མདོ་འཛིན་པ།ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན།རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ།ཁ་ཡིག་ལ་དེང་རབས་ཕྱུགས་ལས་ཀྱི་སྣེ་ཁྲིད་མཁན་ཀྱྰ་ཚང་མཉམ་ལས་ཁང་ཞེས་པ་དེ་གཏང་རྒྱུ་ཡིན་པས་ཁྱེད་ཚོས་ཞིབ་ཏུ་ཉན་རོགས།
མདོ་འཛིན་པ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་ཞིང་ཕྱུགས་གཉིས་གཙོར་འཛིན་པའི་རྫོང་ཞིག་ཡིན་ལ།དེ་ལས་སུམ་མདོ་གྲོང་རྡལ་དང་ཐར་ཤུལ་ཡུལ་ཚོ་སོགས་ནི་ཕྱུགས་ལས་གཙོ་བོར་གཉེར་མཁན་གྱི་གྲས་སུ་གཏོགས། ཡིན་ནའང་ལོ་ངོ་མང་པོའི་རིང་ལ་སྲོལ་རྒྱུན་ལྟར་ཕྱུགས་འཚོ་བ་དེས་ས་གནས་མི་དམངས་མང་ཚོགས་ཀྱི་འཚོ་བར་འཕེལ་རྒྱས་དེ་འདྲ་ཆེན་པོ་འབྱུང་ཐུབ་ཀྱི་མེད་པའི་གནས་ཚུལ་དངོས་ལ་གཞིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྟོབས་ལྡན་མགོ་ཁྲིད་འོག ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཕྱུགས་ལས་ཕྱོགས་ཀྱི་ཕན་འབྲས་དང་ཡོང་སྒོ་ཇེ་མཐོར་གཏོང་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱས་ཏེ། ཉིས་སྟོང་བཅུ་ལོར་ཚན་རིག་ལྟར་ཕྱུགས་འཚོ་བའི་ལས་གཞི་ཞིག་ཚོད་ལྟའི་ཚུལ་དུ་སུམ་མདོ་གྲོང་རྡལ་གྱི་རྒྱ་ཤིང་སྡེ་བ་ནས་ལག་བསྟར་བྱེད་མགོ་བརྩམས་པ་རེད། སྐབས་དེར་རྒྱ་ཤིང་སྡེ་བའི་ན་གཞོན་ཏང་ཡོན་རིན་ཆེན་ཐར་གྱི་སེམས་སུ་རང་ཉིད་ནི་ལོ་ངོ་མང་པོའི་རིང་ལ་རྩྭ་ཐང་ནས་ཕྱུགས་འཚོས་ནས་ཡོང་མཁན་ཞིག་ཡིན་ཡང་། ད་ལྟ་ཞིབ་ཏུ་བསམ་བློ་བཏང་ན་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་དེས་རང་གི་ཁྱིམ་ཚང་དང་འཚོ་བའི་ཐད་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་གསལ་བོར་ཤེས། སྐབས་དེར་རིན་ཆེན་ཐར་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དམངས་ཕན་སྲིད་ཇུས་འདི་འདྲ་དོན་གཉེར་བྱས་ཏེ། རང་དང་འདྲ་བའི་སྡེ་མི་མང་པོ་ཞིག་གི་སྣེ་ཁྲིད་དེ་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་ཕྱུགས་འཚོ་སྐྱོང་བྱེད་པའི་ལམ་ལ་ཞུགས་རྒྱུའི་ཆོད་སེམས་བརྟན་པོ་བཞག ཡིན་ནའང་བྱ་བ་ཅི་ཞིག་ཡིན་ཡང་ཐོག་མར་མགོ་རྩོམ་པའི་སྐབས་སུ་དཀའ་སྡུག་མང་པོ་ཞིག་ལ་འཕྲད་སྲིད་པ་ནི་སྨྲས་མ་དགོས་མོད།ཁོས་ཏང་གི་སྲིད་ཇུས་བཟང་བོའི་རྒྱབ་རྟེན་ལ་ཡིད་ཆེས་ཆེན་པོ་བྱས་ཏེ།ཀྱྰ་ཚང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞེས་པ་དེ་ཐོག་མར་བཙུགས། སྐབས་དེར་སྡེ་མི་རྣམས་ཀྱིས་མཉམ་ལས་ཁང་ཞེས་པ་དེའི་གོ་དོན་གསལ་བོ་ཞིག་རྟོགས་ཐུབ་ཀྱི་མེད་པ་དང་།དེའི་ཁ་ཕྱོགས་ཀྱང་ག་འདྲ་ཞིག་ཡིན་པ་བློ་ངོར་ཤོང་ཐུབ་ཀྱི་མེད་སྟབས། རྒྱ་ཤིང་སྡེ་བའི་ཁྱིམ་ཚང་མང་པོ་ཞིག་མཉམ་ལས་ཁང་དུ་ཞུགས་རྒྱུའི་འདོད་བློ་གཏན་ནས་མེད་པ་དང་།ལྷག་པར་དུ་ཁྱིམ་ཚང་གི་ཆ་རྐྱེན་ཅུང་བཟང་བའི་སྡེ་མི་རྣམས་དེ་བས་ཀྱང་མཉམ་ལས་ཁང་གི་བྱ་བར་སྤྲོ་བ་གཏན་ནས་མི་འདུག སྐབས་དེར་རིན་ཆེན་ཐར་གྱིས་རང་ཉིད་ནི་ཏང་ཡོན་ཞིག་ཡིན་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་སྡེ་མི་མང་པོ་ཞིག་ལ་གོ་བསྐོན་བློ་འགུག་བྱས་པ་བརྒྱུད། སྡེ་བའི་ནང་གི་འབྱོར་བ་ཅུང་ཞན་པའི་སྡེ་མི་སྐོར་ཞིག་མཉམ་ལས་ཁང་ཏུ་ཞུགས་རྒྱུར་ཡིད་འཐད་བྱུང་མོད།ཁོ་ཚོར་མཚོན་ན་མཉམ་ལས་ཁང་ལ་མ་རྐང་དུ་བཞག་ཆོག་པའི་རྒྱུ་ནོར་ཆེན་པོ་མེད་པའི་སྟབས་ཀྱིས་རང་རང་གི་ཁྱིམ་ཐོ་ཁྱེར་ཡོང་ནས་མཉམ་ལས་ཁང་དུ་སྤྲོད་པ་ལས་བྱ་ཐབས་གཞན་མེད་པར་གྱུར། སྐབས་དེར་སྡེ་བའི་ནང་དུ་ཀྱྰ་ཚང་མཉམ་ལས་ཁང་ལ་ཁྱིམ་ཐོ་མཉམ་ལས་ཁང་ཞེས་པའི་དམའ་འབེབ་ཀྱི་མིང་ཞིག་ཀྱང་གང་སར་གྲགས་བཞིན་ཡོད་པ་རེད། ཡིན་ནའང་གོང་རིམ་ཏང་སྲིད་སྡེ་ཁག་གི་ཡང་དག་པའི་མཛུབ་སྟོན་དང་རྒྱབ་སྐྱོར་འོག ཀྱྰ་ཚང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། རིང་བོ་མ་འགོར་བར་མཉམ་ལས་ཁང་དེ་ལ་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་བས་སྡེ་མི་མང་པོ་ཞིག་གི་སྔར་གྱི་ལྟ་སྟངས་དེ་ལའང་རིམ་གྱིས་འགྱུར་ལྡོག་བྱུང་མགོ་བརྩམས།ཉིས་སྟོང་བཅུ་གསུམ་ལོར་ཐོན་དུས།རིམ་བཞིན་ཁྱིམ་ཚང་ང་གཅིག་ཙམ་མཉམ་ལས་ཁང་དུ་ཞུགས་ནས་ཁོ་ཚོའི་ནོར་ལུག་དང་རྩྭ་ས།ཞིང་ས་སོགས་མཉམ་ལས་ཁང་ལ་མ་རྐང་དུ་བཞག་སྟེ།ཚན་རིག་ལྟར་ཕྱུགས་འཚོ་བའི་ལམ་དུ་ཞུགས། དེའི་སྐོར་ནས་མཉམ་ལས་ཁང་དེའི་མགོ་གཙོ་རིན་ཆེན་ཐར་གྱིས་འདི་ལྟར་ཁ་བརྡ་ཐུང་ངུ་ཞིག་བྱས་བྱུང་།
ཀྱྰ་ཚང་མཉམ་ལས་ཁང་གི་མགོ་གཙོ་རིན་ཆེན་ཐར་གྱིས་མཉམ་ལས་ཁང་གི་གནས་ཚུལ་གླེང་བཞིན་པ།
རིན་ཆེན་ཐར།རང་ཉིད་ལ་མཚོན་ན་སྔོན་ཆད་ཕྱུགས་རྫི་ཞིག་ཡིན།ཉིས་སྟོང་བཅུ་ལོ་ནས་བཟུང་གོང་རིམ་སྲིད་གཞུང་གིས་ཚན་རིག་ལྟར་ཕྱུགས་འཚོ་བའི་ལས་གཞི་ཞིག་ཕྱིན་པར་རང་ཉིད་ཀྱིས་ཚོད་ལྟ་བྱས་པ་ཡིན།ཞིས་སྟོང་བཅུ་གཅིག་གི་ལོར་ཚོད་ལྟ་དེ་ལེགས་འགྲུབ་བྱུང་།དེ་ནས་བཟུང་ཚན་བཟུང་ཚན་རིག་ལྟར་ཕྱུགས་འཚོ་བའི་ཐབས་ལམ་འདིའི་རྒྱུན་སྐྱོང་བ་ཡིན།ཉིས་སྟོང་བཅུ་གསུམ་ལོར་རང་གི་སྡེ་བའི་ནང་གི་ཁྱིམ་ཁ་གཡས་གཡོན་ནས་ཁྱིམ་ཚང་ལྔ་བཅུ་བསྡུས་ནས་མཉམ་ལས་ཁང་བཙུགས།དེ་ལས་གཙོ་བོ་ཚན་རིག་ལྟར་ཕྱུགས་འཚོ་བའི་ལམ་དུ་བསྐྱོད་པ་ཡིན།
མདོ་འཛིན་པ།ཀྱྰ་ཚང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལས་རིང་དུ་བརྒལ་ཏེ་ཚན་རིག་ལྟར་ཕྱུགས་འཚོ་བའི་ལམ་དུ་བསྐྱོད་པ་དེས།ད་ལྟ་རྒྱ་ཤིང་སྡེ་བའི་མི་དམངས་མང་ཚོགས་ཀྱིས་སྲོལ་རྒྱུན་ལྟར་ཕྱུགས་འཚོ་སྟངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བའི་བར་གྱི་ཧེ་བག་དང་ཁྱད་པར་གསལ་བོར་རྟོགས་ནས།རྩྭ་ཕྱུགས་དོ་མཉམ་གྱི་སྐྱེ་ཁམས་ཕྱུགས་ལས་སྐོར་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་སྣེ་ཁྲིད་གྱི་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད།ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རེ་བ་ལེགས་འགྲུབ་བྱུང་ཡོད་པ་དང་།དེ་ལས་ཀྱང་དུས་ཡུན་ཐུང་ངུའི་ནང་མང་ཚོགས་རང་ཉིད་ཀྱི་དཔལ་འབྱོར་ཡོང་སྒོའི་ཐད་སྔོན་ཆད་རྨི་ལམ་དུ་ཡང་འཁོར་མ་མྱོང་བའི་སྔར་མེད་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་པའི་སྐོར་ནས་རིན་ཆེན་ཐར་གྱིས་བཤད་རྒྱུར།
ཀྱྰ་ཚང་མཉམ་ལས་ཁང་གི་མགོ་གཙོ་རིན་ཆེན་ཐར་གྱིས་མཉམ་ལས་ཁང་གི་གནས་ཚུལ་གླེང་བཞིན་པ།
རིན་ཆེན་ཐར།ང་ཚོའི་སྲོལ་རྒྱུན་ལྟར་གྱི་ཕྱུགས་འཚོ་སྟངས་དང་ཚན་རིག་ལྟར་ཕྱུགས་འཚོ་སྟངས་འདི་གཉིས་ལས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ཀྱི་གྲུབ་འབྲས་དེ་འདྲ་མངོན་གསལ་མ་རེད།དེ་ལས་ཚན་རིག་ལྟར་ཕྱུགས་འཚོ་སྟངས་སྤྱད་ན་གསོན་ཚད་དང་ཡོང་སྒོ།རྩྭ་ཕྱུགས་དོ་མཉམ་བཅས་ཀྱི་སྟེང་ནས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་མང་ཚོགས་ཀྱི་ཡོང་སྒོ་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་བཟང་བོ་འདུག ང་རང་ཉིད་ལ་མཚོན་ནའང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རང་གི་རུ་ཁ་ཁྱིམ་མཚེས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་ལམ་དུ་སྙེག་བཞིན་ཡོད།
མདོ་འཛིན་པ། ཕག་མོ་ཚེ་རིང་ནི་ཀྱྰ་ཚང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཞིག་ཡིན་ཞིང་།ང་ཚོ་གནས་དེར་ཐོན་དུས་ཁོས་མཉམ་ལས་ཁང་གི་མདུན་ཕྱོགས་སུ་ཀོས་ནན་རྫོང་ལ་མ་གཏོགས་ས་གནས་གཞན་དུ་མཐོང་བར་དཀོན་པའི་རྩྭ་ཐང་གི་མུ་ཏིག་ནག་པོར་གྲགས་པའི་ལུག་ནག་ཁྱུ་ཞིག་རྩྭ་རའི་ནང་ཕུད་རྗེས་འཕྲུལ་རྟ་ཞིག་ལ་ཞོན་ནས་ང་ཚོའི་གམ་དུ་སླེབས་བྱུང་། གསར་འགོད་པས་ཁོ་ལ་ཀྱྰ་ཚང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པའི་ལོ་དེ་དག་རིང་གི་གནས་ཚུལ་སྐོར་འདྲི་དུས་ཁོས་འདི་ལྟར་བཤད་བྱུང་།
གསར་འགོད་པས་ཀྱྰ་ཚང་མཉམ་ལས་ཁང་གི་ཁོངས་མི་ཕག་མོ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།
ཕག་མོ་ཚེ་རིང་།ང་ཡིན་ན་ཀྱྰ་ཚང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་སྣ་ཞིག་ཡིན།ང་རང་གིས་མཉམ་ལས་ཁང་གི་ནང་དུ་མ་རྐང་དུ་ལུག་ནག་བདུན་ཅུ་དང་ནོར་ནག་ཉེར་བདུན།ཞིང་ས་ས་མུའུ་བརྒྱ་དང་ཉི་ཤུ།རྩྭ་ས་ས་མུའུ་དྲུག་བརྒྱ་བཅོ་ལྔ་བཞག་ཡོད།ལོ་མཇུག་ཏུ་བགོ་བཤའ་རྒྱག་དུས་ཆེས་བཟང་དུས་སྒོར་མོ་ཁྲི་གཉིས་དང་སྟོང་ལྔ་དང་ཉུང་དུས་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་ཡོད།
མདོ་འཛིན་པ།ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ་ཁ་ཡིག་ལ་དེང་རབས་ཕྱུགས་ལས་ཀྱི་སྣེ་ཁྲིད་མཁན་ཀྱྰ་ཚང་མཉམ་ལས་ཁང་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།
གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།