ཉིན་འདི་འགར་རྫི་བོ་རིན་ཆེན་རྒྱལ་གྱི་སེམས་པ་སྐྱིད་འདུག ཉིན་འགའི་སྔོན་ལ། ལོ་སོ་བཞི་ལ་སླེབས་པའི་རིན་ཆེན་རྒྱལ་གྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས་ཏེ་བཤད་རྒྱུར། གསེར་ཐང་སྡེ་བའི་ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞི་རུ་བཅོལ་བའི་འབྲི་མོས་ཡང་བེའུ་རྩེབས་འདུག་ཟེར་ཞོར། ད་ལྟའི “སྲིད་ཇུས་ཧ་ཅང་བཟང་། འཚོ་བ་ཉིན་རེ་ནས་ཉིན་རེར་རེ་བས་ཁེངས་ཡོང”ཟེར།
ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞི་རུ་སོང་བ་ན། ཕྱུགས་ར་རེ་རེ་ཕྲེང་ལྟར་བསྒྲིགས་འདུག་ལ། དེ་རུ་ནོར་གནག་དྲུག་བརྒྱ་ལྷག་གོ་རིམ་ལྡན་པའི་ངང་འཚོ་ཞོར་དང་གསོ་བཞིན་འདུག ཞོགས་པའི་དུས་ཚོད་བདུན་གྱི་སྟེང་ཕྱུགས་ར་ལས་ཕྱིར་འཕུད་པ་དང་། ཉིན་གུང་དུས་ཚོད་བཅུ་གཉིས་ཀྱི་སྟེང་ཕྱིར་ཕྱུགས་རའི་ནང་བསྐྱིལ་འདུག དེ་ལྟར་ནོར་གནག་རང་བྱུང་ཁམས་དང་ཉེ་བར་བཅར་ཐུབ་པ་དང་། འཚོ་སྐྱོང་ཚད་ལས་བརྒལ་ཏེ་རྩྭ་སར་གཏོར་བརླག་ཀྱང་མི་ཐེབས་པ་འདི་ནི། གསེར་ཐང་སྡེ་བས་ཁྱབ་གདལ་ཤུགས་ཆེར་གཏོང་བའི“རྩྭ་ཕྱུགས་དོ་སྙོམས”ཀྱི་གསོ་སྤེལ་བྱེད་སྟངས་རེད།
གསེར་ཐང་སྡེ་བ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཞང་གི་ཁོངས་སུ་གཏོགས་པ་དང་། རྫོང་མཁར་དང་བར་ཐག་ལ་སྤྱི་ལེ་བདུན་ཅུ་ཡོད་ཅིང་། ས་མགོའི་མཐོ་ཚད་ལ་ཆ་སྙོམས་མུས་སྟོང་བཞི་ཡོད། སྡེ་བ་ཧྲིལ་པོར་ཁྱིམ་ཚང་ལྔ་བརྒྱ་རེ་དགུ་དང་མི་གྲངས་སྟོང་གཉིས་བརྒྱ་དང་གྱ་དྲུག་ཡོད། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱད་ཅུ་དང་མི་གྲངས་སུམ་བརྒྱ་བཅུ་གཅིག་ཡོད། རང་བྱུང་ཁོར་ཡུག་གི་དབང་གིས་ས་དེར་འབྲུ་རིགས་འདེབས་དཀའ་བས། གནམ་ལ་བརྟེན་ནས་ཕྱུགས་འཚོ་བ་ནི་ས་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད།
རིན་ཆེན་ཐར་གྱིས་བཤད་རྒྱུར། “སྔོན་ཆད་ང་ཚོས་རུ་སྤོར་ཕྱུགས་སྐྱོང་གི་འཚོ་བ་རོལ་ཞིང་། ནོར་ལུག་འཚོ་བ་དང་འོ་མ་དང་བལ་བཙོངས་ཏེ་ཡོང་སྒོ་འཚོལ་བཞིན་ཡོད། མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལ། ངེད་བཟའ་མི་བཞི་པོའི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཅིག་ཡང་མི་ལོངས”ཟེར།
རིན་ཆེན་ཐར་ནི་ས་དེའི་འབྲོག་པ་ཞིག་ཡིན་ལ། ཁོས་བཤད་ན་སྔོན་ཆད་རུ་སྤར་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་པ་ཡང་གཙོ་བོ་རང་ཁ་རང་གསོ་བྱེད་པའི་ཆེད་ཡིན་ལ། ཁོ་ཚང་ལ་རྩྭ་ས་ཧ་ལམ་སྤྱི་ཆིང་བཅུ་ཕྲག་འགའ་ཡོད་མོད། བདག་གཉེར་བྱེད་མཁན་གྱིས་མི་འདང་བས། རྩྭ་ས་སྲུང་སྐྱོབ་དང་དོ་དམ་ལེགས་པོ་ཞིག་བྱེད་མི་ཐུབ་ཟེར། 2017ལོར་རིན་ཆེན་ཐར་ཚང་ནི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག
2018ལོར། རིན་ཆེན་ཐར་ཚང་གིས་ས་གནས་གཞན་ལ་གནས་སྤོར་བའི་དབུལ་སྐྱོར་སྲིད་ཇུས་ལ་བརྟེན་ནས། རྒྱང་རིང་ལུང་ཁུག་གི་རི་མགོ་ནས་ད་ལྟའི་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་སྡེ་བ་འདིར་གནས་སྤར་བས། སྡོད་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་ལས་གཞན། ཐོབ་ཆ་ཆེས་ཆེ་བ་ནི། ཁོས་ནོར་གནག་གསོ་སྤེལ་གྱི་བྱེད་ཐབས་གསར་པ་སྦྱངས་ནས་རྒྱུད་ལ་འབྱོར་བ་དེ་རེད།
གནས་སྤར་རྗེས་རིན་ཆེན་ཐར་གྱིས་རང་ཁྱིམ་གྱི་རྩྭ་ས་མཉམ་ལས་ཁང་གི་མ་རྐང་དུ་བཞག་སྟེ། སྡེ་བའི་ཐུན་མོང་ལ་བདག་བྱེད་དུ་བཅུག རིན་ཆེན་ཐར་ལ་གསོ་སྤེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞིས་ཁོ་རང་གསོ་སྤེལ་ཆེད་གཉེར་པར་གདན་ཞུ་བྱས་ལ། ཁོའི་ཆུང་མ་དང་བྱིས་པ་ཡང་འཕྲོ་རིམ་འཕྲོར་རྟེན་གཞིར་ཞུགས་པས། བཟའ་མི་གང་བོའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་།
རིན་ཆེན་ཐར་གྱིས་བཤད་རྒྱུར། “ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་ནང་ཞུགས་རྗེས། ངེད་བཟའ་མི་གང་བོར་ཟླ་རེར་གླ་ཕོགས་སྒོར་སྟོང་དྲུག་ཙམ་ཡོད་པ་དང་། ལོ་ཧྲིལ་པོར་སྒོར་ཁྲི་བདུན་ལྷག་ཡོད། སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད”ཟེར།
རྩྭ་ཐང་དུ་སྐྱེས་ཤིང་ནར་སོན་པའི་འཇིག་བྱེད་སྐྱབས་ནི་གསེར་ཐང་སྡེ་བའི་ཧྲུའུ་ཅི་དང་པོ་རེད། 2015ལོར། འཇིག་བྱེད་སྐྱབས་ཀྱིས་དབུལ་ཐར་ཕྱུག་བསྒྱུར་གྱི“གནད་འགག”ལ་དམིགས་ཏེ། འདྲི་རྩད་དུ་སོང་ནས་སྡེ་དམངས་ཀྱི་བསམ་འཆར་ལ་ཉན་རྗེས། སྡེ་བ་རུ་ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞི་བཙུགས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་ནོར་ལུག་གསོ་སྤེལ་བྱས་པ་བརྒྱུད་ལོ་རེར་ཁེ་སྤོགས་ཐོབ་བཞིན་ཡོད།
ལོ་འགར་འབད་པ་བྱས་པ་བརྒྱུད། སྡེ་དམངས་ཀྱི་ཡོང་འབབ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད། “ཟླ་སྔོན་མར་ང་ཚོས་ནོར་གནག་བརྒྱ་ལྷག་ཕྱིར་བཙོངས་པ་དང་། ལོ་མཇུག་ཏུ་ཁེ་སྤོགས་བགོ་སྐབས་ཁྱིམ་ཚང་རེར་སྒོར་སྟོང་གསུམ་ཡས་མས་ཀྱི་ཡོང་འབབ་ཡོད”ཅེས་འཇིག་བྱེད་སྐྱབས་དགོད་ཞོར་དུ་དེ་ལྟར་བཤད།
ད་ལྟའི་བར། གསེར་ཐང་སྡེ་བའི་ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞིར་བསྡོམས་པས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་བཏང་ཞིང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་ལྔ་དང་སུམ་བརྒྱ་སོ་གསུམ་ཡོད། ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞིས་ད་དུང་ནོར་གནག་རྒྱ་མར་ཚད་དེ་ནོར་ཁྱུ་བགོ་བའི་སྒྲིག་ཆས་ཉོ་སྒྲུབ་བྱས།
“མ་ལག་དེས་རང་འགུལ་ངང་རྣ་རྟགས་ཀློག་པ་དང་ལྗིད་ཚད་འཇལ་ཐུབ་པའི་ཁར། ཞིན་ཧེ་རྫོང་བློ་གྲོས་ཕྱུགས་ལས་གཞི་གྲངས་ཆེན་མོའི་སྟེགས་བུར་ཆ་འཕྲིན་དེ་དག་མ་ནོར་བར་སྤྲད་པ་རེད། རང་འགུལ་རྒྱ་མས་འཇལ་བའི་འགུལ་རྣམ་ལྗིད་ཚད་དང་མ་འགུལ་བར་སྡོད་སྐབས་ཀྱི་ལྗིད་ཚད་གཉིས་བསྡུར་ན་ཧེ་བག་སྟོང་ཆའི་གཅིག་ལས་མེད”ཅེས་འཇིག་བྱེད་སྐྱབས་ཀྱིས་དེ་ལྟར་བཤད།
གསར་འགོད་པས་རྣ་རྟགས་འདོགས་པ་དང་འགོག་ཁབ་རྒྱག་པ། དེ་ནས་ནོར་གྱི་ལྗིད་ཚད་ལྟར་ཕྱུགས་ར་མི་གཅིག་པའི་ནང་བགོ་བ་བཅས་ཀྱི་ལས་ཀའི་རིམ་པར་བལྟས་ན་སྐར་མ་ལྔ་ལས་མི་དགོས་པ་ཤེས། ནུས་ཆོད་ཆེ་བ་དང་ཚད་ལྡན་ཡིན་ལ་ཞིབ་ཕྲ་ལྡན་པའི་གསོ་སྤེལ་དོ་དམ་གྱིས། ཐོན་སྐྱེད་ལས་ཕྱོད་ཆེས་ཆེར་མཐོར་འདེགས་བཏང་སྟེ། ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་ཡོད།
རྒྱུས་ལོན་པ་ལྟར་ན། དཔེ་སྟོན་རྟེན་གཞི་བཙུགས་པ་བརྒྱུད། མཉམ་ལས་ཁང་གིས་ནོར་གནག་གི་རྒྱུད་བཟང་གསོ་སྤེལ་མ་ལག་རིམ་གྱིས་འཐུས་ཚང་དུ་བཏང་སྟེ། རྒྱུད་བཟང་ཅན་དུ་བཏང་ཚད་བརྒྱ་ཆའི་དོན་བརྒྱད་ནས་བརྒྱ་ཆའི་གོ་ལྔ་ལ་སླེབས། མཉམ་ལས་ཁང་གིས་རྩྭ་སའི་ཆེ་ཆུང་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དང་། རྩྭ་ཕྱུགས་འགུལ་རྣམ་དོ་མཉམ་ཡོང་བ། ཕྱུགས་ཁྱུ་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རང་བྱུང་རྩྭ་ས་བེད་སྤྱོད་ཚད་ཇེ་ཉུང་དུ་བཏང་བ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ལ། རྩྭ་སའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་པ་དང་། ཕྱུགས་ལས་བཟང་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱས།
སྔོན་ཆད་ཕྱི་ནས་ཞོར་ལས་བྱེད་པའི་ལྕགས་མཚོ་སྐྱིད་ད་ལྟ་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱས་ཡོད། ད་ལྟ་མོ་ནི་ནོར་གནག་ཐོན་ལས་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་ལས་བཟོ་པ་ཡིན་ལ། ལོ་རེར་སྒོར་ཁྲི་བཞི་ཡི་ཡོང་འབབ་ཡོད།
“ངེད་ཚང་གིས་ནོར་མང་པོ་བདག་བཟུང་བྱས་མེད་སྟབས། སྒོར་མོ་མང་པོ་ཞིག་འཚོལ་མི་ཐུབ། ད་ལྟ་སྡེ་བས་བགོས་པའི་ནོར་ལ་བརྟེན་ནས་ང་ཚོར་ཁེ་སྤོགས་ཐོབ་ཐུབ་པས། ཡོང་འབབ་ཇེ་མང་དུ་སོང་ཁར། ཁྱིམ་གྱི་ཉེ་འགྲམ་ན་ཐོན་ལས་བཟང་པོ་འདི་འདྲ་ཞིག་ཡོད་པས། ལས་ཚོགས་གྲོལ་མ་ཐག་ཁྱིམ་དུ་ལོག་ཐུབ། འདི་ནི་སྔོན་ཆད་སེམས་སུའང་བསམ་མི་ཕོད་པའི་དོན་བཟང་ཞིག་རེད”ཅེས་ལྕགས་མཚོ་སྐྱིད་ཀྱིས་དེ་ལྟར་བཤད།
ལྕགས་མཚོ་སྐྱིད་དང་འདྲ་བའི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་བཞི་བཅུ་དཔེ་སྟོན་རྟེན་གཞི་རུ་ཡོད་པ་རེད། ཁོ་ཚོས་ས་འདི་ནས་རང་གི་རྩལ་ནུས་བཏོན་ཏེ། འཚོ་བ་མངོན་སུམ་གྱིས་ཇེ་བཟང་དུ་སོང་ཡོད།
ལོ་འདི་འགའི་རིང་ལ། ཞིན་ཧེ་རྫོང་གིས“ཀུང་སི་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང”བཅས་ཀྱི་ཐོན་ལས་འཕེལ་སྟངས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། ཞིང་ལས་ཐོན་ལས་ཅན་གྱི་གཙོ་ཁྲིད་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས། ཚན་རིག་དང་མཐུན་ལ་ནུས་ལྡན་ཡིན་པའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་བྱས་པ་དང་།“མ་དངུལ་འཁོར་རྒྱུག་དང་། ཐོན་ཁུངས་ཧྲིལ་བསྡུས། མཉམ་འབྲེལ་སྡུད་རུབ་དང་ཐོན་ལས་རིམ་སྤར”གྱི་འཕེལ་རྒྱས་གཏོང་སྟངས་བརྒྱུད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནི་རོང་འབྲོག་མང་ཚོགས་རེ་རེའི་ལག་ཏུ་དངོས་འབེབས་བྱེད་དུ་བཅུག་ཡོད།
“ཞིན་ཧེ་རྫོང་གི་ཚོད་ལྟའི་མཉམ་ལས་ཁང་སོ་སོས་ཐོན་ལས་བར་ཕན་ཚུན་མཉམ་འདྲེས་བྱེད་པ་དང་། ཐོན་སྐྱེད་དང་འདོན་སྤྲོད། ཕྱིར་འཚོང་བཅས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཁ་ཐོར་ངང་བདག་གཉེར་བྱེད་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དེ་རིམ་གྱིས་གཏོར་བ་དང་། ཚད་ལྡན་ཅན་གྱི་ཕྱུགས་ལས་འཕེལ་རྒྱས་གཏོང་བ་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་ཀྱི་མ་ལག་འཐུས་ཚང་ཡིན་པ་དང་། གཙོ་ཁྲིད་ཐོན་ལས་མངོན་གསལ་ཡིན་པ། རྨང་གཞིའི་སྒྲིག་བཀོད་བརྟན་པོ་ཡིན་པ། བདག་གཉེར་བྱེད་སྟངས་ལེགས་བསྡུས་ཞིབ་གཉེར་ཡིན་པ་བཅས་ཀྱི་མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཚན་རྩལ་དཔེ་སྟོན་ཁུལ་ཞིག་ཕལ་ཆེར་གྲུབ་ཡོད”ཅེས་འཇིག་བྱེད་སྐྱབས་ཀྱིས་དེ་ལྟར་བཤད།
ད་ལྟ། གསེར་ཐང་སྡེ་བས་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་སྟངས་བརྒྱུད་དེ། “ལྗང་མདོག་འཕེལ་རྒྱས”དང“ཁྱད་ལྡན་རོགས་སྐྱོར”གྱི་ནོར་གནག་གསོ་སྤེལ་བྱེད་སྟངས་ཤིག་རྙེད་པ་དང་། ནོར་གནག་གསོ་སྤེལ་དེ་ལེགས་བསྡུས་ཞིབ་གཉེར་ཅན་དང་ཚན་རིག་ཅན་དུ་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱུང་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།