མདོ་འཛིན་པ།ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ།ཁ་ཡིག་ལ་འབྱོར་འབྲིང་འཚོ་བའི་ལམ་གྱི་གསེར་ཐང་སྡེ་བ་ཞེས་པ་དེ་གཏང་རྒྱུ་ཡིན་པས་ཁྱེད་ཚོས་ཞིབ་ཏུ་ཉན་རོགས།
མདོ་འཛིན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བ་ནི།ཞིན་ཧེ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་བདུན་ཅུ་ལྷག་བསྐྱོད་ན་ད་གཟོད་སྡེ་བ་དེར་ཐོན་ཐུབ་པ་དང་། གསར་འགོད་པས་འབྲེལ་ཡོད་མི་སྣ་བརྒྱུད་དེ་སྡེ་བ་དེའི་གནས་ཚུལ་སྐོར་ལ་རྒྱུས་ལོན་རགས་ཙམ་བྱས་པར། རྨིད་བཞི་སྟོང་ལྷག་གི་མཐོ་ཚད་ན་ཆགས་པའི་འབྲོག་སྡེ་ཆེན་པོ་དེར་ཁྱོན་སྡོམ་ཁྱིམ་ཚང་ལྔ་བརྒྱ་དང་རེ་དགུ་ཡོད་ལ་མི་གྲངས་ཉིས་སྟོང་ཆིག་བརྒྱ་གྱ་དྲུག་ཡོད། སྡེ་བའི་མི་གྲངས་ཀྱི་བརྒྱ་ཆའི་གོ་བརྒྱད་ཚང་མ་བོད་རིགས་རེད། སྡེ་བ་དེར་ཏང་ཡོན་ཞེ་བརྒྱད་ཡོད་པ་དང་དེའི་ཁྲོད་དུ་བུད་མེད་ཏང་ཡོན་གཉིས་ཡོད། སྡེ་བ་ཡོངས་ལ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་བརྒྱད་ཅུ་ཡོད་ལ་མི་གྲངས་སུམ་བརྒྱ་དང་བཅུ་གཅིག་ཡོད། གསེར་ཐང་སྡེ་བར་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གསུམ་ཡོད་པ་དང་མཉམ་ལས་ཁང་དེ་དག་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་འཕར་སྣོན་ཐད་ནུས་པ་ཆེན་པོ་ཐོན་བཞིན་ཡོད། གཞན་ཡང་གསེར་ཐང་སྡེ་བས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དམ་དུ་དམིགས་ནས་སྡེབ་འི་ནང་དུ་ཁོར་ཡུག་འཕྲོད་བསྟེན་མཐུན་ཚོགས་ཞེས་པ་ཞིག་ཀྱང་བཙུགས་ཡོད་པས། དེས་རྩྭ་ཐང་གི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ལ་ནུས་པ་བླ་ལྷག་ཐོན་བཞིན་ཡོད།ལྷག་པར་དུ་ས་གནས་དེའི་གོང་རིམ་སྲིད་གཞུང་རིམ་པའི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག གསེར་ཐང་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་ཐད་ནས་ཀྱང་ལོ་རེ་བཞིན་འཕར་སྣོན་ཆེན་པོ་བྱུང་སྟེ། ཉིས་སྟོང་བཅོ་བརྒྱད་ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་།མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་མོ་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ལྷག་ཏུ་སླེབས་ནས།ད་ལྟ་གསེར་ཐང་སྡེ་བ་འབྱོར་འབྲིང་འཚོ་བའི་ལམ་དུ་གོམ་སྟབས་བརྟན་པོ་སྤོ་བཞིན་པའི་གནས་ཚུལ་སྐོར་ནས་ཆུ་ཁོལ་ཡུལ་ཚོའི་ཡུལ་གཙོ་ལྷ་སྲུང་རྒྱལ་གྱིས་བཤད་རྒྱུར།
གསར་འགོད་པས་ཆུ་ཁོལ་ཡུལ་ཚོའི་ཡུལ་གཙོ་ལྷ་སྲུང་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
ཡུལ་གཙོ་ལྷ་སྲུང་རྒྱལ།ད་ལོ་ཡིན་ན་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་རེད།ལོ་འདི་དག་གི་རིང་གི་བྱ་བར་ཕྱིར་དྲན་ཞིག་བྱས་ན་ཆུ་ཁོལ་ཡུལ་ཚོ་འདིར་མཚོན་ན་ཡང་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་གཅིག་གྱུར་གྱི་མཛུབ་ཁྲིད་འོག་ཏུ།ས་གནས་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་དང་རིག་གནས་གང་ཅིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།དེ་བཞིན་ང་ཚོ་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བར་མཚོན་ནས་བཤད་ནའང་གཙོ་བོ་ལོ་འདི་དག་གི་རིང་དུ།ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རིམ་པ་སོ་སོའི་ཏང་ཡོན་གྱི་དཔུང་ཁག་དང་ཏང་གི་གཅིག་གྱུར་གྱི་སྣེ་ཁྲིད་འོག གསེར་ཐང་སྡེ་བས་ཀྱང་ས་གནས་ཀྱི་མཉམ་ལས་ཁང་བཙུགས་ཏེ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།ཉིས་སྟོང་བཅོ་བརྒྱད་ལོ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་ད་ལྟ་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་བཞིན་པ་དེ་འདྲ་ཞིག་རེད།
མདོ་འཛིན་པ། ཉེ་བའི་ལོ་འདི་དག་གི་རིང་ལ་ཏང་དང་སྲིད་གཞུང་གིས་གཞི་རིམ་ས་གནས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཕྱོགས་སོ་སོའི་འཕེལ་རྒྱས་དེ་མཐོར་འདེགས་སུ་གཏོང་བ་དམིགས་འབེན་དུ་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་གྲུབ་འབྲས་གསར་བ་དེ་ཡོངས་ཁྱབ་ཏུ་མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་དུ་འཇུག་ཆེད། གཞི་རིམ་གྱི་ས་གནས་མང་ཆེ་བ་ཞིག་ལ་གོང་རིམ་རྩ་འཛུགས་ཀྱིས་ཆེད་དུ་སྡེ་སྡོད་ཧྲུའུ་ཅི་དང་པོ་མངགས་གཏོང་བྱས་ཡོད་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དེ་དག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། སྡེ་བ་སོ་སོའི་ཏང་རྩ་འཛུགས་ལ་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ། རང་ནུས་ཡོད་ཚད་སྡེ་བ་སོ་སོའི་མ་འོངས་འཚོ་བའི་བདེ་སྐྱིད་ཀྱི་ཆེད་དུ་འབུལ་བཞིན་པའི་ཡིད་དུ་འོང་བའི་གཏམ་རྒྱུད་མང་པོ་ཞིག་ང་ཚོ་ཀྲུང་ཧྭའི་ས་གཞི་ཆེན་པོ་འདིའི་ག་ས་གང་དུ་ཁྱབ་ཡོད། འཇིགས་བྱེད་སྐྱབས་ལ་མཚོན་ནའང་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་།གོང་རིམ་རྩ་འཛུགས་ཀྱིས་ཆེད་དུ་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བར་མངགས་ནས།ལོ་ངོ་ལྔ་དྲུག་ཙམ་གྱི་རིང་དུ་སྡེ་སྡོད་ཧྲུའུ་ཅི་དང་པོ་ཞིག་གི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་ཡོང་མཁན་ཞིག་རེད།
གསར་འགོད་པས་གསེར་ཐང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་འཇིགས་བྱེད་སྐྱབས་ལ་བཅར་འདྲི་བྱེད་བཞིན་པ།
སྡེ་སྡོད་ཧྲུའུ་ཅི་དང་པོ་འཇིགས་བྱེད་སྐྱབས།དེས་ན་རང་ཉིད་ལ་མཚོན་ན་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བའི་ཧྲུའུ་ཅི་དང་པོ་ཞིག་གི་འགན་ཁུར་བ་ཡིན།ཏང་གི་ཡང་དག་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཏུ་རང་ཉིད་ཀྱིས་ནམ་ཡང་འདྲ་མཉམ་དང་དྲང་བདེན།དམངས་གཙོ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་སྣེ་ཁྲིད་པ་དང་།ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་མི་དམངས་ལ་གསལ་བོར་ཤེས་སུ་འཇུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་བྱས་པས།ང་ཚོ་གསེར་ཐང་སྡེ་བར་མཚོན་ན་དབུལ་ཕོངས་ཁྱིམ་ཚང་མང་པོ་དབུལ་ཕོངས་ལས་ཐར་ནས།ད་ལྟ་འབྱོར་འབྲིང་འཚོ་བའི་ཕྱོགས་ལ་སྐྱོད་བཞིན་པའི་སྐབས་ཡིན།
མདོ་འཛིན་པ།ད་ལྟ་ས་གནས་མང་པོ་ཞིག་ཏུ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་སླར་ཡང་དབུལ་བོར་མི་འགྱུར་བ་བརྟན་འགོག་བྱས་ཏེ། འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པར་གོམ་སྟབས་བརྟན་པོ་སྤོ་བཞིན་པའི་གནད་འགག་གི་དུས་སྐབས་ཤིག་རེད། མགོན་པོ་སྐྱབས་ལ་མཚོན་ན་གསེར་ཐང་སྡེ་བའི་ཏང་ཡོན་རྒན་པ་ཞིག་དང་ལྷག་པར་དུ་སྐབས་བརྗེའི་འདེམ་བསྐོ་བརྒྱུད་ནས་ད་ལོ་ཡང་མུ་མཐུད་དུ་གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཡོད་པ་ཞིག་རེད། ཁོས་དུས་དང་རྣམ་པ་ཀུན་དུ་ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་ཡིན་པའི་འདུ་ཤེས་གསལ་བོའི་སྒོ་ནས། སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དེ་ཏང་ཡོན་རེ་རེ་ལ་ཁྱིམ་ཚང་བཅུ་རེ་ཁག་བགོས་ཀྱིས་རོགས་སྐྱོར་དང་སྣེ་ཁྲིད་བྱེད་བཅུག་པ་དང་། ལྷག་པར་དུ་གསེར་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་དགོས་ན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མཉམ་ལས་ཁང་འཛུགས་དགོས་པར་སྐུལ་སློང་བྱས་པས། སྡེ་བ་དེར་ཁྱོན་སྡོམ་མཉམ་ལས་ཁང་གསུམ་ཙམ་བཙུགས་པའི་ཁྲོད་དུ། ཉིས་སྟོང་ཉི་ཤུ་ལོར་ཞོ་ཆེན་མཉམ་ལས་ཁང་གཅིག་པུའི་ཡོང་སྒོ་དེ་སྒོར་མོ་འབུམ་བདུན་དང་ཁྲི་གསུམ་ལྷག་ལ་བུད་ནས་སྡེ་བའི་མི་དམངས་མང་ཚོགས་ཀྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྨང་གཞི་བརྟན་པོ་གཏོང་ཐུབ་པར་གྱུར་བ་ནི་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་དང་འབྲལ་ཐབས་མེད་ཅེས་འདི་ལྟར་དྲིན་གཟོའི་ཁ་བརྡ་ཐུང་ངུ་ཞིག་བྱས་བྱུང་།
གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་སྐྱབས་ཀྱིས་སྡེ་བའི་གནས་ཚུལ་གླེང་བཞིན་པ།
གསེར་ཐང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་སྐྱབས།ང་རང་ཏང་ཡོན་རྒན་པ་ཞིག་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་འགན་འཁྲི་སྣ་ཚོགས་ཕྲག་ལ་ཁུར་ཏེ།སྡེ་བའི་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཏང་ཡོན་རེ་ལ་ཁྱིམ་ཚང་བཅུ་རེ་ཁག་བགོས་ཀྱིས་སྡེ་མི་རྣམས་ཀྱི་བསམ་བློ་དང་སློབ་གསོར་ཡར་སྐུལ་དང་། དེ་མིན་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཐད་ལ་དཔེ་སྟོན་གྱི་ནུས་པ་ཐོན་པར་བྱས་ནས།སྡེ་བའི་ནང་དུ་ཞོ་ཆེན་མཉམ་ལས་ཁང་ཞེས་པ་ཞིག་བཙུགས་པ་དང་།ཉིས་སྟོང་ཉི་ཤུ་ལོར་སྒོར་མོ་འབུམ་བདུན་དང་ཁྲི་གསུམ་ལྷག་སྡེ་བའི་མི་དམངས་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་ཡིན།འདི་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད།
ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་འབྱོར་འབྲིང་འཚོ་བའི་ལམ་གྱི་གསེར་ཐང་སྡེ་བ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།
གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།