ཕྱུག་འགྱུར་ལམ་གྱི་དུ་ལན་སྡེ་བ།
2021.04.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

མདོ་འཛིན་པ། ཉན་མཁན་རྣམ་པ།  ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ།ཁ་ཡིག་ལ་ཕྱུག་འགྱུར་ལམ་གྱི་དུ་ལན་སྡེ་བ་ཞེས་པ་དེ་གཏང་རྒྱུ་ཡིན་པས་ཁྱེད་ཚོས་ཞིབ་ཏུ་ཉན་རོགས།

མདོ་འཛིན་པ། ནངས་མོ་དེར་ང་ཚོ་གསར་འགོད་ཚན་ཆུང་ཀོས་ནན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཞུང་ལས་ཁང་དུ་ཐོན་དུས། ཞོགས་པའི་དུས་ཚོད་བརྒྱད་འདས་མ་ཙམ་ཡིན་ཞིང་ཉིན་སྔོན་མའི་དུས་ཆད་ནང་བཞིན་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མི་སྣ་རེ་གཉིས་ཀྱང་ཏག་ཏག་གཞུང་ལས་ཁང་དུ་ཐོན་འདུག སྐབས་དེར་ང་ཚོས་དྲིལ་སྒྲོག་པུའུ་ཡི་བཀོད་སྒྲིག་ལྟར་དུ་གཞུང་ལས་ཁང་དེའི་འབྲེལ་ཡོད་མི་སྣ་གཅིག་དང་མཉམ་དུ་མང་ཆུ་སྔོན་མོའི་བཞུར་རྒྱུན་དང་འགྲོགས་ནས།ཀོས་ནན་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་ཡོད་པའི་མང་ར་ཡུལ་ཚོའི་ཕྱོགས་སུ་ལམ་ལ་ཆས་པ་ཡིན། ལམ་བར་དུ་འབྲེལ་ཡོད་མི་སྣ་ལས་རྒྱུས་ལོན་བྱུང་བ་ལྟར་ན་ཀོས་ནན་རྫོང་མང་ར་ཡུལ་ཚོ་རུ་སྡེ་བ་ཉི་ཤུར་ཉེ་བ་ཙམ་ཞིག་ཡོད་ཅིང་། སྡེ་བ་དེ་དག་ཚང་མ་ཞིང་ལས་གཙོ་བོར་གཉེར་བའི་རོང་སྡེ་རྐྱང་རྐྱང་ཡིན་ནའང་སྡེ་བ་རེ་འགའ་ཞིག་ཏུ་ལུག་དང་བ་གླང་སོགས་ཀྱང་གང་ལ་གང་འཚམ་རེ་འཚོ་སྐྱོང་བྱེད་བཞིན་ཡོད་པར་བཤད། ཐེངས་འདིར་ང་ཚོས་བཅར་འདྲི་བྱེད་ཡུལ་གྱི་སྡེ་བ་ནི་མང་ར་ལུང་པ་དེ་མང་སྟོད་དང་མང་སྨད་གཉིས་སུ་དབྱེ་བར་མང་སྟོད་ཀྱི་ཁོངས་སུ་གཏོགས་པའི་དུ་ལེན་ཞེས་པའི་སྡེ་བ་དེ་ཡིན་འདུག  མང་གཞུང་རིང་མོ་བརྒྱུད་ནས་ཡུན་རིང་འགྲོ་མ་དགོས་པར་གཞི་ནས་དུ་ལན་སྡེ་བར་ཐོན་བྱུང་། སྡེ་བ་དེ་ནི་མང་སྨད་དུ་འགྲོ་སའི་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཆགས་འདུག་པ་དང་། ཞིབ་ཏུ་བལྟས་ན་སྡོང་བོ་ཆེན་པོ་དག་གི་བར་དང་བར་གསེང་ནས་རོང་ཁྱིམ་རེ་རེ་ག་ལེར་མཐོང་ཐུབ་ཅིང་དེང་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྒོ་དང་གཞི་མ་དག་ནི་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་མིག་ལ་མཛེས་པར་སྣང་། ཞོགས་པ་དེར་དུད་སྤྲིན་སྲབ་མོ་ཞིག་ཀྱང་རོང་སྡེ་དེའི་མཁའ་དབྱིངས་སུ་ལྷོད་ཀྱིས་འཁྱིལ་འདུག་པས་མི་རྣམས་ལ་ལྷིང་འཇགས་དང་འཆམ་མཐུན་གྱི་སྣང་བ་ཞིག་དབང་མེད་དུ་སྟེར་གྱི་འདུག

ང་ཚོ་ཐོག་མར་སྡེ་བ་དེའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་བ་ཡིན།ང་ཚོ་ཐོན་པ་ཅུང་སྔ་བའི་དབང་གིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་སྡེ་མི་རེ་འགའ་ཞིག་ཏང་ཡོན་བྱ་འགུལ་ཁང་དུ་ཐོན་རུང་ཡིན་ཞིང་། ཁྱོད་ཚོ་བདེ་མོ་ཟེར་བཞིན་ང་ཚོར་འཚམ་འདྲི་བྱས་བྱུང་།

སྐབས་དེར་ང་ཚོས་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་འདིར་སྡེ་བ་དེའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཐད་རྒྱུས་ལོན་རགས་ཙམ་བྱས་པར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་བྷོ་ཡིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་དུ་ལན་སྡེ་བའི་གནས་ཚུལ་སྐོར་ང་ཚོ་ལ་ཁ་བརྡ་འདི་ལྟར་བྱས།

དུ་ལན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་བྷོ་ཡིས་སྡེ་བའི་གནས་ཚུལ་གླེང་བཞིན་པ།

དུ་ལན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་བྷོ། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཁྱད་པར་བ་ཞིག་རེད།དེས་ན་རང་ཉིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་ཕྱིར་འདང་ཞིག་བརྒྱབ་ན་ད་སྐབས་ས་ཆ་སོ་སོར་འཕེལ་རྒྱས་མི་ཉུང་བ་ཞིག་བྱུང་འདུགརང་རེ་དུ་ལན་སྡེ་བ་འདིར་མཚོན་ནས་བཤད་ན་ཡང་སྔོན་ཆད་ཕྱོགས་གང་ཅིའི་ཆ་ནས་ཆ་རྐྱེན་ཧ་ཅང་ཞན་ནི་རེད།སྤྱིར་བཤད་ན་ང་ཚོ་དུ་ལན་སྡེ་བ་འདི་ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་པའི་སྡེ་བ་ཞིག་ཡིན། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ང་ཚོ་སྡེ་བས་མ་རྨོས་ལོ་ཏོག་བཏབ་ནས་བ་གླང་གསོ་རྒྱུའི་འཆར་གཞི་ཞིག་བཟོས་ནི་རེད།དེ་ཡིན་ན་ཐོག་མར་མ་རྨོས་ལོ་ཏོག་འདེབས་རྒྱུའི་ཐད་ལ་མང་ཚོགས་མང་པོ་ཞིག་ཡིད་འཐད་ཆེན་པོ་བྱུང་གི་མེད།དེ་བས་ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་ནས་མ་རྨོས་ལོ་ཏོག་བཏབ་སྟེ་བ་གླང་གསོ་རྒྱུའི་མགོ་བརྩམས་ནི་རེད།སྔོན་ཆད་ང་ཚོའི་བ་གླང་དེ་ཕྱིར་འཚོང་བྱེད་པར་བ་གླང་གཅིག་གི་རིན་གོང་སྒོར་མོ་སྟོང་གསུམ་བཞི་ཙམ་ཡིན་པ་དང་ད་ལྟ་ང་ཚོས་བ་གླང་རྒྱུད་རྫོགས་པར་བརྟེན་ནས།བ་གླང་གི་ཁ་གྲངས་ཇེ་ཉུང་དུ་བཏང་པ་དང་རྒྱུ་སྤུས་ཇེ་ལེགས་སུ་སོང་ཡོད་པས། བེའུ་ཞིག་ལའང་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་ཙམ་སྟེར་གྱི་ཡོད་པས་དེས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོར་ཇེ་མཐོར་གཏོང་ཐུབ་ཀྱི་ཡོད།ད་ལོ་ཡང་ང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་དུ་བ་གླང་གསོ་སྤེལ་བྱེད་པའི་ལས་ཀ་ཞིག་མུ་མཐུད་དུ་གཉེར་རྩིས་ཡོད་པ་དང་།ཞིང་སའི་སྟེང་དུ་ཡང་སྔར་ལས་མང་པའི་མ་རྨོས་ལོ་ཏོག་འདེབས་རྩིས་ཡོད།ཞིང་སའི་སྟེང་མ་རྨོས་ལོ་ཏོག་བཏབ་ན་རྒྱལ་ཁབ་ཀྱིས་ས་མུའུ་གཅིག་གི་ནང་ཁ་གསབ་སྒོར་མོ་བཞི་བརྒྱ་དང་ཉི་ཤུ་ལྷག་སྟེར་བཞིན་ཡོད།དེ་དག་ཚང་མ་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་བཀའ་དྲིན་ལས་བྱུང་བ་རེད།

མདོ་འཛིན་པ། དུ་ལན་སྡེ་བར་མཚོན་ན་སྔོན་ཆད་གསོ་སྤེལ་བྱེད་པའི་བ་གླང་ནི་གཙོ་བོ་སྔོན་ཆད་རང་གི་ས་གནས་སུ་ཡོད་པའི་བ་གླང་ཆུང་ངུ་དེའི་རིགས་རེད། བ་གླང་དེ་དག་ཕྱིར་འཚོང་བྱེད་སྐབས་རིན་གོང་དེ་འདྲ་མཐོན་པོར་མི་འགྲོ་བའི་གནད་དོན་དངོས་ལ་གཞིགས་ནས། དུ་ལན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཀྱིས་ཕྱི་རྒྱལ་གྱི་བ་གླང་དེ་དག་ནང་འདྲེན་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་། བ་གླང་དེ་དག་གསོ་སྤེལ་བྱེད་པར་གཟན་ཆས་ཀྱང་མ་རྨོས་ལོ་ཏོག་འདེབས་དགོས་ཀྱི་ཡོད་སྟབས། སྲོལ་རྒྱུན་གྱི་ཞིང་ཕྱུགས་གཉེར་སྟངས་ཐད་གོམས་ལོབས་སུ་སོང་བའི་དུ་ལན་སྡེ་བའི་སྡེ་མི་རྣམས་ལ་མཚོན་ན་གློ་བུར་དུ་དོན་དག་དེའི་རིགས་དང་ལེན་བྱེད་ཐུབ་ཀྱི་མེད་སྟབས། དུ་ལན་སྡེ་བའི་ཏང་ཡོན་རྣམས་ཀྱིས་གནས་ཚུལ་དེའི་སྐོར་ནས་སྡེ་བའི་མི་དམངས་མང་ཚོགས་ལ་གོ་བསྐོན་བློ་འགུག་ཇི་ལྟར་བྱས་ཚུལ་སྐོར་ནས་དུ་ལན་སྡེ་བའི་ཏང་ཡོན་རྒན་པ་བསོད་བྷེ་ཡིས་འདི་ལྟར་བཤད།

གསར་འགོད་པས་དུ་ལེན་སྡེ་བའི་ཏང་ཡོན་བསོད་བྷེ་ལ་བཅར་འདྲི་བྱེད་བཞིན་པ།

དུ་ལན་སྡེ་བའི་ཏང་ཡོན་བསོད་བྷེ།ང་ཚོ་སྡེ་བ་འདིར་མཚོན་ན་བ་གླང་གསོ་སྤེལ་བྱེད་རྒྱུ་དེ་གཙོ་བོ་ཡིན།སྔོན་ཆད་ཀྱི་བ་གླང་དེ་དག་རིན་གོང་མཐོན་པོར་མི་འགྲོ་བས།བ་གླང་རྒྱུད་རྫོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།བ་གླང་རྒྱུད་རྫོགས་དགོས་ཚེ་སྡེ་བའི་ནང་གི་མང་ཚོགས་ཀྱི་ཁྲོད་དུ་དེར་མི་འཐད་མཁན་ཡང་མང་པོ་ཞིག་འདུགདེ་ཡིན་ན་ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཁྱིམ་ཚང་རེ་རེར་སོང་ནས་སྡེ་མི་རྣམས་ལ་དེའི་སྐོར་ནས་སློབ་གསོ་བཏང་པ་ཡིན།དེའི་རྗེས་སུ་བ་གླང་གསོ་དགོས་ཚེ་གཟན་ཆས་སུ་མ་རྨོས་ལོ་ཏོག་འདེབས་དགོས་ཀྱི་ཡོད་པས་དེའི་སྐོར་ལའང་མང་ཚོགས་རྣམས་ཡིད་འཐད་ཆེན་པོ་མེད།དོན་དག་དེ་དག་ཚང་མའི་ཐད་ནས་ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་སྡེ་དམངས་རྣམས་ལ་སློབ་གསོ་བཏང་པ་བརྒྱུད་ད་གཟོད་སྡེ་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་།ཕྱིས་སུ་བ་གླང་དེ་དག་ཕྱིར་འཚོང་བྱས་པར་སྡེ་བའི་ནང་སྔོན་ཆད་གསོ་སྤེལ་བྱེད་པའི་བ་གླང་དང་བསྡུར་ན་རིན་གོང་ལྡབ་འགྱུར་གྱིས་མཐོ་རུ་ཕྱིན་ཡོད་པས་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་ཐད་འཕར་སྣོན་ཆེན་པོ་བྱུང་སོང་།

མདོ་འཛིན་པ། དོན་འགྲུབ་ནི་དུ་ལན་སྡེ་བའི་སྤྱིར་བཏང་གི་སྡེ་མི་ཞིག་རེད། ང་ཚོ་ཁོ་དང་འཕྲད་དུས་ཁོས་རང་ཁྱིམ་གྱི་བྱ་བ་ཙག་ཙིག་ཅིག་ལས་རྗེས་སྡེ་བའི་སྲང་ལམ་བརྒྱུད་ནས་ང་ཚོའི་ཕྱོགས་སུ་ཡོང་བཞིན་འདུག ང་ཚོ་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ་ཁོ་ད་ལྟའི་དུ་ལན་སྡེ་བའི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལ་ཧ་ཅང་ཡིད་འཚིམ་པའི་ཉམས་ཀྱིས་འདི་ལྟར་བཤད།

དུ་ལེན་སྡེ་བའི་སྡེ་མི་དོན་འགྲུབ་ཀྱིས་སྡེ་བའི་གནས་ཚུལ་གླེང་བཞིན་པ།

དུ་ལན་སྡེ་བའི་སྡེ་མི་དོན་འགྲུབ།སྔོན་ཆད་ང་ཚོའི་སྡེ་བ་འདིར་མཚོན་ན་ཆུ་གློག་ལམ་གསུམ་སོགས་གང་གི་ཐད་ནས་ཀྱང་དཀའ་ངལ་ཡོད་པའི་སྡེ་བ་ཞིག་ཡིན།ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་གྱིས་ང་ཚོའི་སྡེ་བའི་ཆུ་གློག་ལམ་གསུམ་སོགས་ཕྱོགས་གང་ལའང་དཀའ་ངལ་ཅི་ཡང་མེད།དེ་ལས་གཞན་ད་ལྟ་ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཏང་ཡོན་རྣམས་ཀྱི་སྣེ་ཁྲིད་འོག་ང་ཚོ་སྡེ་བ་འདི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་པའི་སྒང་ཡིན།

མདོ་འཛིན་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་ཕྱུག་འགྱུར་ལམ་གྱི་དུ་ལན་སྡེ་བ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།