—— ཚྭ་འདམ་གཞོང་ནས་འབྱོར་བའི་ལས་གཏོད་སྙན་ཞུ་ཞིག
མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དུ་ཆགས་པའི་ཚྭ་འདམ་གཞོང་ནི་མི་མེད་ས་སྟོང་ཞིག་ དང་མྱ་ངམ་བྱེ་ཐང་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་ཚྭ་མཚོའི་གཏེར་མཛོད་ཅིག་དང་རི་ཀླུང་གིས་བརྒྱན་པའི“རིན་ཆེན་སྤོང་མཛོད” ཅིག་དང་ཡིན་ངེས།
དུས་རབས20པའི་ལོ་རབས50བ་ནས་བཟུང་། མྱ་ངམ་ཐང་དུ་བསྐྲུན་པའི་མཚོ་བོད་གཞུང་ལམ་དང་ཡང་ན་གནས་དེར་གསར་སྤེལ་བྱས་པའི་ཚྭ་ཞིང་གང་ཡིན་རུང་། འབད་འཐབ་པ་ཚོས་ལོ་ངོ་70ཡི་རིང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་དུ་མར་བག་ལ་གཞའ་བའི་ཚྭ་འདམ་གཞོང་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྦྱིན་དེ། གནམ་ས་འགུལ་བའི་ལས་གཏོད་ཀྱི་ངོ་མཚར་རྣམ་ཐར་གསར་དུ་བྲིས་ནས། མྱ་ངམ་ཐང་སྟོང་དེར་འཕེལ་རྒྱས་ཀྱི་ལམ་བུ་ཆེན་པོ་ཞིག་གསར་དུ་བཏོད།
དུས་རབས20པའི་ལོ་རབས50པར། མཚོ་བོད་གཞུང་ལམ་གྱི་ལམ་ལས་པ་སྐོར་དང་པོས་ཚྭ་འདམ་གཞོང་ནས་མེས་རྒྱལ་གྱི་ནང་ལོག་དང་གངས་ལྗོངས་ས་མཐོའི་བར་འགྲིམ་འགྲུལ་གྱི་འབྲེལ་ཟམ་བསྐྲུན་པ་བརྒྱུད། ཚྭ་འདམ་གཞོང་གི་ཆེས་ཆེ་བའི་གྲོང་ཁྱེར་སྟེ་ན་གོར་མོ་ཡང་དེ་ལྟར་བྱུང་སོང་།
ལམ་ལས་རྗེས་དེར་བདག་སྐྱོང་བྱེད་དགོས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ན་གཞོན་མང་པོ་ཞིག་མཚོ་བོད་གཞུང་ལམ་གྱི་འགྲམ་རྒྱུད་དུ་འཛོམས་ཏེ་རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་ཡོད་ཚད་མཚོ་བོད་གཞུང་ལམ་དང་དམ་དུ་སྦྲེལ་ཡོད།
ལོ81ལ་སླེབས་པའི་ཝུའུ་ཀྲན་རུའེ་ཡི་ལང་ཚོའི་དྲན་ཤེས་ཀྱང་གནས་དེར་བཞག་ཡོད།
1964ལོར་ལོ22ལ་སླེབས་མ་ཐག་པའི་ཝུའུ་ཝུའེ་ཡི་ན་གཞོན་ཝུའུ་ཀྲན་རུའེ་དང་ཕ་ཡུལ་གཅིག་པའི་ཀན་སུའུ་ཡི་ཡུལ་མི150ལྷག་གིས་ན་གོར་མོ་བརྒྱུད་ནས་ས་བབ་མཐོ་ ཚད་སྨི་4400ལྷག་གི་སྨུག་པ་ལ་སྒང་དུ་འབྱོར་ཏེ་གནས་གཅིག་པུ་དེ་ནས་ལོ་བཅོ་ལྔར་དཀའ་སྤྱད་ལས་ལ་གཞོལ་བ་རེད།
“སྐབས་ཐོག་དེར་ཏང་ཀྲུང་དབྱང་གི་འབོད་སྐུལ་ལྟར་བོད་ལྗོངས་ལ་རོགས་སྐྱོར་དང་མཚོ་བོད་གཞུང་ལམ་ལ་བདག་སྐྱོང་བྱེད་པར་ཡོང་བ་ཡིན། དེར་འགྲོ་ཐུབ་ན་དངོས་གནས་གཟི་བརྗིད་ཅིག་རེད”། ཝུའུ་ཀྲན་རུའེ་ཡིས་སྐབས་དེའི་ལོ་ཟླའི་གནས་ཚུལ་ད་དུང་ཡང་གསལ་པོར་ངེས་ཀྱི་ཡོད།
“ཐོག་མར་གནས་དེར་ཐོན་དུས། ཚང་མ་ལྕགས་ཀྱིས་བཟོས་པའི་སྟབས་བདེའི་ཁང་པའི་ནང་དུ་འདུག་དགོས་པས། དགུན་ཁར་ཙག་སེར་བུས་རུས་རྐང་གཟེར་ཞིང་དབྱར་ཁར་ཚ་དྲོད་ཆེ་བས་རྔུལ་ཆུ་བཞུར་ངེས། ཡིན་ནའང་ལྕགས་བཟོས་ཁང་པ་ནི་ང་ཚོའི་འཐབ་ཡུལ་གྱི་འཛིང་རགས་ལྟ་བུ་ཡིན་པས། དེ་གང་དུ་སྤོས་ཚེ་ང་ཚོའི་ལས་ཀ་ཡང་དེ་ནས་བྱེད་དགོས་བ་རེད་ཅེས་ཝུའུ་ཀྲན་རུའེ་ཡིས་དེ་ལྟར་བཤད་བྱུང་།
ལོ74ལ་སླེབས་པའི་ཚྭ་མཚོའི་སྡེ་ཚོགས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བ་ཝང་ཞིས་ཁྲིན་ནི1981ལོར་དམག་དཔུང་ནས་ལས་སྒྱུར་བྱས་རྗེས་ཚྭ་འདམ་གཞོང་གི་ཚྭ་མཚོ་དཀར་མོར་ལས་ཀ་བྱེད་པར་ཡོང་བ་རེད། དེ་ནི་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་ཡིན་པ་དང་། དུས་རབས20པའི་ལོ་རབས50པའི་ནང་རྩད་ཞིབ་གསར་སྤེལ་བྱས་པ་ནས་ད་ལྟའི་བར་ཀྲུང་གོའི་གཏེར་ལས་རྟེན་གཞི་གཙོ་བོའི་གྲས་ཤིག་རེད།
“སྐབས་དེར་ང་ཚོས་ཚྭ་མཚོ་དཀར་མོའི་ཚྭ་ཞིང་སྐྲུན་སྐབས་ལྕགས་བཟོས་ཁང་པ་12དང་། ས་བརྐོ་འཕྲུལ་ཆས10 ། ལྕགས་གཞོང་རླངས་འཁོར10ལྷག་ཙམ་བཅས་ཡོད”། དམག་དཔུང་གི་སྤྱོད་ཚུལ་ལེགས་པོར་བརྟེན་ནས་ཝང་ཞིས་ཁྲིན་དང་ལས་རོགས་ཚོས་ཉིན་རེ་རེར་ཆུ་ལྷམ་གྱོན་ནས་ཚྭ་ཆུའི་ནང་ལས་ཀ་བྱེད་དགོས་པ་རེད།
“མེས་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་ཆེད། ཚང་མས་ཧུར་ཐག་གིས་ལས་ཀ་ལས་ཀྱིན་ཡོད། ང་རང་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་དེ་བས་ལྷོད་གཡེང་བྱེད་མི་རུང”། ཚྭ་མཚོའི་རྟེན་རྫས་བཤམས་སྟོན་ཁང་ནས་ཝང་ཞིས་ཁྲིན་གྱིས་ལྕགས་བཟོས་ཁང་པའི་པར་ལ་མཛུབ་མོ་བཙུགས་ཏེ“འཛིང་རགས་བསྐྲུན་ཟིན་པས་དགྲ་བོ་སྟོབས་ཆེན་གང་ཞིག་ཡིན་རུང་ཚང་མ་རྩ་མེད་བཟོ་དགོས”ཞེས་དེ་ལྟར་བཤད་བྱུང་།
ཚྭ་མཚོ་དཀར་མོའི་འགྲམ་གྱི་ཚྭ་མཚོའི་རྟེན་རྫས་བཤམས་སྟོན་ཁང་དུ་པར་རྙིང་འགའ་ཉར་ཚགས་བྱས་ཡོད་ཅིང་། ཁང་ལེབ་འགྲམ་དུ་ལྗིད་ཐེག་རླངས་འཁོར་ལྗང་གུ་འགའ་བཞག་ཡོད། མི་རྣམས་ཀྱིས་རླངས་འཁོར་དེ་དག་ལས་དངོས་ཟོག་འབེབས་བཞིན་གདོང་ལ་འཛུམ་གྱིས་ཁེངས་ཡོད།
“ལྗིད་ཐེག་རླངས་འཁོར་ལྗང་གུ་སླེབས་ཚེ། ང་ཚོས་སྔོ་ཚོད་གསར་བ་ཟ་ཐུབ”ཅེས་ལོ་58ལ་སླེབས་པའི་ཚྭ་མཚོའི་སྡེ་ཚོགས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ལིག་ཁྲོན་རུང་གིས་དགོད་ཞོར་དུ་དེ་ལྟར་བཤད་བྱུང་།
“ལྗིད་ཐེག་རླངས་འཁོར་ལྗང་གུས་བསྐྱལ་ཡོང་བ་ནི་སྔོ་ཚོད་གཅིག་པུ་མིན་པར་ང་ཚོར་སྔར་ལས་སྟོབས་ཤུགས་ཆེན་པོ་འདོན་པར་སྐུལ་ལྕག་གནང་བ་དང་ཀུན་ནས་མཚུངས། རླངས་འཁོར་མཐོང་ཐེངས་རེར་ང་ཚོས་ལས་རིམ་དང་པོ་བསྐྲུན་ནས་ཕན་འབྲས་བཟང་པོ་ཐོབ་ཚེ་ཉིན་ལྟར་སྔོ་ཚོད་གསར་བ་ཟ་ཐུབ་པར་བསམ་ཀྱིན་ཡོད”ཅེས་ལིག་ཁྲོན་རུང་གིས་དེ་ལྟར་བཤད་བྱུང་།
1989ལོའི་ཟླ5པར་ཅཱ་ལུད་བཟོ་གྲྭའི་དུས་ཐེངས་དང་པོའི་བཟོ་སྐྲུན་ལོ་གཅིག་སྔ་སྣུར་སྒོས་ལེགས་འགྲུབ་བྱུང་ནས་འཁོར་ཁང་དང་ཐོན་སྐྱེད་ཀྱི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཚྭ་མཚོའི་ཅཱ་ལུད་ཀྱི་ཐོན་འབབ་སྐས་རིམ་གསར་པར་སླེབས་པ་མ་ཟད། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཀྱང་བྱེད་འགོ་ཚུགས། “ལོ་དེ་ནས་བཟུང་། ང་ཚོའི་ཚྭ་མཚོའི་གཏེར་ཁུལ་གྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད”ཅེས་ལིག་ཁྲོན་རུང་གིས་དེ་ལྟར་བཤད་བྱུང་།
དུས་རབས20པའི་ལོ་རབས80པའི་དུས་དཀྱིལ་དུ། མཚོ་བོད་གཞུང་ལམ་ལ་སྣུམ་ལམ་བཏིངས་པ་དང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཡང་སྔར་ལས་ཇེ་མང་དུ་སོང་ཡོད།
རྟ་དྲེལ་རུ་ཁག་ནས་ལྗིད་ཐེག་རླངས་འཁོར་བར་དང་། མི་ཤུགས་ནས་འཕྲུལ་འཁོར་བར་ མི་རབས་དུ་མའི་ཚྭ་འདམ་པ་རེ་རེས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་ཕུགས་འདུན་ཆེན་པོ་བཅངས་ནས་མྱ་ངམ་ཐང་དེར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ངོ་མཚར་བཏོད་ཡོད།
འབྱུང་འགྱུར་གྱི་ཚྭ་འདམ་གསར་གཏོད་ཀྱི་གོ་སྐབས་ཁོ་ཚོའི་ལག་ཏུ་ཡོད།
ཚྭ་མཚོའི་སྡེ་ཚོགས་ཚན་ཞིབ་གསར་སྤེལ་ལྟེ་གནས་ཀྱི་བཟོ་བཀོད་པ་ཀྲང་ཅོན་གྱིས་ཉི་སྒྲིབ་ཞྭ་མོ་ཆེན་པོ་ཞིག་གྱོན་ནས་གྲང་རླུང་གི་ཁྲོད་གཞི་གྲངས་ཐོ་འགོད་བྱེད་བཞིན་ཡོད། སྐར་མ་ཁ་ཤས་མ་སོང་བར་ཁོ་མོའི་ལག་པ་གྲང་ནས་དམར་པོར་གྱུར་སོང་།
ལོ33ལ་སླེབས་པའི་བུད་མེད་བཟོ་བཀོད་པ་དེས་དཔེ་ལེན་དཔྱད་ཆས་ཀྱི་བརྙན་ཤེལ་ལ་མཛུབ་མོ་བཙུགས་ནས“ངའི་ལས་ཀ་གཙོ་བོ་ནི་མཚོ་ཁུལ་ཐོན་ཁུངས་ཀྱི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་རེད། སྔོན་ལ་ཕྱི་རོལ་ཏུ་མ་དཔེ་ལེན་དགོས་པ་དང་དེ་ནས་ཚོད་ལྟ་ཁང་དུ་དབྱེ་ཞིབ་བྱེད་དགོས། མཇུག་ཏུ་མིག་སྔའི་མཚོ་ཁུལ་གྱི་འགུལ་རྣམ་ཐོན་ཁུངས་ཀྱི་དབྱེ་ཞིབ་སྙན་ཞུ་གྲུབ་ཀྱི་ཡོད”ཅེས་དེ་ལྟར་བཤད་བྱུང་།
ལོ་རེར་བར་མཚམས་མེད་པར་ཟླ་གཅིག་གི་ནང་ཉུང་མཐར་ཡང་ཟླ་ཕྱེད་ཙམ་ལ་མཚོ་ཁུལ་དུ་མ་དཔེ་ལེན་དགོས། ལོ་ངོ་དགུའི་རིང་། ཀྲང་ཅོན་སློབ་ཆེན་ནས་ཐོན་པའི་བུ་མོ་ཆུང་ཆུང་ཞིག་ནས་ཚྭ་མཚོའི་སྡེ་ཚོགས་ཀྱི་ལོ་ན་ཆེས་གཞོན་པའི་མཐོ་རིམ་བཟོ་བཀོད་པ་ཞིག་ཏུ་འཚར་ལོངས་བྱུང་བ་དང་། ཁོ་མོས་ཚྭ་མཚོའི་ཅཱ་ལུད་གཅིག་པུ་གསར་སྤེལ་བྱེད་པ་ནས་ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་མ་ལག་བར་འཕེལ་རྒྱས་བྱུང་བར་དཔང་པོ་བྱས་ཡོད།
ཚྭ་མཚོའི་ཉེ་འགྲམ་དུ་ཡོད་པའི་མཚོ་སྔོན་སན་ཡོན་ཅཱ་ལུད་ཚད་ཡོད་ཀུང་སིའི་ཚྭ་བཞུའི་འཁོར་ཁང་དུ། ལག་རྩལ་འགན་འཁུར་བ་ལུའུ་ཁྲེང་དབྱིང་གིས་ལས་རོགས་ཚོ་དང་མཉམ་དུ་དཔྱད་ཆས་སྟེང་གི་གྲངས་གཞིར་ཞིབ་བཤེར་དང་ཐོ་འགོད་བྱེད་བཞིན་ཡོད།
“ང་ཚོའི་ལས་ཀ་ནི་སྙོམས་སྒྲིག་ཚོད་འཛིན་དང་ལས་རིམ་སྒྲིག་རྒྱུ་དེ་ཡིན། ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་ལྷུ་ཚིགས་རེ་རེ་བཞིན་དུ་ཞིབ་མོར་སྒྲུབ་ཚེ། ད་གཟོད་ཐོན་སྐྱེད་ཀྱི་ལས་ཆོད་དང་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་ཐུབ” ལ། “ཚྭ་མཚོའི་སྡེ་ཚོགས་ཀྲུང་གོའི་མདུན་གྲལ་དུ་སླེབས་པ་མ་ཟད། དེ་བས་འཛམ་གླིང་གི་མདུན་གྲལ་དུའང་སླེབས་ཐུབ་པའི་ངེས་པ་ཡོད”ཅེས་ལུའུ་ཁྲེང་དབྱིང་གིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོས་དེ་ལྟར་བཤད་བྱུང་།
ཚྭ་འདམ་གཞོང་གི་ན་གཞོན་ཚོས་རྒན་རབས་པའི་རྒྱུན་འཛིན་ཡག་པོ་བྱས་ཏེ། ཚྭ་འདམ་གྱི་སྙིང་སྟོབས་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེའི་མྱ་ངམ་ཐང་དུ་ལེའུ་གསར་པ་རྩོམ་བཞིན་ཡོད། ཚྭ་མཚོ་དཀར་མོའི་ཅཱ་ལུད་ཀྱི་ལོའི་ཐོན་འབོར་ཏུན་ས་ཡ་བརྒྱད་ཟིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་85%ཡན་ཟིན་ཡོད། ཅཱ་དང་ཚྭའི་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་ཐོག་མའི27%ནས་80%ཡན་བར་འཕར་བ་དང་། ཅཱ་ལུད་ཀྱི་ཟད་གྲོན་དེ་ནང་འདྲེན་བྱེད་དགོས་པ་ནས་ད་ལྟའི50%ཡན་དུ་རང་མཁོ་བྱེད་ཐུབ་པར་གྱུར་ཡོད།
ཚྭ་འདམ་གཞོང་གི་གཞུང་ལམ་དྲ་རྒྱའི་མ་ལག་ཀྱང་ཟམ་མི་ཆད་པར་འཐུས་ཚང་དུ་གྱུར་ཞིང་། ན་གོར་མོ་ནས་ཞིན་ཅང་ཁུའུ་ཨར་ལི་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་ཏོན་ཧུང་ལྕགས་ལམ་གྱི་ཏོན་ཧུང་ནས་ན་གོར་མོ་བར་གྱི་ལམ་ཚིགས་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ་དང་། ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་། G6པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ན་གོར་མོ་ནས་སྐུ་ལྷ་མདའ་གདོང་བར་གྱི་ལམ་ཚིགས་ཡང་འཆར་འགོད་བྱེད་བཞིན་ཡོད། གཞུང་ལམ་དང་ལྕགས་ལམ་གྱི་དྲ་རྒྱ་འཐུས་ཚང་དུ་ཕྱིན་རྗེས། ཚྭ་འདམ་གཞོང་གི་འཕེལ་རྒྱས་རིན་ཐང་སྔར་ལས་ཆེས་ཆེར་ཇེ་མཐོར་འགྲོ་སྲིད།
ལོ་ངོ70ཡི་རིང་། མི་རབས་དུ་མའི་འབད་འཐབ་པ་ཚོས་ཚྭ་འདམ་གཞོང་གི་འཕེལ་རྒྱས་ཆེད་དུ་དཀའ་སྤྱད་ལས་གཏོད་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། གསར་གཏོད་བྱེད་ཕོད་པ། མཐུན་སྒྲིལ་འབད་འཐབ། ཚན་རིག་དང་མཐུན་པའི་དངོས་གཉེར་བཅས་ཀྱི་བསམ་པའི་མཐོ་ས་བརྟན་སྲུང་བྱས་དང་བྱེད་བཞིན་ཡོད།
ཁོ་ཚོས་ལང་ཚོ་དང་མི་ཚེ་གངས་ལྗོངས་མཐོ་སྒང་དང་མེས་རྒྱལ་གྱི“ནོར་གཞོང”ལ་ཕུལ་བ་དང་ཆབས་ཅིག དེ་གར་དུས་རབས་གསར་པའི་ནང་དོན་མཚོན་པའི་བསམ་པའི་མཛད་རྗེས་ཀྱི་རྡོ་རིང་རེ་རེ་བསྐྲུན་ཡོད།
ལོ་ཙཱ།སྒྲོལ་མ་སྐྱིད།