རྨ་འགྲམ་གྱི་སྐར་ལྔའི་དར་དམར། མཐུན་སྒྲིལ་གྱི་ཨན་དར་ཆ་ག
2021.04.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

མདོ་དབུས་མཐོ་སྒང་ལ་མཚོན་ན་སྤྱི་ཟླ་བཞི་པ་ནི་དཔྱིད་མགོ་མའི་ཁ་བ་དང་ལྷན་དུ་ཚེས་ཡོང་པའི་དུས་ཚིགས་ཤིག་སྟེ། ཡུལ་ཕྱོགས་ཧྲིལ་བོར་སོས་ཀའི་རང་མདངས་ཤར་པ་ཙམ་རེད་མོད། རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་དཔའ་ལུང་གི་རི་སྡེ་དག་ལ་མཚོན་ན་ནམ་ཟླའི་དྲོད་ཚད་དང་ལྗང་སྨྱུག་གི་སྐྱེ་སྟོབས་སོགས་ཕྱོགས་གང་ཅིའི་ཐད་བལྟས་ན་དབྱར་ཁའི་ཉམས་སྣང་ཤར་འདུག ང་ཚོ་གསར་འགོད་པ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཚའི་མགུར་གྲོང་བརྡལ་ཨན་དར་ཆ་ག་སྡེ་བར་ཐོན་ཙ་ན། མེ་ཏོག་གི་རྒྱ་མཚོའི་ཡུལ་སྐོར་གནས་སུ་མི་ཚོགས་ཀྱི་འགྲོ་འོང་རབ་ཏུ་རྒོད་བའི་རྣམ་པ་དེ་ཡིས། ཡུལ་དེའི་རང་བྱུང་གི་བཀོད་པ་ལ་ཡུལ་སྐོར་གྱི་འདུ་འཛི་ག་འདྲ་ཆེ་བ་གཞི་ནས་རྟོགས་སོང་། དེ་ནས་ང་ཚོས་མུ་མཐུད་དུ་སྡེ་བ་དེའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་ན། མ་གཞི་སྡེ་བ་དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་རིགས་སྣ་མང་འདུས་སྡོད་བྱས་ཡོད་པའི་སྡེ་བ་ཞིག་རེད་ལ། དུས་ཡུན་རིང་པོར་ཏང་འཛུགས་ལ་ཤུགས་བསྣན་ནས། ཏང་ཡོན་གྱིས་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། ཡུལ་སྲོལ་ལེགས་སྒྱུར་བཅས་ཀྱི་ཐད་སྐུལ་འདེད་བཏང་ནས་གྲུབ་འབྲས་གཟེངས་སུ་ཐོན་ཚུལ་ནི། རྨ་ཆུའི་འགྲམ་ངོགས་ཀྱི་ཆེ་རྒན་པ་ནས་ཆུང་གཞོན་པའི་བར་དུ་རླུང་ལྟར་སྤུར་གྱིན་འདུག

སྡེ་བ་འདི་ལ་ཁྱིམ་ཚང་ཉིས་བརྒྱ་གྱ་བདུན་དང་མི་གྲངས་དགུ་བརྒྱ་གསུམ་ཡོད་ལ། སྡེ་བའི་ནང་དུ་བོད་རིགས་དང་རྒྱ་རིགས། ཧོས་རིགས། ཟ་ལར་རིགས། ཏུང་ཞང་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་ཡོད་པ་དང་། ཏང་ཀྲི་པུའུ་ཡི་སྣེ་ཁྲིད་དང་མི་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པས། ཨན་དར་ཆ་ག་སྡེ་བ་རུ་འོད་སྟོང་འཕྲོ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྣ་ཚོགས་བཞད་ཡོད་པ་དང་།1988ལོའི་ཟླ་བཞི་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་གི་བྱ་དགའ་གནང་བ་དང་།1990ལོའི་ཟླ་བཅུ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་གི་བྱ་དགའ་གནང་། སྡེ་བ་འདིར་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོས་ཀྱང་གཟི་བརྗིད་མཚན་སྙན་གང་མང་གནང་ཡོད་པ་དང་། གཟི་བརྗིད་མཚན་སྙན་དེ་དག་ནི་ཐོབ་སླ་བ་ཞིག་གཏན་ནས་མིན་ལ། གྲོང་རྡལ་གྱི་ཏང་ཀྲི་པུའུ་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ལས་བྱེད་མི་སྣའི་སྣེ་ཁྲིད་དང་འབད་བརྩོན་འོག ཨན་དར་ཆ་ག་སྡེ་བ་དེ་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་སྐུལ་འདེད་པའི་དཔེ་སྟོན་གནས་སུ་གྱུར་ཡོད། ཨན་དར་ཆ་ག་སྡེ་བའི་ཏང་ཡོན་རྒན་པ་ཤ་བོ་ཐར་གྱིར་བཤད་རྒྱུར།

ང་རང་སྡེ་དཔོན་ཡིན་པའི་སྐབས་སུ། ངས་མི་བཞི་ཏང་ནང་ཞུགས་སུ་བཅུག་པ་དང་། དེའི་ཁྲོད་མི་གཉིས་ནི་ཧོས་རིགས་ཡིན་པ་དང་མི་གཉིས་ནི་བོད་རིགས་ཡིན། ད་སྐབས་ཀྱང་ཆུང་ན་གཞོན་རྣམས་ལ་ཏང་ནང་དུ་ཞུགས་ན་བཟང་བ་དང་བྱ་བ་ཅི་ཞིག་སྒྲུབ་ན་ལེགས་ཚུལ་ཁ་བརྡ་བྱེད་བཞིན་ཡོད། ད་ལོ་ཡང་མི་གསུམ་ཏང་ནང་ཞུགས་ཡོད་པ་དང་གོང་རིམ་ནས་ཡོད་ཚད་བརྟག་དཔྱད་བྱས་རྗེས་ཏང་ཡོན་དངོས་མར་གྱུར་བ་རེད། མཐུན་སྒྲིལ་གྱི་ཕྱོགས་ནས་ཀྱང་སྟོན་མོ་དང་འདས་མཆོད་སྒྲུབ་པ་གང་ཡིན་རུང་ཧོས་རིགས་དང་རྒྱ་རིགས། བོད་རིགས་ཚང་མའི་སྲོལ་ཕལ་ཆེར་འདྲ་མཉམ་རེད། ང་ཚོས་ཕན་ཚུན་ལ་རོགས་རམ་བྱེད་ཀྱིན་ཡོད་ལ། ཕན་ཚུན་ལ་རོགས་རམ་བྱེད་པའི་སྲོལ་རྒྱུན་དེ་གནའ་ནས་ད་བར་དུ་གནས་ཡོད།

ཨན་དར་ཆ་ག་སྡེ་བ་ནི་མཐུན་སྒྲིལ་ཞི་མཐུན་ཁྱིམ་ཚང་གཅིག་ལྟར་བྱས་ནས་མཉམ་དུ་འབྱོར་འབྲིང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་བ་ཞིག་ཏུ་གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་སྣེ་ཁྲིད་དང་ཏང་ཡོན་རྒན་པ་དག་གི་རྒྱབ་སྐྱོར་འོག ད་ལྟ་མེ་ཏོག་གི་རྒྱ་མཚོའི་ཡུལ་སྐོར་གནས་དང་ནོར་ལུག་གསོ་སྤེལ་རྟེན་གཞི། ཆང་གི་བཟོ་གྲྭ། ཤོག་བུའི་ལས་སྣོན་བཟོ་གྲྭ། སྐྱུར་ཁུའི་ལས་སྣོན་བཟོ་གྲྭ་བཅས་ཐོན་ལས་སྣ་བཅུ་ལྷག་འཕེལ་རྒྱས་སུ་བཏང་ནས། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་གྱི་ལམ་དུ་བསྐྱོད་བཞིན་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཀྲི་ཀྲུང་གིས་བོད་རྒྱ་སྐད་གཉིས་འདྲེས་མའི་སྒོ་ནས་བཤད་རྒྱུར།

ང་ཚོའི་ཨན་དར་ཆ་ག་སྡེ་བ་རུ་ཏང་ཡོན་བཅུ་བདུན་ཡོད་པ་དང་། དེ་དག་ཚང་མ་དམའ་རིམ་སློབ་འབྲིང་ཡན་གྱི་ཆུ་ཚད་ལྡན། ཡི་གེ་ཤེས་མཁན་ཚོ་ཏང་ནང་དུ་ཞུགས་ན་མིག་རྒྱང་རིང་བ་དང་། ཏང་གི་བྱ་བ་སྣ་ཚོགས་དང་མང་ཚོགས་ལ་སྣེ་ཁྲིད་ནས་བྱ་བ་ཅི་ཞིག་སྒྲུབ་རུང་ཕན་པ་ཡོད། དེ་སྔོན་ང་ཚོའི་ཨན་དར་ཆ་ག་སྡེ་བ་ནི་ཆེས་དབུལ་བོའི་སྡེ་བ་ཞིག་ཡིན་པ་དང་། མི་རིགས་ལྔ་བོ་ཁྱིམ་ཚང་གཅིག་ལྟར་གནས་ཡོད། དེ་ནས་གོང་རིམ་གྱི་སྲིད་ཇུས་བཟང་བོ་ཅི་ཞིག་ཡོད་ཚེ་ང་ཚོས་སྡེ་བའི་སྔོན་ལ་རོལ་མྱོང་བྱེད་ཀྱིན་ཡོད་པས་ཏང་གི་བཀའ་དྲིན་ནམ་ཡང་འཇལ་ཐུབ་མེད། དེ་སྔོན་ཁྱིམ་ཚང་དུ་བཀོལ་བ་ནི་ལག་སྐྱོར་འཁོར་ལོ་ཡིན་ལ་ད་སྐབས་སྡེ་བའི་ནང་དུ་རླངས་འཁོར་ཆུང་བ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད། དེ་བས་འདི་དག་ཡོད་ཚད་ཏང་གི་བཀའ་དྲིན་ཡིན་ལ། སྡེ་བའི་ནང་དུ་ཏང་ལ་བཀའ་དྲིན་མི་ཞུ་མཁན་གཅིག་ཀྱང་མེད།

སྡེ་བའི་ནང་གི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་སྡེ་མིའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་སྡེ་བའི་གོམས་སྲོལ་ངན་པ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་།

2018ལོའི་ཟླ་བཅུ་གཉིས་པར་ཏང་ཀྲི་པུའུ་དང་ལས་བྱེད་མི་སྣས་སྣེ་ཁྲིད་དེ་གོམས་སྲོལ་བསྒྱུར་མགོ་བརྩམས་པ་དང་། དེ་སྔོན་གཉེན་སྟོན་གྱི་རྒྱུ་རིན་ལ་སྒོར་འབུམ་གཅིག་ལེན་བཞིན་ཡོད་པ་ནས་ད་ལྟ་ཁྲི་བཞི་དང་སྟོང་ལྔ་ལ་གཏན་འཁེལ་བྱས་ཡོད་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་འོག གཉེན་སྒྲིག་གོམས་སྲོལ་བསྒྱུར་ནས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་ཡ་རབས་སྲོལ་གསར་དར་སྤེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་གཏན་འབེབ་བྱས་ཏེ་ལག་བསྟར་བྱས་པས། དེ་སྔའི་ཨན་དར་ཆ་ག་སྡེ་བའི་་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སྐབས་ཀྱི་རྒྱས་སྤྲོས་རྒྱས་གཤོམ་བྱེད་པའི་སྲོལ་ངན་དོར་བས་རྒྱས་སྤྲོས་རྒྱས་གཤོམ་བྱེད་མཁན་ཇེ་ཉུང་དུ་ཕྱིན་པ་དང་། ཞིང་ཁར་དཀའ་སྤྱད་ངལ་རྩོལ་བྱེད་མཁན་ཇེ་མང་དུ་སོང་བ་མ་ཟད། ཁྱིམ་མཚེས་བར་འགལ་བ་དང་རྩོད་གཞི་ཇེ་ཉུང་དུ་སོང་ལ། སྡེ་བའི་ཕྱིའི་ཁོར་ཡུག་དང་མང་ཚོགས་ཀྱི་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཚའི་མགུར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཁྲིན་གྱིས་སྤྱི་བསྡོམས་ཀྱི་ཚུལ་དུ་བཤད་རྒྱུར།

ཨན་དར་ཆ་ག་སྡེ་བའི་ཏང་ཡོན་དང་ཀྲི་པུའུ་ཧྲུའུ་ཅི་ཚང་མ་སྡེ་བ་གཞན་དང་མི་འདྲ་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་ལ། མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིད་པར་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད། དེ་སྔོན་ཁ་ལ་ཟས་དང་རྒྱབ་ལ་གོན་པ་མེད་པའི་ཁྱིམ་ཚང་མང་པོ་ཡོད་ལ། ད་ལྟ་དེ་ལྟ་བུ་གཅིག་ཀྱང་མེད་ལ་ཁྱིམ་ཚང་གཅིག་ཏུ་རླངས་འཁོར་གཅིག་ནས་གཉིས་ཡོད་པ་ཧ་ཅང་མང་། དེ་དག་ཡོད་ཚད་ཏང་ཡོན་དང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་སྣེ་ཁྲིད་དེ་འགྱུར་ལྡོག་བྱུང་བ་ཡིན་པ་དང་། ད་ལྟ་སྡེ་བ་འདིའི་བྱ་བ་སྒྲུབ་པ་ཚང་མ་གོང་རིམ་སྲིད་གཞུང་གིས་ཁས་ལེན་ཐོབ་ཡོད།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་སྣ་ཚོགས།

ཨན་དར་ཆ་ག་སྡེ་བས་འདེབས་འཛུགས་དང་གསོ་སྤེལ། ཡུལ་སྐོར། ཐོན་ལས་བཅས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཕྱུག་འགྱུར་ཐོན་ལས་ལ་བརྟེན་ནས། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་ཞི་མཐུན་འཕེལ་རྒྱས་འབྱུང་བར་འབད་བརྩོན་བྱས་ཏེ། བདེ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་ཀྱིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དེ་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱས་ནས། ཚང་མས་གཅིག་སེམས་གཅིག་གཏད་དང་ལག་གདང་སྦྲེལ་ནས་ཐུན་མོང་གིས་འབྱོར་འབྲིང་སྤྱི་ཚོགས་དང་ཀྲུང་གོའི་ཕུགས་འདུན་བསྐྲུན་པར་འབད་བརྩོན་བྱེད་ཀྱིན་ཡོད།

གསར་འགོད་པ།ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།