མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་སུ་བོད་རིགས་གཙོ་བོ་ཡིན་ཞིང་། མི་རིགས་མང་པོ་འདུས་སྡོད་བྱེད་པའི་བིས་མདོ་ཞེས་པའི་ཡུལ་ཚོ་ཞིག་ཡོད་ལ། ཡུལ་ཚོ་དེ་རུ་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་གྱི་མཚར་སྡུག་ཁྲོད་ན་ལྷུན་གྱིས་ཆགས་པའི་སྡེ་བ་ཞིག་ཡོད་པ་དང་། སྡེ་བ་དེའི་མིང་ལ་ར་ལུང་བ་ཟེར། ར་ལུང་བ་སྡེ་བ་ན་ཏང་གི་སྲིད་ཇུས་མིག་བཞིན་སྲུང་ཞིང་རོང་འབྲོག་མང་ཚོགས་བུ་ལྟར་བྱམས་པའི་མི་བུ་འཇོན་ཐང་ཅན་ཞིག་གམ་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་མི་སྣ་གྲགས་ཅན་ཞིག་ཡོད་ལ། མི་དེའི་མིང་ལ་སྒྲོལ་མ་སྐྱབས་ཟེར། སྒྲོལ་མ་སྐྱབས་ནི་རང་གི་རང་དོན་དང་སྡེ་བའི་སྤྱི་དོན་སོགས་བྱ་བ་ཆེ་ཆུང་གང་ཡིན་རུང་ཧུར་བརྩོན་གྱིས་འཇུག་པའི་མི་བུ་སྡུག་རུས་ཅན་ཞིག་ཡིན་ཚུལ་ཀུན་གྱི་ཁས་ལེན་ཐོབ་འདུག ང་ཚོ་གསར་འགོད་པ་ར་ལུང་བ་སྡེ་བའི་ནང་ཐོན་དུས། སྒྲོལ་མ་སྐྱབས་ཀྱིས་སྡེ་བའི་ཏང་ཡོན་བྱ་འགུལ་ལྟེ་གནས་སུ་ཏང་ཡོན་རྣམས་ཀྱི་ཡིག་ཚགས་ལ་དོ་དམ་བྱེད་ཀྱིན་འདུག་ལ། ང་ཚོས་ཁོ་རང་མཐོང་སྐབས། ཁོ་ནི་བལྟས་ཚོད་ཀྱིས་སྨྲ་བ་ཉུང་ཞིང་སྒམ་བརླིང་གཏན་ཚིགས་ཅན་ཞིག་རེད་སྙམ། ཁོ་དང་མཉམ་དུ་ཁ་བརྡ་བྱས་པ་ན་ཁོ་ནི་བིས་མདོ་སློབ་འབྲིང་ནས་མཐར་ཕྱིན་རྗེས། 1983ལོར་ལན་ཀྲིག་དམག་ཁུལ་ནང་དུ་ཞུགས་པ་དང་། ཡུན་ནན་གྱི་ས་མཚམས་སུ་སོང་སྟེ་མཐའ་མཚམས་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མྱོང་ཞིང་། རྗེས་སུ་དམག་ཁོངས་ནས་ཕྱིར་བུད་དེ་ཕ་ཡུལ་དུ་ཡོང་ནས་སྡེ་མི་གཞན་དག་དང་འདྲ་བར་ཞིང་ལས་གཉེར་ཞིང་ཞོར་ལས་བཙལ་ནས་རང་ཁ་གསོ་ཐབས་ཕྱོགས་ལ་བསམ་བློ་འཁོར།
ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་མི་སྣ་སྒྲོལ་མ་སྐྱབས།
གསེར་ས་འོག་ཏུ་ཡོད་རུང་འོད་ནམ་མཁར་འཕྲོ་ཞེས་པའི་དཔེ་ལྟར། སྒྲོལ་མ་སྐྱབས་དམག་ཁོངས་ནས་ཕྱིར་ལོག་རྗེས་རེ་ཞིག་སྡེ་མི་ཕལ་བ་ཞིག་དང་འདྲ་བར་གྲགས་མེད་འགུལ་མེད་ངང་རྒྱུན་ལྡན་གྱིས་འཚོ་བ་རོལ་བཞིན་མི་ཚེ་བསྐྱངས་མོད། འོན་ཀྱང་རྒྱུད་ན་ཡོད་པའི་ཆབ་སྲིད་ཀྱི་གོ་རྟོགས་དང་གཞན་ཕན་གྱི་བྱང་སེམས་དེ་རིམ་བཞིན་སྡེ་མི་ཚོས་ཤེས་རྟོགས་བྱུང་བ་དང་། ལྷག་པར་དུ་སྡེ་བའི་ཧྲུའུ་ཅི་རྒན་པ་ཨ་ཁུ་ཡར་འཕེལ་གཙོ་བྱས་པའི་སྡེ་མི་རྣམས་ཀྱིས་ཁོ་ནི་ཕ་དམ་པའི་བུ་ཡ་རབས་གཞུང་དྲང་ཞིག་ཡིན་ལ། དོན་དག་སྣ་ཚོགས་ཡོད་ཚེ་འགན་འཁྲི་དང་དུ་ལེན་ཕོད་པའི་མི་སྤོབས་པ་ཅན་ཞིག་ཡིན་པ་གསལ་བོར་ཤེས་རྗེས། སྡེ་མི་ཡོངས་ཀྱིས་ཁོ་རང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་མི་སྣར་འཚམས་སྙམ་ནས། སྡེ་བའི་ཧྲུའུ་ཅི་རྒན་པ་ཨུ་ཁུ་ཡར་འཕེལ་གཙོ་བྱས་ཏེ་ཁོ་རང་ཏང་ནང་ཞུགས་སུ་བཅུག ཨ་ཁུ་ཡར་འཕེལ་ལ་མཚོན་ན་ཏང་ནང་དུ་ཞུགས་ནས་ལོ་ཞེ་བརྒྱད་འགོར་ཡོད་པ་དང་། ཁོས་ཀྱང་ལོ་མང་པོའི་རིང་ལ་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་མྱོང་ལ། ད་ལྟའི་སྡེ་བའི་ཧྲུའུ་ཅི་སྒྲོལ་མ་སྐྱབས་ལ་མཚོན་ན་ཁོའི་གསོ་སྐྱོང་འོག་ནས་ནར་སོན་པ་ཞིག་ཡིན་པས། ཁོས་མི་བུ་གཞུང་དྲང་དེ་སྐབས་རྗེས་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཇི་ལྟར་འོས་སྦྱོར་བྱས་ཚུལ་བཤད་རྒྱུར།
ངས་ཧྲུའུ་ཅིའི་གོ་གནས་བསྐྱུར་རྩིས་བྱེད་སྐབས། ཡུལ་ཚོའི་སྲིད་གཞུང་གི་འགོ་ཁྲིད་རྣམས་ཀྱིས་འགན་འཁྲིའི་འདུ་ཤེས་དྲག་པོའི་མི་ཞིག་གདམ་གསེས་བྱ་དགོས་ཚུལ་ང་ལ་བཤད། ཁོའི་ཨ་ཕ་དང་ཡང་ན་ཁོ་སུ་ཞིག་ཡིན་རུང་བྱ་བ་སྒྲུབ་པ་དང་སྐད་ཆ་ཅི་ཞིག་བཤད་ན་རྒྱུ་འབྲས་དྲང་བདེན་སྐྱོང་མཁན་ཞིག་རེད། ཁོ་རང་ཆུང་དུས་ནས་མི་གཞུང་དྲང་ཞིག་ཡིན་པས། ངས་ཁོ་རང་གདམ་གསེས་བྱས་ན་བཟང་སྙམ། ད་ལྟ་ཁོས་སྐབས་གསུམ་ལ་ཧྲུའུ་ཅིའི་འགན་ཁུར་བ་དང་། ཁོས་བྱ་བ་སྒྲུབ་པ་མང་ཚོགས་ཚང་མས་དགའ་བསུ་ཐོབ་བཞིན་ཡོད།
ར་ལུང་བ་སྡེ་བར་ཁྱིམ་ཚང་བརྒྱ་དང་བདུན་ཡོད་ལ། མི་གྲངས་བཞི་བརྒྱ་ལྔ་བཅུ་ཡོད། 1998ལོར་སྒྲོལ་མ་སྐྱབས་ཀྱིས་ར་ལུང་བ་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་བ་དང་། སྐབས་དེ་ནས་བཟུང་ཁོས་སྡེ་དོན་ལ་ཤ་ཚ་ཞིང་བྱ་བ་རྒྱུ་འབྲས་དྲང་བཞག་གིས་ལས་མགོ་བརྩམས། སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར།
ང་ཚོའི་སྡེ་བ་ནི་མཐུན་སྒྲིལ་བཟང་བོའི་སྡེ་བ་ཞིག་ཡིན་ལ། རྒན་བཀུར་གཞོན་བྱམས་དང་ཕན་ཚུན་རོགས་རམ་བྱེད་པར་དགའ་བའི་སྡེ་བ་ཞིག་ཡིན། ཏང་གི་སྲིད་ཇུས་བཟང་བོ་དེ་སྡེ་བའི་ཁྱིམ་ཚང་རེ་རེར་ཐོན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་རྗེས་སུ་འབྲངས་ཏེ་ལས་བརྩོན་འབད་བརྩོན་བྱས་ན། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས།
གོང་རིམ་ནས་ཁང་རྙིང་ཞིག་གསོ་དང་མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་ལས་གཞི་ཅི་ཞིག་ཡོད་ཀྱང་། ཁོ་ལ་ཉེ་རིང་ཆགས་སྡང་ཅི་ཡང་མེད་པར་འདྲ་མཉམ་གྱིས་སུ་ཚང་ལ་དཀའ་ངལ་ཡོད་ན་དེ་ཚང་ལ་སྲིད་ཇུས་བཟང་པོའི་ཁེ་བཟང་རེག་ཏུ་འཇུག་པ་རེད། དེར་མ་ཟད་སྡེ་བའི་ནང་གི་སྡེ་མི་བརྩོན་སེམས་ཅན་དག་ལ་སྣེ་ཁྲིད་བྱས་ནས་ཚོང་ལས་དང་ཞོར་ལས་སོགས་གཉེར་བར་རོགས་སྐྱོར་གང་མང་བྱས་པ་དང་། སྡེ་བའི་ནང་དུ་ཆུ་གློག་ལམ་གསུམ་དང་ཁོར་ཡུག་གཙང་སྦྲ་དང་ས་ཆ་ལྗང་བསྒྱུར། སྡོང་འཛུགས་ནགས་སྐྲུན། ཉེན་ཁང་བསྒྱུར་བཀོད་སོགས་སྡེ་བའི་རྣམ་པ་མཛེས་སྒྱུར་གྱི་རྣམ་གྲངས་མང་པོ་བརྩོན་ལེན་བྱས་པས། སྡེ་བའི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བའི་འགྱུར་ལྡོག་བྱུང་ལ། དུས་སྐབས་དེ་ནས་བཟུང་སྡེ་མི་རྣམས་ཀྱི་སེམས་གཏིང་གི་ཧྲུའུ་ཅི་བཟང་བོར་གྱུར་ཡོད། ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྡེ་བའི་བྱ་བ་ཡོད་ཚད་ཀྱི་གཙོ་གནད་དུ་བཟུང་བ་དང་། ཁོས་བཀའ་དྲིན་གྱིས་ད་ལྟ་ར་ལུང་བ་སྡེ་བ་དེ་བིས་མདོ་ཡུལ་ཚོའི་སྡེ་བ་ཡར་འགྲོའི་གྲས་སུ་གྱུར་ཡོད། ཁོའི་འབད་བརྩོན་དེ་དག་ལ་ཡང་གྲུབ་འབྲས་ཀྱང་རབ་དང་རིམ་པ་ཐོན་ཡོད་དེ། 2011ལོར་ཁོ་རང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དུ་བདམས་པ་དང་། 2013ཞིང་སྡེའི་བྱ་བའི་སྔོན་ཐོན་མི་སྒེར་དུ་བདམས་ལ། 2019ལོར་ཡུལ་ཚོའི་སྔོན་ཐོན་མི་སྒེར་དང་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་མི་སྣར་བདམས། བིས་མདོ་ཡུལ་ཚོ་སྲིད་གཞུང་གི་འགོ་གཙོ་བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར།
ར་ལུང་བ་སྡེ་བའི་ཧྲུའུ་ཅི་སྒྲོལ་མ་སྐྱབས་ལ་མཚོན་ན། ཁོ་རང་དམག་ཁོངས་ནས་ཕྱིར་བུད་རྗེས་ཀྱི་ཕྱི་ལོ་ཏང་ནང་དུ་ཞུགས་པ་དང་། དེའི་རྗེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ལོ་ཉེར་གཉིས་འགོར་ཡོད། དེའི་རིང་ལ་སྡེ་བའི་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་བཅས་ཕྱོགས་གང་ཐད་ནས་འབད་པ་ཆེན་པོ་བྱས་ཏེ། སྤྱིའི་ངོ་བོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2018ལོར་ཡུལ་ཚོ་རིམ་པ་དང་རྫོང་རིམ་པའི་འོས་སྦྱོར་བྱས་ནས་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་མི་སྣར་བདམས།
ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་ཏང་ཡོན་ཞིག་དང་ཀྲི་པུའུ་ཞིག་གི་ལས་འགན་དེ་ནམ་ཡང་དོར་མ་མྱོང་ལ། སྡེ་བའི་ནང་གི་ན་གཞོན་རྣམས་ཕྱི་རུ་ཞོར་ལས་སུ་འགྲོ་བའམ་ཡང་ན་ས་གནས་གཞན་དུ་ཚོང་གཉེར་དུ་ཕྱིན་ཏེ། ཤུལ་དུ་ལུས་པའི་ལོ་ལོན་རྒན་པ་དང་བདག་མེད་ལོ་ལོན་རྣམས་སེམས་སུ་བཅངས་ནས། ཁོ་རང་ཕྱོགས་ཡར་མར་ལ་རྒྱུགས་ཏེ་མ་དངུལ་བརྩོན་ལེན་བྱས་རྗེས། སྡེ་བའི་ནང་དུ་སྒྲིག་ཆས་ཧ་ཅང་འཛོམས་པའི་ཁང་བ་ཞིག་ལས་ནས་དེའི་མིང་ལ་བིས་མདོ་ཡུལ་ཚོ་ར་ལུང་བ་སྡེ་བའི་ཕན་ཚུན་རོགས་རེས་བདེ་སྐྱིད་གླིང་ཞེས་བཏགས་པ་རེད། དེའི་སྐོར་ནས་སྡེ་བའི་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར།
ང་ཚོའི་སྡེ་བའི་ནང་དུ་ལོ་ལོན་མང་པས། དབྱར་དུས་ན་གཞོན་རྣམས་ཞོར་ལས་སུ་སོང་རྗེས། ལོ་ལོན་སྐོར་ཞིག་གིས་ཟ་མ་གཡོས་སྦྱོར་བྱེད་པར་དཀའ་ཁག་ཡོད། སྡེ་བའི་ཏང་ཀྲི་པུའུ་དང་ཏང་ཡོན་རྣམས་ཀྱི་གྲོས་བསྡུར་ཡང་ཡང་བྱས་ཏེ། སྡེ་བ་གཞུང་ནས་ས་ཆ་ཞིག་ཉོས་ཏེ་ཁང་བ་ལས་པ་དང་། མང་ཚོགས་རྣམས་ཀྱིས་རང་འགུལ་གྱིས་སྒོར་བཅུ། ཉི་ཤུ། ལྔ་བཅུ་སོགས་ཀྱི་ཞལ་འདེབས་ཕུལ་བ་དང་། ལས་བྱེད་རྣམས་ཀྱིས་ཀྱང་རང་མོས་ལྟར་ཞལ་འདེབས་ཕུལ། དེ་དག་ཟ་འཐུང་གི་ཐད་བཀོལ་ཏེ་དབྱར་དུས་ལོ་ལོན་བཞི་བཅུ་ལྷག་གནས་དེར་བསྡུས་ཟ་འཐུང་བྱེད་བཞིན་ཡོད། དེ་མིན་ཞིང་ཆེན་དམངས་སྲིད་ཐིན་དང་རྫོང་དམངས་སྲིད་ཅུའུ་ཡིས་ལས་གཞིའི་རྒྱབ་སྐྱོར་བྱས།
རྒན་པ་རྣམས་ལ་སེམས་ཁྲལ་མེད་པའི་གནས་མཆོག་དེ་ལྟ་བུ་ཞིག་བསྐྲུན་པའང་ཁོའི་འབད་བརྩོན་ལས་ཐོབ་པ་ཅི་ལ་མིན། ཁོས་ཁེངས་སྐྱུང་གི་ཚུལ་གྱིས་རང་ལ་མཚོན་ན་ཅི་ཡང་མི་ཤེས་པས། དེ་དག་ཡོད་ཚད་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པ་དང་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་བྱེད་པ། སྡེ་བའི་ཏང་ཡོན་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་པའི་འབྲས་བུ་རེད་ཟེར། སྡེ་བ་ཡར་འགྲོ་ཞིག་ལ་སྣེ་ཁྲིད་མཁན་དང་དཔེ་སྟོན་མཁན་འདི་འདྲའི་བཟང་བོ་ཞིག་ཡོད་པས། སྡེ་མི་ཚང་མས་སེམས་སུའང་སྒྲོལ་མ་སྐྱབས་ཁས་མི་ལེན་མཁན་ཕལ་ཆེར་མེད། སྡེ་བའི་ཏང་ཡོན་རྒན་པ་ཤ་བོ་ཐར་གྱིས་བཤད་རྒྱུར།
ད་ལོར་ཧྲུའུ་ཅིར་འདེམས་སྐབས་སྒྲོལ་མ་སྐྱབས་བཟང་གི་ཞེས་ཡང་བསྐྱར་ཧྲུའུ་ཅིའི་འགན་ཁུར་བ་རེད། དེང་མ་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་མི་བཟང་ལ། ད་སྐབས་སྡོད་ཁང་དང་འཚོ་བ་སོགས་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་གྱུར་ཡོད།
ལོ་ངོ་ཉེར་གཉིས་ཀྱི་རིང་ལ་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་ཐོག་མའི་སེམས་འདུན་ནམ་ཡང་བརྗེད་མ་མྱོང་ལ། རང་ཉིད་ཀྱིས་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཞིག་གི་སྟེང་སྤྱིར་བཏང་མ་ཡིན་པའི་མི་ཚེའི་གཏམ་རྒྱུད་ཅིག་བྲིས་ཤིང་། བྱམས་བརྩེའི་ཁེངས་པའི་གཅེས་སེམས་དེ་ཕ་ཡུལ་གྱི་མི་རྣམས་ལ་ཕུལ་བས། ཚང་མས་ཁོ་ལ་གུས་བཀུར་དང་གདེང་འཇོག་མི་བྱེད་མཁན་གཅིག་ཀྱང་མེད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་པས། ར་ལུང་བ་སྡེ་བའི་ཏང་ཡོན་རྣམས་ཀྱིས་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱི་སྣེ་ཁྲིད་འོག ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཕ་ཡུལ་གྱི་མང་ཚོགས་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྲིད་ཇུས་བཟང་བོ་དྲིལ་སྒྲོག་བྱེད་བཞིན་མཆིས།
རྫོང་དང་ཡུལ་ཚོ་སྲིད་གཞུང་གིས་ཏང་གི་སྲིད་ཇུས་གསར་བ་གང་ཞིག་བསྒྲགས་རུང་། ཟླ་རེའི་ཏང་གི་གཏན་འཁེལ་ཉིན་མོར་སྔོན་ལ་ཏང་ཡོན་རྣམས་ལ་གསལ་བཤད་བྱས་པ་ཡིན་ལ། སྡེ་བའི་ལས་ཀ་ལས་ས་དང་སྟོན་མོ་འདུ་འཛོམས་བྱེད་གནས་སུ་སོང་ནས། ཏང་གི་སྲིད་ཇུས་དང་ཁྲིམས་ལུགས་སོགས་མང་ཚོགས་ལ་དྲིལ་སྒྲོག་བྱེད་བཞིན་ཡོད།
ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོགད་ལྟ་གཞི་རིམ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། སྡེ་བར་རྩྭ་ས་མོད་པས། མ་འོངས་པར་ཡང་སྡེ་བའི་ནང་དུ་མཉམ་ལས་ཁང་ཞིག་བཙུགས་ནས། ཕ་ཡུལ་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུའི་ཕུགས་འདུན་ཆེན་པོ་ཡོད་ཅེས་གདོང་ལ་སྤོབས་པའི་ཉམས་སྣང་ཤིག་ཤར་འདུག་ལ། ཁོ་ལྟ་བུའི་ཀྲི་པུའུ་བཟང་བོ་ཞིག་གི་སྣེ་ཁྲིད་ཡོད་ཚེ་ར་ལུང་བ་སྡེ་བའི་མ་འོངས་པ་སྔར་ལས་འོད་སྟོང་ལྡན་ངེས་རེད།
གསར་འགོད་པ།ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།