མདོ་འཛིན་པ།ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ།ཁ་ཡིག་ལ་འབའ་མདོ་དམངས་ཀྱི་བདེ་སྐྱིད་ཆུ་རྐ་ཞེས་པ་དེ་གཏང་རྒྱུ་ཡིན་པས་ཁྱེད་ཚོས་ཞིབ་ཏུ་ཉན་རོགས།
མདོ་འཛིན་པ།རྨ་ཀླུང་སྔོན་མོའི་མཁའ་དབྱིངས་སུ་འཕྲེད་ཀྱིས་བརྐྱངས་པའི་ཐང་ནག་ཟམ་ཆེན་བརྒལ་ཏེ། འབའ་ལུང་རིང་མོ་བརྒྱུད་ནས་འགྲོ་དུས་ལམ་འགྲམ་དུ་རོང་སྡེ་མང་པོ་ཕྲེང་ལྟར་སྒྲིག་འདུགདཔྱིད་ཟླ་གསུམ་པའི་དུས་ཚིགས་འདི་ནི་ས་ཆ་དེའི་ཞིང་པ་རྣམས་ལ་མཚོན་ན་ཞིང་འདེབས་པར་གྲ་སྒྲིག་བྱེད་པའི་དུས་སྐབས་གལ་ཆེན་ཞིག་རེད། དེ་བས་ལམ་འགྲམ་གྱི་སྡེ་བ་རེ་རེའི་ཞིང་ས་ཆེ་ཆུང་སྣ་ཚོགས་ཀྱི་སྟེང་དུ་སྡེ་མི་རྣམས་ཀྱིས་ཞིང་ནང་དུ་ཆུ་གཏོང་བ་སོགས་ཞིང་འདེབས་པར་གྲ་སྒྲིག་བྱེད་པའི་ལས་ལ་བྲེལ་བཞིན་འདུགསྤྱིར་ཞིང་འདེབས་པ་ལ་ཆུ་ལུད་དྲོད་གཤེར་སོགས་ཆ་རྐྱེན་མང་པོ་ཞིག་ལྡན་དགོས་མོད། དེ་ལས་ཀྱང་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཞེས་པ་ནང་བཞིན།སྐྱེ་དངོས་གང་དང་ཅི་ཞིག་འདེབས་འཛུགས་བྱེད་པར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་དགོས་རྒྱུ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་འབྲེལ་བ་གཙོ་བོ་ཞིག་རེད།
གལ་ཏེ་དབྱར་དུས་སུ་འབའ་ལུང་རིང་མོ་བརྒྱུད་ནས་འགྲོ་མྱོང་མཁན་ཞིག་ཡིན་ན།ལམ་འགྲམ་གྱི་རྣང་ཞིང་དག་གི་ཁྲོད་དུ་ལྡེམ་ལྡེམ་གཡོ་བའི་ལོ་ལེགས་ཀྱི་རླབས་ཕྲེང་དང་སྟུག་ཅིང་འཛིང་བའི་མཐིང་མདོག་གི་ལྗོན་པ་དེ་དག་ཅིས་ཀྱང་མིག་གི་ལོངས་སྤྱོད་དུ་འགྱུར་སྲིད།ཨོ་ན་སྐྱེ་དངོས་དེ་དག་ལ་ཚེ་སྲོག་གི་ཆུ་རྒྱུན་གང་ནས་ཐོན་པ་ཡིན་ནམ་ཞེ་ན། ང་ཚོས་ཐོག་མར་འབའ་ལུང་གི་འབྲུ་མཛོད་དུ་གྲགས་པའི་མཐུན་སྒྲིལ་ཆུ་རྐ་ཞེས་པ་དེ་ནས་གླེང་དགོས་ཀྱི་ཡོད། སྔོན་ཆད་འབའ་ལུང་བའི་ས་ཆ་དེ་རུ་འདུས་སྡོད་བྱེད་པའི་ཞིང་སྡེ་མང་པོ་ཞིག་ཡོད་ཅིང་། དེ་དག་གིས་གཙོ་བོ་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། ཡིན་ནའང་ཆུའི་ཐོན་ཁུངས་མི་བཟང་བ་དང་ཆུ་རྐའི་རྒྱུ་སྤུས་ཞན་པ།ཞིང་ས་ཆུས་ཁེབས་པར་དཀའ་བ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཞིང་སའི་རྒྱ་ཁྱོན་ཆུང་ལ་འདེབས་འཛུགས་ཀྱི་རིགས་སྣ་ཉུང་བས་རང་གི་ཁ་གསོ་ཐུབ་པ་ཙམ་ལས་དཔལ་འབྱོར་གྱི་ཡོང་སྒོའི་ཐད་འཕར་སྣོན་ཅི་ཡང་མེད། གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་ཏང་དང་རྒྱལ་ཁབ་ཀྱིས་འབའ་ལུང་ཡུལ་ཚོའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་བདེ་སྡུག་སེམས་ལ་བཟུང་ནས་འབའ་ཆུ་ཡུར་བར་དྲངས་པའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས། ཡིན་ནའང་སྐབས་དེར་ཏང་དང་རྒྱལ་ཁབ་ལ་མཚོན་ནའང་དཔལ་འབྱོར་གྱི་གནོན་ཤུགས་ཧ་ཅང་ཆེ་བའི་སྐབས་དང་འཁེལ་ཡོད་པས། འཛུགས་སྐྲུན་གྱི་རྒྱུ་ཆ་གཙོ་བོ་དང་ལག་རྩལ་ཐད་ཀྱི་འགྲོ་གྲོན་སོགས་རྒྱལ་ཁབ་ཀྱིས་བཏང་བ་ཙམ་ལས།གཞན་ངལ་རྩོལ་ནུས་པ་ཚང་མ་ས་གནས་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་རེད། དུས་དེ་ནས་བཟུང་སྟེ་ཏང་དང་རྒྱལ་ཁབ་ཀྱི་སྣེ་ཁྲིད་འོག བོད་རིགས་དང་རྒྱ་རིགས།སོག་རིགས།ཧོས་རིགས། ཧོར་རིགས་དང་མན་ཇིའི་རིགས་སོགས་སྤུན་ཟླ་མི་རིགས་དྲུག་གིས་མཐུན་སྒྲིལ་གྱི་དཔུང་རྡང་མཉམ་དུ་སྦྲེལ་ནས་འབའ་ཆུ་སྔོན་མོ་ཞིང་ལ་འདྲེན་པའི་ཐད་ནུས་པ་བླ་ལྷག་བཏོན་པས་མཐུན་སྒྲིལ་ཆུ་རྐ་ཞེས་པ་དེ་ཡོངས་སུ་གྲུབ་ཅིང་འབའ་ལུང་བའི་སྨད་རྒྱུད་ཀྱི་སྡེ་བ་བཅུ་བཞི་ལ་ཞིང་ཆུ་འདྲེན་ཐུབ་པར་གྱུར། གནས་ཚུལ་དེའི་སྐོར་ནས་ལོ་ངོ་སོ་གསུམ་གྱི་རིང་དུ་ས་གནས་དེ་རུ་བྱ་བ་བསྒྲུབས་མྱོང་བའི་ཐུན་ཏེ་རྫོང་ཞིང་ཕྱུགས་དང་ཆུ་བེད་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཆོས་ཐར་རྒྱལ་གྱིས་བཤད་རྒྱུར།
ཆོས་ཐར་རྒྱལ། འབའ་ལུང་བའི་ས་ཆ་འདི་ནས་ཞིང་ཆུ་གཏོང་བཞིན་པའི་སྡེ་བ་བཅུ་བཞི་ཡོད།སྔོན་ཆད་ཀྱི་རྐ་དེ་ས་རྐ་ཡིན་ནི་རེད།ས་རྐ་ནང་ནས་ཆུ་མང་པོ་གཏོང་ཐུབ་ནི་མ་རེད།དེ་བས་ས་ཞིང་དང་སྡོང་ར་སོགས་ཆུ་ཡིས་གསོ་ཐུབ་ཀྱི་མེད་པས་ཕྱོགས་གང་ཅིའི་ཐད་ནས་དཀའ་ཁག་ཆེན་པོ་ཡོད་ནི་རེད། དོན་བཞི་ལོ་ནས་བཟུང་རྒྱལ་ཁབ་ཀྱིས་འདིའི་ཕྱོགས་ལ་མ་དངུལ་མང་དུ་བཏང་བས་ས་ཞིང་གི་མུའུ་གྲངས་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མང་ལ་སོང་། སྔོན་ཆད་ཡིན་ན་ས་ཞིང་ཆུང་ངུ་དེ་ལ་བརྟེན་ནས་རང་གི་ཕོ་བ་རྒྱགས་ཐབས་ཙམ་བྱེད་པ་ལས་དེང་སྐབས་ནང་བཞིན་སྡོང་བོ་དང་མ་རྨོས་ལོ་ཏོག སྲན་མ་སོགས་ཆུས་གསོ་ཐུབ་ཀྱི་མེད། ད་ལྟ་ཡིན་ན་ཆུ་ལ་འདང་རྒྱག་མེད་པས་ལོ་ལེགས་ཆེན་པོ་འབྱུང་བཞིན་ཡོད་པར་མ་ཟད་མ་རྨོས་ལོ་ཏོག་སོགས་ཀྱང་བཏབ་ནས་ཕྱུགས་ཟོག་ཀྱང་གསོ་བཞིན་ཡོད་པས་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནི་རེད།
མདོ་འཛིན་པ།ཕྱིས་སུ་ཏང་དང་རྒྱལ་ཁབ་ཀྱིས་ཐེངས་དུ་མར་མཐུན་སྒྲིལ་ཆུ་རྐ་དེ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་བཏང་བར་བརྟེན།རྐ་མོ་ཆེ་གོང་ཞོལ་དང་ཝ་དཀར་གོང་ཞོལ། རྒྱ་རག་དང་ཁ་སྒང་།འབའ་མདོ་སོགས་སྡེ་བ་བཅུ་བཞིའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཉེར་གཉིས་ཀྱི་མི་གྲངས་སྟོང་བདུན་དང་དགུ་བརྒྱ་རེ་གཉིས་ལ་ཕན་པ་དངོས་ཐོབ་ཡོད་པའི་གནས་ཚུལ་སྐོར་ནས་ཁ་སྒང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བླ་མ་བཀྲ་ཤིས་ཀྱིས་འདི་ལྟར་བཤད།
ཧྲུའུ་ཅི་བླ་མ་བཀྲ་ཤིས། ང་ལ་མཚོན་ན་ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་ཁ་སྒང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ལོ་རེ་འགའ་ཞིག་ལ་བྱ་བ་ལས་ནི་རེད། མཐུན་སྒྲིལ་ཆུ་རྐ་འདིར་མཚོན་ན་རྐ་མགོ་ནས་རྐ་རྔའི་བར་ཕལ་ཆེར་སྤྱི་ལེ་སུམ་ཅུ་ཙམ་ཞིག་ཡོད་ནི་རེད། སྔོན་ཆད་ཞིང་ས་ཆུང་ཞིང་ཆུ་གཏོང་དཀའ་བ་ཆུ་རྐ་ལས་ཆུ་ལེན་མི་ཐུབ་པས་ཞིང་ས་ཆུས་མི་ཁེབས། ད་ལྟ་ཡིན་ན་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལ་བརྟེན་ནས་ང་ཚོའི་ས་ཆ་འདིར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷག་པར་དུ་མཐུན་སྒྲིལ་ཆུ་རྐ་འདི་ཡང་དང་བསྐྱར་དུ་ལེགས་བཅོས་བྱས་པས་ད་ལྟ་ཆུ་གཏོང་བར་སྟབས་བདེ་དང་ཕན་ཁེ་མང་དུ་བསྐྲུན་ཡོད་པ་དང་།དེ་མིན་སྡོང་འཛུགས་ནགས་བསྐྲུན་བྱས་ཏེ་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་པ་ད་ལྟ་མིག་གིས་མཐོང་བ་འདི་བཞིན་རེད།
མདོ་འཛིན་པ།ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་ཏང་དང་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་འོག ཐུན་ཏེ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མ་དངུལ་འབོར་ཆེན་དངོས་འབེབས་བྱས་ནས།མཐུན་སྒྲིལ་ཆུ་རྐའི་ཁྱབ་ཁོངས་དེ་སྔར་ལས་རྒྱ་ཆེར་བསྐྱེད་པས་ཆུའི་ཐོན་ཁུངས་སྔར་ལས་ཕུན་སུམ་ཚོགས་པར་གྱུར་བར་བརྟེན།སྡེ་བ་དེ་དག་གིས་ཀྱང་འདེབས་འཛུགས་ཀྱི་གཞི་ཁྱོན་སྔར་ལས་རྒྱ་ཆེ་རུ་བཏང་སྟེ། གྲོ་དང་སྲན་མའི་རིགས། ཞོག་ཁོག་དང་ལོག་དཀར། སྔོ་ཚལ་སོགས་འདེབས་འཛུགས་ཀྱི་ལས་རིགས་སྣ་མང་གཉེར་བའི་ཞོར་དུ། ད་དུང་མ་རྨོས་ལོ་ཏོག་སོགས་ཀྱང་བཏབ་ནས་ཕྱུགས་ཟོག་གསོ་སྤེལ་བྱེད་པའི་ལམ་ཁ་ཡང་སྔར་ལས་རྒྱ་ཆེ་རུ་བཏང་བས་འབའ་ལུང་གི་འབྲུ་མཛོད་དུ་གྲགས་པའི་མཐུན་སྒྲིལ་ཆུ་རྐ་ཡིས་འབའ་ལུང་མི་དམངས་ལ་འཚོ་བ་གསར་བའི་སྒོ་མོ་ཞིག་ངང་གིས་ཕྱེས་པར། ས་གནས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ནམ་ཡང་ཡིད་ལ་འཁོར་ཡོད་ཅེས་འབའ་མདོ་སྡེ་བའི་སྡེ་མི་གཡང་ལོ་བཀྲ་ཤིས་ཀྱིས་རང་གི་སེམས་གཏམ་ཐུང་ངུ་ཞིག་འདི་ལྟར་བརྗོད།
མཐུན་སྒྲིལ་ཆུ་རྐའི་རྐ་མགོ
སྡེ་མི་གཡང་ལོ་བཀྲ་ཤིས། ཆུ་རྐ་འདི་ལས་པ་ནས་བཟུང་ང་ཚོ་འབའ་མདོ་སྡེ་བར་མཚོན་ནའང་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།ཞིང་ས་ཇེ་ཆེར་བཏང་བ་དང་ཆུ་ཁུངས་ཕུན་སུམ་ཚོགས་པས་ལོ་ལེགས་ཆེན་པོ་བྱུང་བཞིན་ཡོད། འདི་དག་ཚང་མ་ཏང་གི་བཀའ་དྲིན་རེད། རྐ་འདི་ད་ངོ་མ་བཟང་གི
ཉན་མཁན་རྣམ་པ།གོང་དུ་ཚང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་འབའ་ལུང་དམངས་ཀྱི་བདེ་སྐྱིད་ཆུ་རྐ་ཞེས་པ་དེ་ཡིན།ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།
གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།