འབྲོག་སྡེ་གཉིས་ཀྱི་ཕོ་འགྱུར་གླེང་བ།
2021.04.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

མདོ་འཛིན་པ།ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་འབྲོག་སྡེ་གཉིས་ཀྱི་ཕོ་འགྱུར་གླེང་བ་ཞེས་པ་དེ་གཏང་རྒྱུ་ཡིན་པས་ཁྱེད་ཚོས་ཞིབ་ཏུ་ཉན་རོགས།

མདོ་འཛིན་པ། ཐེངས་འདིའི་བཅར་འདྲི་ཚན་ཆུང་གིས་ལམ་ཐག་རིང་བོ་བརྒྱུད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཐོན་པ་ན། ལམ་འགྲམ་དུ་ཕྲེང་དུ་བསྟར་བའི་ལྗོན་པ་དག་གི་ལོ་འདབ་འབུས་མགོ་བརྩམས་ཤིང་།ཞིང་ས་ཆེ་ཆུང་མི་འདྲ་བའི་སྟེང་དུ་འདེབས་སྔ་བའི་དགུན་གྲོ་དག་ཀྱང་སོར་དོ་གསུམ་ཙམ་ཞིག་སྔོ་ལྡེམ་མེར་ས་ཁར་བུད་འདུག་པས་ལྗང་མདོག་གི་ཚེ་སྲོག་ལ་གསོན་ཉམས་ཀྱིས་ཁེངས་ཤིང་།དཔྱིད་ཀྱི་ཉི་འོད་འཇམ་པོའི་ཀློང་ན་ལྷག་ལྷག་དགོད་པའི་ཨ་དཀར་མེ་ཏོག་གི་འདབ་མ་རེ་རེ་ལ་དཔྱིད་དཔལ་གྱི་སྐྱེས་སྟོབས་གསར་བ་ཞིག་གིས་ཡོངས་སུ་འཁྱུད་འདུག

དེ་ལྟར་དཔྱིད་དཔལ་གསར་བའི་མཛེས་སྡུག་ལ་རོལ་མྱོང་བྱེད་བཞིན་ང་ཚོ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཕྱོགས་སུ་བསྐྱོད་པ་ཡིན།

ཉིན་དེའི་གནམ་གཤིས་ཤིན་ཏུ་དྭངས་པས་གྲོང་རྡལ་ཆུང་ངུ་དེས་གྲལ་དག་ཅིང་མཛེས་པའི་སྣང་བ་ཞིག་དབང་མེད་དུ་སྟེར། ང་ཚོ་གྲོང་རྡལ་སྲིད་གཞུང་གི་ར་སྐོར་ནང་དུ་ཐོན་དུས། རླངས་འཁོར་ནག་པོ་ཆུང་ཆུང་ཞིག་ཀྱང་ཕལ་ཆེར་ང་ཚོ་དང་དུས་མཉམ་དུ་དེ་གར་ཐོན་བྱུང་ལ། དེ་ལས་སྐྱེས་པ་དར་མ་ཞིག་སར་བབ་ནས་ང་ཚོར་འཚམ་འདྲི་བྱས་བྱུང་། མ་གཞིར་ཁོ་ནི་འཕྲང་དམར་གྲོང་རྡལ་གྱི་གྲོང་གཙོ་དཀོན་མཆོག་ནོར་བུ་ཡིན་འདུག དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཁ་བརྡ་བྱས་པར་གྲོང་གཙོ་དཀོན་མཆོག་ནོར་བུ་ནི་འགྲོགས་བདེ་གཤིབ་བདེའི་མི་ཞིག་ཡིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ཞིང་། ལྷག་པར་དུ་ཁོ་རང་ནི་ལོ་ངོ་ཉེར་ལྔ་ཙམ་གྱི་རིང་དུ་ས་གནས་དེ་རུ་བྱ་བ་བསྒྲུབས་མྱོང་མཁན་ཞིག་ཡིན་པས། ཡུལ་དེར་ས་རྒྱུས་དང་མི་རྒྱུས་ཟབ་མོ་ཡོད་མཁན་ཞིག་ཡིན་པར་མ་ཟད།འཕྲང་དམར་གྲོང་རྡལ་གྱི་མངའ་འོག་ན་ཡོད་པའི་སྡེ་བ་རེ་རེའི་གནས་ཚུལ་ནི་ཁྱིམ་བདག་ལ་ཁྱིམ་རྒྱུས་ལྟར་གསལ་བོ་རེད། ང་ཚོས་ཕན་ཚུན་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ་གྲོང་གཙོ་དཀོན་མཆོག་ནོར་བུས་ས་གནས་དེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་སྐོར་ཞིག་རིམ་བཞིན་གླེང་ཞིང་། དེ་དག་གི་ཁྲོད་ནས་རྐང་ཚ་ཞོལ་མ་སྡེ་བ་དང་ལྷ་སྡེ་སྡེ་བ་གཉིས་ཀྱི་གནས་ཚུལ་རགས་རིམ་ཞིག་འདི་ལྟར་དམིགས་སུ་བཀར་ནས་གླེང་བྱུང་།

གསར་འགོད་པས་གྲོང་གཙོ་དཀོན་མཆོག་ནོར་བུ་ལ་བཅར་འདྲི་བྱེད་བཞིན་པ། 

གྲོང་གཙོ་དཀོན་མཆོག་ནོར་བུ།འཕྲང་དམར་གྲོང་རྡལ་ནི་ཁྲི་ཀ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བདུན་ལས་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ས་ཆ་ཞིག་ཡིན།ཉེ་བའི་ལོ་འགའི་སྔོན་ལ་གནད་འཁེལ་དབུལ་སྐྱོར་གྱི་བྱ་བའི་མགོ་འཛིན་དུས།རྫོང་འདིའི་དབུལ་ཕོངས་ཀྱི་བརྒྱ་ཆའི་ལྔ་བཅུ་ས་ཆ་འདི་ན་ཡོད།ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་འདིར་ཕྱི་མིག་བལྟས་ན་འཕྲང་དམར་གྲོང་རྡལ་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད།ཉེ་བའི་ལོ་བཞིའི་རིང་དུ་ཡང་དེའི་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་ཉི་ཤུ་བཏང་ཡོད།གཙོ་བོ་ཆུ་གློག་ལམ་གསུམ་དང་བརྡ་འཕྲིན།སློབ་གསོ་བཅས་ཀྱི་ཐད་ལ་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།དེ་ལས་ལྷག་པར་དུ་རྐང་ཚ་ཞོལ་མ་སྡེ་བར་མཚོན་ན་ཁུལ་དང་རྫོང་གི་སྣེ་ཁྲིད་འོག ང་ཚོས་མཆོད་རྟེན་གཞོང་ཞེས་པའི་གྲོང་རྡལ་གསར་བ་ཞིག་འཛུགས་སྐྲུན་བྱས་པ་དང་།དེའི་ནང་དུ་ཁྱིམ་ཚང་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་དང་མང་ཚོགས་ལྔ་བརྒྱ་དང་དོན་གཞི་དེ་རུ་གཏན་སྡོད་བྱེད་དུ་བཅུག དེའི་ནང་དུ་རྐང་ཚ་ཞོལ་མ་སྡེ་བར་ཁྱིམ་ཚང་དགུ་བཅུ་ཡོད་ལ།དེ་རུ་ཁོ་ཚོས་རང་གི་སྒོ་འགྲམ་ནས་སློབ་གྲྭ་དང་སྨན་ཁང་།རྒན་གསོ་ཁང་དང་རླངས་འཁོར་ས་ཚིགས་སོགས་དེང་རབས་ཅན་གྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།དེ་ལས་གཞན་ལྷ་སྡེ་སྡེ་བར་མཚོན་ན་ས་གཡུ་བཟང་ཐང་ན་ཡོད་ནི་རེད།ཀོས་ནན་རྫོང་གི་བྲག་དཀར་སོགས་ས་ཆའི་འདུས་མདོ་ན་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བ་དང་མི་དམངས་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་སོགས་ཀྱང་ལྟོས་བཅས་ཀྱིས་ཅུང་རྗེས་ལུས་ཡིན། དེ་བས་སྡེ་བ་དེས་ཏང་ཀྲི་པུའུ་དང་ཏང་ཡོན་རྣམས་ཀྱིས་གནས་ཚུལ་དེ་དག་ལ་གཞིགས་ནས་ཉེ་བའི་ལོ་འགའི་སྔོན་སྡེ་སྲོལ་དམངས་ཆིངས་གཏན་ལ་ཕབ་ནས།སྡེ་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་སྟོན་མོ་བྱེད་སྟངས། འདས་མཆོད་སྒྲུབ་སྟངས་སོགས་སྡེ་དམངས་ཀྱི་འཚོ་བའི་སྤྱིའི་ཆ་ནས་འཐུས་ཚང་དུ་བཏང་བས་ད་ལྟ་ཁོ་ཚོའི་བསམ་བློ་དང་འཚོ་བའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

མདོ་འཛིན་པ།  གྲོང་གཙོ་དཀོན་མཚོག་ནོར་བུས་བཤད་པ་ནང་བཞིན་ཉེ་བའི་ལོ་འགའི་རིང་འཕྲང་དམར་གྲོང་རྡལ་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ལྷག་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོགམཆོད་རྟེན་གཞོང་དུ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་གསར་བ་འཛུགས་སྐྲུན་བྱས་པ་དེས་ས་གནས་དེའི་མི་དམངས་མང་ཚོགས་སྐོར་ཞིག་དང་། ལྷག་པར་དུ་རྐང་ཚ་ཞོལ་མ་སྡེ་བའི་ཁྱིམ་ཚང་དགུ་བཅུ་ཙམ་གྱིས་བྱིས་པ་སློབ་གྲྭར་བསྐྱལ་བ་དང་ནད་པ་སྨན་ཁང་དུ་སྟོན་པར་སྟབས་བདེ་བཟོས་ཡོད་པ་མ་ཟད།  རྒན་པ་རྣམས་རྒན་གསོ་ཁང་དུ་འགྲོ་བ། དེ་མིན་འགྲིམ་འགྲུལ་དང་ཆུའི་ཐོན་ཁུངས་སོགས་སྔར་ལས་ལྡབ་འགྱུར་གྱིས་སྟབས་ཇེ་བདེར་བཏང་པ་ལས་ས་གནས་མང་ཚོགས་ལ་ཁེ་ཕན་དངོས་ཐོབ་ཡོད་པའི་སྐོར་ནས་རྐང་ཚ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསང་བདག་གིས་བདི་ལྟར་བཤད།

རྐང་ཚ་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསང་བདག་གིས་སྡེ་བའི་གནས་ཚུལ་གླེང་བཞིན་པ།   

རྐང་ཚ་ཞོལ་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གསང་བདག  ང་ཚོ་རྐང་ཚ་ཞོལ་མ་སྡེ་བར་མཚོན་ན་ལོ་འདི་ཚོར་འཕེལ་རྒྱས་ཆེན་པོ་ཞིག་བྱུང་ཡོད་ནོ་མཆོད་རྟེན་གཞོང་འཛུགས་སྐྲུན་བྱས་པ་བརྒྱུད་ནས་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་ནི་རེད།དེ་ལས་ཀྱང་གཙོ་བོ་མཆོད་རྟེན་གཞོང་དུ་སློབ་གྲྭ་བཙུགས་པ་དེས་ཕན་ཆེན་པོ་ཐོགས་ཡོད།སྔོན་ཆད་ང་ཚོ་སྡེ་བའི་སློབ་མ་སློབ་གྲྭར་འགྲོ་ན་སྤྱི་ལེ་དྲུག་ཅུ་ལྷག་གི་ལམ་ཐག་བརྒྱུད་ནས་རྫོང་ཐོག་ཏུ་འགྲོ་དགོས་པ་དང་།ད་ལྟ་ང་ཚོ་ཕྱུགས་ལས་སྡེ་བ་འདི་དག་གི་སློབ་མ་རྣམས་སྤྱི་ལེ་གཉིས་གསུམ་ཙམ་གྱི་ལམ་ཐག་མ་གཏོགས་བརྒྱུད་མི་དགོས་པར་སློབ་གྲྭར་ཐོན་ཐུབ་པས་སྟབས་བདེ་ཆེན་པོ་བསྐྲུན་ཡོད།དེ་ལས་གཞན་ང་ཚོ་མཆོད་རྟེན་གཞོང་དུ་རྒན་གསོ་ཁང་བཙུགས་ཡོད་པས་ཉིན་དཀར་ལོ་ལོན་རྣམས་རྒན་གསོ་ཁང་དུ་ཡོང་ནས་ལུས་ཕུང་ལ་བརྟག་དཔྱད་བྱེད་པ་དང་ཕན་ཚུན་ཁ་བརྡ་བྱེད་པ།དེ་ནས་ཟ་མ་ཟོས་རྗེས་དགོང་མོ་ཕྱིར་ཡུལ་དུ་སོང་ཆོག་པས་འདིས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་ཡོད་ནི་རེད།དེ་ལས་གཞན་མཆོད་རྟེན་གཞོང་དུ་ད་དུང་སྨན་ཁང་དང་རླངས་འཁོར་ས་ཚིགས་སོགས་ཀྱང་འཛུགས་སྐྲུན་བྱས་ཡོད་པས་ཏང་དང་སྲིད་གཞུང་གི་བཀའ་དྲིན་གྱིས་ས་གནས་འདིའི་ཕྱུགས་ལས་སྡེ་བ་འདི་དག་ལ་དངོས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད་ནི་རེད།

མདོ་འཛིན་པ། གྲོང་གཙོ་དཀོན་མཆོག་ནོར་བུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་འཕྲང་དམར་གྲོང་རྡལ་གྱི་སྡེ་བ་རེ་གཉིས་ཀྱི་འཚོ་བའི་ཆ་རྐྱེན་དང་བསམ་བློ་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཆ་ནས་ལྟོས་བཅས་ཀྱིས་ཅུང་རྗེས་ལུས་སུ་སྣང་ཡང་། ཉེ་བའི་ལོ་འགའི་རིང་ཏང་དང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་ཀྱི་མ་དངུལ་མང་པོ་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ཁྲི་ཀ་རྫོང་ཏང་ཨུ་དང་སྲིད་གཞུང་།འཕྲང་དམར་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྟོབས་དང་ལྡན་པའི་སྣེ་ཁྲིད་འོག སྡེ་བའི་ཏང་ཀྲི་པུའུ་དང་ཏང་ཡོན་བཅས་ཀྱི་འབད་བརྩོན་ལ་བརྟེན་ནས། སྡེ་བ་སྐོར་ཞིག་གི་འཚོ་བའི་ཆ་རྐྱེན་དང་སྡེ་དམངས་ཀྱི་བསམ་བློ་སོགས་ཕྱོགས་མང་པོའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ལྷག་པར་དུ་ལྷ་སྡེ་སྡེ་བ་ལྟ་བུར་མཚོན་ན་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག  སྡེ་དམངས་ཡོངས་ཀྱིས་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་དེས་སྡེ་མི་རྣམས་ཀྱི་འཚོ་བ་དང་བསམ་བློའི་ཀུན་སྤྱོད་ཐད་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ད་ལྟ་ཁྲི་ཀ་རྫོང་ཙམ་མ་གཏོགས་ཐ་ན་མཚོ་ལྷོ་ཁུལ་ཡོངས་ནས་ཀྱང་སྡེ་བ་དེ་མིག་དཔེ་ལྟ་བུར་འགྱུར་བཞིན་ཡོད། དེའི་སྐོར་ནས་ལྷ་སྡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་ཁ་བརྡ་ཐུང་ངུ་ཞིག་བྱས་བྱུང་།

ལྷ་སྡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་སྡེ་བའི་གནས་ཚུལ་གླེང་བཞིན་པ། 

ལྷ་སྡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་། རང་ཉིད་ནི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་ད་ལྟའི་བར་སྡེ་བ་འདིའི་དོན་དག་མང་པོ་ཞིག་བསྒྲུབས་ནས་ཡོང་བ་ཡིན།ལོ་འདི་དག་གི་རིང་ལ་ཕྱི་མིག་ཅིག་བལྟས་ན་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ས་གནས་ཁག་དང་ལྷག་པར་དུ་ང་ཚོ་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་བསམ་བློ་གང་ཅིའི་ཆ་ལ་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོ་སྡེ་བར་མཚོན་ན་སྡེ་སྲོལ་དམངས་ཆིངས་ཅུང་ཆ་ཚང་བ་ཞིག་ཡོད།དེའི་ནང་དོན་གཙོ་བོ་ནི་བྱེད་མི་ཆོག་པ་བཅུ་དང་གཅོད་དགོས་པ་གསུམ།ཉུང་དགོས་པ་གཉིས།མཇུག་མཐར་དམ་བཅའ་བྱེད་དགོས་པ་གཅིག་གིས་སྡེ་སྲོལ་དམངས་ཆིངས་འདི་གྲུབ་ཡོད།འདིའི་ནང་དོན་གཙོ་བོའི་ཆ་ནས་སྟོན་མོ་བྱེད་སྟངས་དང་འདས་མཆོད་སྒྲུབ་སྟངས་སོགས་ཚད་ལས་བརྒལ་མི་རུང་བ་དང་།གཞན་བརྐུ་ཁྱེར་དང་འཁོན་རྡུང་རེས།སྤྱི་ཚོགས་བདེ་འཇགས་དང་མི་རིགས་འཆམ་མཐུན་སོགས་ནང་དོན་ཅུང་ཚང་བ་ཡིན།སྡེ་སྲོལ་དམངས་ཆིངས་འདི་བཙུགས་ནས་ད་ལྟའི་བར་དུ་ལག་བསྟར་བྱས་པས་ང་ཚོའི་སྡེ་བར་མཚོན་ན་ཕན་འབྲས་ཆེན་པོ་ཐོབ་ཡོད།

མདོ་འཛིན་པ། ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་འབྲོག་སྡེ་གཉིས་ཀྱི་འཕོ་འགྱུར་གླེང་བ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།