་གཡེར་མ་དང་རྒྱལ་མོ་རྔུལ་ཆུའི་ཀ་ཀོ་ལ། བོད་ཁུལ་གྱི་ནས་དང་ནོར་གནག་སོགས་ཀྱི་ཁྱད་ལྡན་མིང་གྲགས་ཐོན་རྫས་སྐོར་ཞིག་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་སོ་སོའི་དབུལ་སྐྱོར་གཙོ་ཁྲིད་ཐོན་ལས་གཉིས་ནས་གསུམ་བསྐྲུན་ཡོད།
“ཐོན་ལས་དབུལ་སྐྱོར་དེ་ཁྱབ་རྒྱ་ཆེས་ཆེ་བ་དང་། སྣེ་ཁྲིད་བྱས་པའི་མི་གྲངས་ཆེས་མང་བ། རྒྱུན་མཐུད་རང་བཞིན་ཆེས་དྲག་པའི་དབུལ་སྐྱོར་བྱེད་ཐབས་ཤིག་ཏུ་གྱུར་ཡོད” ཅེས་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཧོན་ཞིན་གྱིས་དེ་ལྟར་བཤད་པ་དང་། མངགས་ཐོ་ལྟར་ཐོན་སྐྱེད་བྱེད་པ་དང་ས་ཞིང་འཁོར་རྒྱུག ཐོན་སྐྱེད་ཚབ་གཉེར། རང་ས་གནས་སུ་ཞོར་ལས་གཉེེར་བ། མ་རྐང་མཉམ་ལས། རྒྱུ་ནོར་བོགས་གཏོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། རྒྱལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་བརྒྱ་ཆའི་དོན་གཉིས་དང་རྣམ་པ་གསར་བའི་ཞིང་ལས་གཉེར་སྐྱོང་བྱེད་ཐབས་གསར་པའི་དབར་ཁེ་ཕན་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་པ་དང་། བརྒྱ་ཆའི་བདུན་ཅུ་ཡན་གྱི་དབུལ་ཕོངས་ཁྱིམ་ཚང་ལ་ཐོན་སྐྱེད་མཛུབ་ཁྲིད་དང་ལག་རྩལ་གསོ་སྦྱོང་དང་ལེན་བྱས་ནས། རིམ་རྩིས་བྱས་ན་ཐོན་ལས་སྣ་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་འབུམ་དགུ་ལྷག་གསོ་སྐྱོང་བྱས་ཡོད།
ཀྲུང་གོ་དང་འབར་མའི་མཐའ་མཚམས་སུ་གནས་པའི་ཡུན་ནན་ཞིང་ཆེན་ལན་ཚང་རྫོང་ནི“ཐད་བརྒལ་མི་རིགས”ལྷ་ཧུའུ་རིགས་ཀྱི་མང་ཚོགས་འདུས་སྡོད་བྱེད་པའི་རྫོང་དབུལ་པོ་ཞིག་རེད། 2015ལོར་ཀྲུང་གོ་བཟོ་སྐྲུན་གླིང་གིས་ལན་ཚང་རྫོང་དེ་ཡོན་ཧྲིའི་ཆེད་མཁས་ཀྱི་ཚན་རྩལ་དབུལ་སྐྱོར་བྱ་ཡུལ་དུ་གཏན་འཁེལ་བྱས་རྗེས། ཡོན་ཧྲིའི་ཆེད་མཁས་ཚོགས་པས་རྒྱུན་དུ་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་ནས་ས་གནས་དེ་གར་དགུན་དུས་ཞོག་ཁོག་འདེབས་རྒྱུར་འཚམ་པ་ཤེས་རྟོགས་བྱུང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲུའུ་ཡུག་ཡུང་གི་ཚོགས་པས་ས་བོན་གསར་པ་ནང་འདྲེན་དང་འདེབས་འཛུགས་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ལ་ཞོག་ཁོག་སྤུས་དག་འདེབས་པར་སྐུལ་ཁྲིད་བྱས།
ན་ནིང་རིམས་ནད་ཀྱི་རྐྱེན་གྱིས་སྲོལ་རྒྱུན་གྱི་ཚོང་ལས་ཐབས་ལམ་ལ་བཀག་རྐྱེན་ཐེབས། ཀྲུའུ་ཡུག་ཡུང་གིས“ཡོན་ཧྲིས་ཚོང་ཟོག་བཙོང་བའི”བྱེད་སྟངས་ཚོད་ལྟ་བྱས་ནས། “སྤྲིན་རྩིས”ཐོག་བསྐྱོད་དེ་དྲ་ཐོག་ཚོང་དོན་སྟེགས་བུའི་སྟེང་ཞོག་ཁོག་ཐད་གཏོང་བྱས་པ་རེད། དུས་ཚོད་གཅིག་གི་རིང་ཐད་གཏོང་བྱས་པ་ལས་མི་ཐེངས་འབུམ་ལྔ་དང་ཁྲི་བཞི་ཡི་དྲ་དམངས་ཀྱིས་བལྟས་པ་དང་། ཉིན་དེར་སློག་པའི་ཞོག་ཁོག་ཏུན་ཉེར་ལྔ་ཚང་མ་བཙོང་ཚར།
“དབུལ་ཕོངས་ས་ཁུལ་དུ་ངེས་པར་དུ་ཐོན་སྐྱེད་དང་ཕྱིར་འཚོང་གི་ཐོན་ལས་ལ་ཤུགས་རྒྱག་དགོས།”ཀྲུའུ་ཡུག་ཡུང་གིས་ཞ་ཐེན་ནས་ཐད་གཏོང་བྱེད་པ་ནི་ཞིང་བ་ཁྱིམ་ཚང་ལ་དྲ་ཐོག་ཚོང་དོན་གཉེར་སྐྱོང་གི་ཉམས་མྱོང་ཐད་ཀར་ཁྱབ་གདལ་གཏོང་བའི་བྱ་ཐབས་བཟང་པོ་ཞིག་རེད་ཟེར།
ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་ནི་རྨང་གཞི་ཡིན་ཞིང་། མང་པོ་བཙོང་ཐུབ་ན་གཞི་ནས་ཕན་འབྲས་ཐོན་ཐུབ། ཉེ་བའི་ལོ་འགའི་རིང་ལ། ཞིང་ལས་ཞིང་སྡེ་པུའུ་ཡིས་དབུལ་ཕོངས་ས་ཁུལ་ལ་དམིགས་ཏེ། ཞིང་ལས་ཐོན་རྫས་བྲིན་ཚོང་འོས་སྦྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྡེབ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། དྲ་ཐོག་ཚོང་དོན་སྟེགས་བུ་བཅས་དང་དབུལ་ཕོངས་ས་ཁུལ་དབར་གྱི་གནད་འཁེལ་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང་། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་འཐུས་ཚང་དུ་བཏང་བ། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཞིང་སྡེ་ནས་གྲོང་ཁྱེར་ལ་ཐོན་ཏེ་རིན་གོང་ཡག་པོ་རག་རྒྱུར་སྐུལ་འདེད་བཏང་།
ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྗེས་ཕྱོགས་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་སྒོས་ཁྱབ་པ་ནས་ཡུན་རིང་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ནས་དབུལ་ཐར་ས་ཁུལ་ཡོངས་ལ་ཁྱབ་པ་དང་ཕན་པ་ཐོབ་པའི་བར་འགྱུར་ལྡོག་གཏོང་རྒྱུར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། རྒྱབ་སྐྱོར་གྱི་འདེབས་གསོའི་དུས་རིམ་གཙོ་བོ་ནས་ཐོན་ལས་ཧྲིལ་པོར་རྒྱ་སྐྱེད་གཏོང་བའི་བར་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།