མཚོ་སྔོན་ཞིང་ཆེན་གྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲངས་ཀ་བརྟན་པོའི་ངང་འཕར།
2021.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

 ཟླ3ཚེས3ཉིན་ནི་འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོ་ཡིན་པ་དང་། ད་ལོའི་རང་རྒྱལ་གྱི་བརྗོད་བྱ་གཙོ་བོ་ནི“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། འདས་ཟིན་པའི་ལོ་གཅིག་གི་ནང་མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྲུང་སྐྱོབ་ཁུལ་ནང་གི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གྱི་ཆ་ཚང་རང་བཞིན་དང་གདོད་མའི་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱས་པས།  རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་ཀ་བརྟན་པོའི་ངང་འཕར་ཡོད།

སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་འཆར་འགོད་སྒྲིག་འཛུགས་བྱས་ནས།《མཚོ་སྔོན་གྱི་རི་དྭགས་གསའ་སྲུང་སྐྱོབ་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་ རི་དྭགས་དགོ་བ་སྲུང་སྐྱོབ་འཆར་འགོད》ལེགས་སྒྲུབ་བྱས་ཏེ། སླད་ཕྱིན་ལོ་བཅུའི་ནང་རི་དྭགས་གསའ་དང་དགོ་བའི་སྲོག་ཆགས་རིགས་གཉིས་སྲུང་སྐྱོབ་ཀྱི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་པ་རེད། འཆར་འགོད་ལ་གཞིགས་ནས། མ་འོངས་བའི་ལོ10ཡི་ནང་མཚོ་སྔོན་ཞིང་ཆེན་གྱི་རི་དྭགས་གསའ་དང་དགོ་བ་སྲུང་སྐྱོབ་བྱ་རྒྱུ་དེ་དངོས་རིགས་ལ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་། འཚོ་སྡོད་སྲུང་སྐྱོབ་བཟོ་སྐྲུན། རྒྱུད་འཛིན་སྣ་མང་རང་བཞིན་སྲུང་སྐྱོབ། མི་ཐབས་ལ་བརྟེན་ནས་སྲོག་སྐྱོབ་རྒྱུད་སྤེལ་བཟོ་སྐྲུན། ཚན་ཞིབ་འཆར་འགོད་བཟོ་སྐྲུན།  དྲིལ་བསྒྲགས་དང་སློབ་གསོའི་བཟོ་སྐྲུན། སྡོད་ཁུལ་གྱིས་མཉམ་དུ་དོ་དམ་འཆར་འགོད་སོགས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འཆར་འགོད་དུས་ཡུན་ནང་ས་ཁོངས་འཚོ་སྡོད་སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་དང་། ཁྱུ་ཚོགས་ཀྱི་གྲངས་ཀ་སླར་གསོ་བྱ་རྒྱུ། ཅུང་འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུ་དང་གྲུབ་པར་བྱ་རྒྱུ། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་དང་འགག་རྩའི་ལག་རྩལ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་དང་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ཞིང་ཆེན་དང་། ཁུལ། (གྲོང་ཁྱེར།)རྫོང་བཅས་རིམ་པ་གསུམ་གྱི་སྐམ་འཚོའི་རི་སྐྱེས་ སྲོག་ཆགས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐམ་སའི་ཐོག་གི་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཉེན་ཟོན་དང་རྡུང་རྡེག་གཏོང་བའི་སྡེ་ཁག་གི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ། སྐམ་སའི་ཐོག་གི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཁྲིམས་འཛིན་ཐོག་ནས་གསལ་འབྱེད་བྱེད་པའི་སྒྲིག་སྲོལ་འཛུགས་པ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱེད་སྒོ་སྒྲིག་འཛུགས་བཅས་བྱ་དགོས།  གླེང་འོས་བ་ཞིག་ནི“མི་དང་སྲོག་ཆགས་བར་གྱི་འགལ་བ”ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རིགས་གཅིག་མཁས་ཅན་སྔ་རྗེས་སུ་ཐེངས་གསུམ་སྒྲིག་འཛུགས་བྱས་ནས“མི་དང་རི་དྭགས་དོམ་བར་གྱི་ འགལ་བར”བརྟག་ཞིབ་བྱས་ཏེ་མ་དངུལ་སྒོར་ས་ཡ་གཅིག་འབུམ་གཅིག་གི་མི་དང་དོམ་བར་གྱི་འགལ་བ་དོགས་ཟོན་གྱི་ཚོད་ལྟའི་ལས་གཞི་བརྩོན་ལེན་བྱས་ནས་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་བའི་ཉེན་ཚབ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྐམ་སའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་ནན་མོ་བྱེད་དགོས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་དང་། སྲོག་སྐྱོབ་ལྟེ་གནས་འཛུགས་ཤུགས་ཆེ་རུ་གཏོང་བ། སྐམ་འཚོའི་རི་སྐྱེས་སྲོག་ཆགས་དང་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས།  མདོ་དབུས་མཐོ་སྒང་གི་རི་་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་རྒྱལ་ཁབ་གཞི་རྒྱུའི་མཛོད་སྔོན་ལ་འཛུགས་པར་སྐུལ་འདེད། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་རིགས་རྒྱུད་ཐོན་ཁུངས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བཅས་བྱ་དགོས།

མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་ཁག་ལ་འགྱུར་ལྡོག་འབྱུང་ཚུལ་ཇེ་བཟང་དུ་འགྲོ་བ་དང་། ཆུ་ཁོངས་དང་བརླན་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ། བརླན་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ། ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བ་བཀག་འགོག་བྱུང་བ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཇེ་མང་དུ་འགྲོ་བ། མཚོན་བྱེད་རང་བཞིན་གྱི་ རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་སོང་ནས། རི་སྐྱེས་སྲོག་ཆགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཇེ་ལེགས་སུ་ནུས་ལྡན་ཕྱིན་ཡོད།  རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རིམ་བཞིན་སླར་གསོ་དང་འཕར་སྣོན་བྱུང་བ་དེས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་སླར་གསོ་འབྱུང་བར་ནུས་པ་གལ་ཆེན་ཐོན་ཡོད།

མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་ཁྱུ་བརྟན་པོའི་ངང་འཕར་བའི་ནང་རི་དྭགས་གཙོད་ཁྲི་7ལྷག་ཙམ་ཇེ་མང་དུ་ཕྱིན་པ་དང་། རི་དྭགས་དགོ་བ3000ལྷག་ཙམ་ཇེ་མང་དུ་ཕྱིན་པ། རི་དྭགས་གསའ་འཕར་སྣོན་བྱུང་བ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་ས་ཁོངས་སུ་རི་དྭགས་གསའ་འཚོ་སྡོད་ཐུབ་པ་མཐོང་ཐུབ།

ལོ་ཙཱ།སྒྲོལ་མ་སྐྱིད།