ཕྱུག་པོར་གྱུར་ན་རྩ་བ་མི་བརྗེད་པར། ལྷག་བསམ་དཀར་པོས་དྲིན་ལན་འཇལ།
2021.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 78

ཐུབ་མཆོག(གཡོན་ཀྱི་དང་པོ)གིས་ཕྱུགས་རྫི་ཚོར་གླེང་མོལ་བྱེད་བཞིན་པ།

ཟླ་གསུམ་པའི་ཡུས་ཧྲུའུ་རྩྭ་ཐང་ལ་གྲང་ངར་ཅུང་ཆེ་ཞིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཀ་ཐོག་ཡུལ་ཚོ་བུ་ཡུག་སྡེ་བའི་སྡེ་མི་ཚོས་ཀྱང་བྲེལ་འཚུབ་ཆེ་བའི་དུས་སྐབས་ཤིག་བསུས་ཡོང་།

ད་ལོར་སྡེ་མི་ཚོར་སྔར་ལས་ངར་ཤུགས་དང་ཡིད་སྨོན་ཆེ་རུ་ཕྱིན་ཡོད་དོན་ནི་ལོ་ན་གཞོན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་མཆོག་གིས་སྣེ་ཁྲིད་ནས་ཁོ་ཚོ་ལ་དབང་བའི་ཡུལ་ཁམས་གསར་པ་ཞིག་གསར་གཏོད་བྱེད་བཞིན་ཡོད་པས་རེད།

ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཐོག་མར་ཐུག་དུས།  ཁོས་སྡེ་བའི་ཕྱུགས་རྫི་ཞིག་དང་གླེང་མོལ་བྱེད་བཞིན་ཡོད་ལ།  ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་ཧྲུའུ་ཅི་ན་གཞོན་ཞིག་ཡིན་པའི་ཆ་ནས།  གསར་འགོད་པས་དྲི་བར་གདོང་གཏོད་དུས། ཐོག་མར་ཁོ་རང་ཅུང་ངོ་ཚ་བར་སྣང་ལ། དེ་ནས་ཅིའི་ཕྱིར་སྡེ་བའི་ནང་ཕྱིར་ལོག་པའི་སྐོར་གླེང་སྐབས་སྐད་ཆ་ཆུ་བོའི་རྒྱུན་བཞིན་བརྡོལ་བྱུང་།

ཐུབ་མཆོག་གི་སྣང་ངོར་སྔོན་ཆད་ཀྱི་སྡེ་བའི་རྩྭ་ས་བལྟོས་བཅས་ཀྱིས་ཞན་པ་དང་། ཕྱུགས་འཚོ་བ་ལ་བརྟེན་ནས་འཚོ་བ་རོལ་དཀའ་བས་བདེ་སྐྱིད་ཟེར་བ་དེ་གླེང་ཐབས་བྲལ་བ་ཞིག་རེད།  དེ་འདྲའི་འཚོ་བའི་རྣམ་པ་བསྒྱུར་བའི་ཆེད་དུ་ཁོས་ལམ་གསར་བ་ཞིག་འཚོལ་མགོ་བརྩམས།

དེ་ལྟར། ཁོས་ཕྱོགས་ཡར་མར་ལ་སྒོར་མོ་ལྔ་བརྒྱ་བསྐྱིས་རྗེས་ཕ་ཡུལ་དང་ཁ་བྲལ་ནས་ས་ཕྱོགས་གཞན་པར་བུད་སོང་།

“ཐོག་མར་ཅི་ཡང་མི་ཤེས་སྟབས།དཀའ་ཁག་མང་པོ་འཕྲད་མྱོང་མོད།འོན་ཀྱང་གང་ལྟར་ལམ་སྣ་དེར་ཞུགས་ཟིན་པས།དམིགས་ཡུལ་དེ་བསྒྱུར་བའི་བསམ་བློ་ཞིག་རྒྱུད་ལ་སྐྱེས་མ་མྱོང”ཞེས་ཐུབ་མཆོག་གིས་དེ་ལྟར་བཤད།

བྱ་བ་གང་སྒྲུབ་ཀྱང་མགོ་རྩོམ་པར་ཧ་ཅང་དཀའ་བ་ཇི་བཞིན་ཐུབ་མཆོག་ཕ་ཡུལ་དང་ཁ་བྲལ་ནས་ས་ཆ་གཞན་པར་སོང་རྗེས།འབད་བརྩོན་ཆུ་བོའི་རྒྱུན་བཞིན་བྱས་མཐར།མི་འགྱང་བར་ཁོར་ཡུག་གསར་བ་དེ་ལོབས་པར་གྱུར་བ་དང་སེམས་ཤུགས་བརྟན་པོ་ཡིད་ལ་བཅིངས་ནས་རྒྱུན་འཁྱོངས་སྟབས།ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་ལས་ཀ་ཙག་ཙིག་གཉེར་བ་ནས་ཀླད་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བ་རོལ་ཐུབ་པ་བྱུང་། ལོ་འགའི་འབད་བརྩོན་བརྒྱུད་ནས་རིམ་གྱིས་ཟམ་པ་དང་གཞུང་ལམ་ལས་པའི་ལས་སུ་ཞུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ངོ་ཤེས་སོང་།

སྤྱིར་བཏང་གི་“ཞོར་ལས་པ་”དཀྱུས་མ་ཞིག་ནས་ས་གནས་དེ་གའི་སྐད་གྲགས་ཆེ་བའི“ཚོང་བདག”ཆུང་ཆུང་ཞིག་ཏུ་གྱུར་ལ། སྡེ་བའི་ནང་དུའང་རིམ་གྱིས་སྐད་གྲགས་རྒྱས་པ་དང་། ཁོས་རྒྱུན་དུ་ཡུལ་མི་ཚོ་ལ་དཀའ་ངལ་དང་གནད་དོན་འགའ་རེ་ཐག་གཅོད་བྱེད་རོགས་བྱས་པས་ཚང་མའི་ཁས་ལེན་ཐོབ་པ་རེད།

2020ལོར།  སྡེ་བའི་ནང་གི་སྐབས་བརྗེའི་འདེམས་བསྐོའི་སྐབས་སུ། སྡེ་མི་ཚོས་མགྲིན་གཅིག་ཏུ་ཐུབ་མཆོག་གིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བར་འོས་སྦྱོར་བྱས་མོད། འོན་ཀྱང་སྐབས་དེ་དུས་ཀྱི་ཐུབ་མཆོག་ལ་གདེང་ཚོད་ཆེན་པོ་མེད་པ་འདྲ་སྟེ། “ངའི་བསམ་པར་ངས་འགན་ཁུར་ཐབས་བྲལ་ལ། སྡེ་མི་ཚོ་འཁྲིད་ནས་ཕྱུག་པོར་འགྱུར་མ་ཐུབ་ཚེ། ཚང་མར་ཁྲེལ་མེད་བྱས་བྱུང”ཞེས་བཤད།

“ཕྱུག་པོར་གྱུར་ན་རྩ་བ་བརྗེད་མི་ཉན་ལ། ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་བརྗེད་མི་ཉན”ཞེས་ཁྱིམ་མའི་སྐད་ཆ་ཞིག་གིས་ཁོ་རང་གཉིད་ལས་སད་དུ་བཅུག་སྟེ།  “ཚང་མས་ང་ལ་ཡིད་ཆེས་བྱེད་ན། ངས་ཀྱང་ཚང་མའི་རེ་བ་སྐོང་ཅི་ཐུབ་བྱེད་ངེས་ཡིན”ཞེས་བཤད།

ལས་གནས་སུ་ཞུགས་རྗེས། ཐུབ་མཆོག་དེ་འཕྲལ་ལས་ཀར་བྲེལ་བ་དང་། རང་གིས་སྒོར་ས་ཡ་གཅིག་དང་འབུམ་དྲུག་བཏང་ནས་སྡེ་བའི་ནང་གི་སྒེར་གྱི་མཉམ་ལས་ཁང་དེ་ཉོས་ཤིང་།  སྡེ་མི་རྣམས་ལ་སྐུལ་ཁྲིད་བྱས་ཏེ་སྤྱི་ཆིང་རེ་བདུན་ཙམ་གྱི་ས་རྒོད་སློག་ནས་ཞོག་ཁོག་དང་ནས་སོགས་ཞིང་ལས་འདེབས་འཛུགས་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་སྤྲོ་གསེང་གླིང་བཙུགས་པ་དང་།སྡེ་བའི་ནང་ལོ་སུམ་ཅུའི་རིང་རྩོད་གཞི་གྱུར་བའི་ས་ཞིང་ཐག་གཅོད་བྱས་ཤིང་། ས་ཞིང་བཅོས་སྒྲིག་ལག་བསྟར་བྱས་པ་བརྒྱུད་ནས་ས་ཡི་འཁོར་རྒྱུགས་ལ་སྐུལ་འདེད་བཏང་སྟེ། གཅིག་སྡུད་ཡུག་སྦྲེལ་གྱི་ཐོན་ལས་འཕེལ་རྒྱས་བཏང་།

ཐུབ་མཆོག་གི་ལག་ལེན་དངོས་ཀྱི་བྱ་སྤྱོད་ལས་སླར་ཡང་སྡེ་མི་རྣམས་ཀྱི་གཟེངས་བསྟོད་ཐོབ་ཡོད་དེ། སྡེ་མི་བློ་བཟང་ནི་ཁྱིམ་ཚང་དབུལ་པོ་ཞིག་ཡིན་པ་དང་། མཉམ་ལས་ཁང་བཙུགས་པ་ནས་བཟུང་། བློ་བཟང་དང་དེ་མིན་གྱི་ཁྱིམ་ཚང་ལྔ་ཡིས་མཉམ་ལས་ཁང་དུ་འབྲི་གཡག་གསོ་བའི་ལས་འགན་འཁུར་བ་རེད།

“ཐོག་མར་འབྲི་གཡག་བདུན་ཅུ་ལྷག་ཙམ་ལས་མེད་ལ། ཧྲུའུ་ཅིས་ང་ཚོ་ཁྲིད་ནས་ཕྱུགས་རིགས་གསོ་བ་དང་བཟོ་གྲྭ་འཛུགས་པ། ཞིང་ཕྱུགས་ཐོན་རྫས་འཚོང་བ། སླར་ཡང་ཕྱུགས་རིགས་ཉོ་བ་བཅས་བྱས་པས་ད་ལྟ་མཉམ་ལས་ཁང་དུ་འབྲི་གཡག་སུམ་བརྒྱ་ལྷག་ཙམ་ཡོད”ཅེས་བློ་བཟང་གིས་དེ་ལྟར་བཤད།   དེར་མ་ཟད། ས་གནས་དེ་གར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་ཤེས་རྟོགས་བྱུང་བ་དང་སྡེ་བར་རི་ཆུ་འཛོམས་པའི་ཁྱད་སྟོབས་ལ་བརྟེན་ནས། ཐུབ་མཆོག་གིས་ད་ལོའི་དབྱར་ཁར་རིག་གནས་ཡུལ་སྐོར་ཀྱི་སྤྲོ་གསེང་གླིང་འཛུགས་རྒྱུ་གཏན་འཁེལ་བྱས་པ་རེད།

“མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱ་རྒྱུ་ནི་དོན་དག་བཟང་པོ་ཞིག་ཡིན་པ་དང་། རྗེས་མར་ང་ཚོས་ཞིང་སྡེ་དར་སྤེལ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་རང་སྡེ་བའི་རིག་གནས་ཀྱི་ཁྱད་ཆོས་བཏོད་དགོས།  ལོ་འདི་གཉིས་ཀྱི་རིང་ལ་ཀ་ཐོག་ཡུལ་ཚོ་ལ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ནས་སྡེ་བའི་ནང་དུ་མགྲོན་ཁང་དང་ཟ་ཁང་གཉིས་འཛོམས་ཀྱི་སྤྲོ་གསེང་གླིང་བཙུགས་པ་དེ་ནི་སྡེ་བའི་ཡོང་འབབ་གསར་གཏོད་ཀྱི་ཐབས་གཞན་ཞིག་རེད”ཅེས་ཐུབ་མཆོག་གིས་བཤད།

ད་ལྟའི་བུ་ཡུག་སྡེ་བའི་བགྲོད་ལམ་གཙང་ཞིང་གྲལ་འགྲིག་པ་དང་མང་ཚོགས་ཀྱི་འཚོ་བ་ཕྱུག་ཅིང་། སྡེ་བའང་མཛེས་སྡུག་ལྡན་པར་གྱུར་ཡོད་པས་སྡེ་མིའི་དངོས་པོའི་དགོས་མཁོ་དང་བསམ་པའི་རེ་འདུན་ཀྱང་མཐོར་འདེགས་བྱུང་ཡོད།  སྡེ་མི་རྣམས་སྒོ་ཕྱི་རུ་ལས་ཀ་ལས་སུ་འགྲོ་མི་དགོས་བར་མཉམ་ལས་ཁང་དང་ཕྱུགས་ལས་ཐོན་རྫས་ལས་སྣོན། ཞིང་ལས་འདེབས་འཛུགས། སྤྲོ་གསེང་གླིང་བཅས་ལ་བརྟེན་ནས་ཡོང་འབབ་ཇེ་མང་དུ་གཏོང་ཐུབ་པ་དང་། ཐུབ་མཆོག་གི་སྐུལ་ཁྲིད་འོག་སྡེ་མི་ཚོས་ལས་ཀར་ཧུར་བརྩོན་བྱས་པས། ཞིང་ལས་དང་ཕྱུགས་ལས་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་སྡེ་བའི་ཁྱིམ་ཚང་རེ་རེའི་ཡོང་འབབ་ཀྱང་ཇེ་མང་དུ་སོང་བ་རེད།

ཐུབ་མཆོག་གིས་ལག་ལེན་དངོས་ཀྱི་ཐོག་ནས་མང་ཚོགས་དབུལ་བོའི་ལས་སྐྲུན་ཕྱུག་འགྱུར་གྱི་བསམ་པའི་སྒུལ་ཤུགས་འཕེལ་བར་བྱས་ཤིང“གཞན་བརྟེན”གྱི་རྗེས་ལུས་བསམ་བློ་ལ་འགྱུར་ལྡོག་བཏང་སྟེ“རང་ཉིད་ཕྱུག་པོར་འགྱུར་དགོས་པ་དང་རང་ཉིད་ཕྱུག་པོར་འགྱུར་ཐུབ་པའི”བསམ་པའི་ཀུན་སློང་བཟང་པོ་ཞིག་ཆགས་པར་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་པར་སྲ་བརྟན་དུ་གཏོང་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།  ཁོས་རྒྱུན་དུ་བཤད་རྒྱུར། “ཕྱུག་འགྱུར་གྱི་རྩ་བ་མི་བརྗེད་པ་དང་ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་མི་བརྗེད་པར་བྱེད་དགོས་ལ། བདེ་སྐྱིད་ཀྱི་ཕུགས་འདུན་ཆེད་དུ་ད་དུང་མུ་མཐུད་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས”ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བུན་ཁྲང་མཚོ།