ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། བཀྲ་ཤིས་གླུ་སྐད་སྙན་མོ་ཏང་ལ་འབུལ།ཞེས་པར་གསན་རོགས་ཞུ།
ཉེ་བའི་ལོ་འདི་དག་གི་རིང་ལ། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་ཡུལ་ཚོ་ཉ་གཤོང་སྡེ་བས་སྲོལ་རྒྱུན་སྡེ་བ་འཛུགས་སྐྲུན་བྱེད་པའི་ཐབས་ལ་བརྟེན་ནས།ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཤིང་།གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབ་བྱས་པས། སྡེ་བ་ཧྲིལ་བོས་འབྱོར་ཕྱུག་གི་དཔལ་ལ་རོལ་འདུག
རྒྱུས་ལོན་པ་ལྟར་ན། ཉ་གཤོང་སྡེ་བར་མི་ལོ་བརྒྱ་ཕྲག་འགའི་ལོ་རྒྱུས་ལྡན་པའི་ཁང་རྙིང་དང་སྡོང་བོ་ཡོད་ལ། སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་ཡོངས་སུ་རྫོགས་ཡོད། དེའི་སྐོར་ནས་ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་རྒྱལ་གྱིས་བཤད་རྒྱུར།
“ང་ཚོ་སྡེ་བར་ཁང་བ་རྙིང་བ་རེ་འགའ་ཡོད་ལ།དེའི་ནང་ལོ་ལྔ་བརྒྱ་འགོར་བའི་ཁང་བའང་གཅིག་ཡོད་པ་དང་།དེ་མིན་ལོ་བདུན་བརྒྱ་འགོར་བའི་སྡོང་རྒན་རེ་འགའ་ཡོད།ང་ཚོས་རང་གི་སྲོལ་རྒྱུན་གྱི་ཁང་བ་དང་སྡོང་བོར་སྲུང་སྐྱོབ་བྱ་ཆེད།ཡུལ་ཚོ་སྲིད་གཞུང་ལ་སྙན་ཞུ་བྱས་ཤིང་།སྲིད་གཞུང་གིས་སྲོལ་རྒྱུན་སྡེ་བའི་རྣམ་གྲངས་བརྩོན་ལེན་བྱས་ཏེ།ད་ཡོངས་སུ་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་གྱིས་འདང་ཡོད།”
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་རྒྱལ།
སྲོལ་རྒྱུན་སྡེ་བའི་རྣམ་གྲངས་བརྩོན་ལེན་བྱས་ཏེ་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་བྱ་བ་གང་མང་བསྒྲུབས་པར་བརྟེན་ནས་སྡེ་བའི་ལས་སྒོ་སོ་སོ་ཕྱོགས་ཀུན་ནས་གོང་དུ་འཕེལ། བིས་མདོ་ཡུལ་ཚོའི་ཡུལ་གཙོ་བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར།
“ཉིས་སྟོང་བཅོ་བརྒྱད་ལོར།སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་སུམ་བརྒྱ་ལྷག་བཏང་ནས་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་ཡིན།གཙོ་བོ་སྔོན་ཆད་ཀྱི་གཞིས་རྙིང་ལ་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་དར་སྤེལ།ཡུལ་ལྗོངས་མཛེས་བཟོ་སོགས་ལག་བསྟར་དངོས་འབེབ་བྱས་པ་ཡིན།”
བིས་མདོ་ཡུལ་ཚོའི་ཡུལ་གཙོ་བསོད་ནམས་དོན་གྲུབ།
དམངས་ཕན་གྱི་བྱ་གཞག་འདི་འདྲ་ལག་བསྟར་བྱུང་བ་ནི། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་བརྟན་པོ་དང་ཏང་ཡོན་གྱི་སྣེ་ཁྲིད་བཟང་བོའི་བཀའ་དྲིན་རེད། ཉ་གཤོང་སྡེ་བའི་ཏང་ཡོན་རྒན་པ་ལྷ་ལུང་གིས་བཤད་རྒྱུར། “ང་ཚོ་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ།ཉིན་གསུམ་ལྷག་ལ་གྲོས་བསྡུར་བྱས་རྗེས་ད་གཟོད་ཐག་གིས་བཅད་དེ་སྲིད་གཞུང་ལ་སྙན་ཞུ་ཕུལ་བ་ཡིན།ཕྱིས་སུ་ཡུལ་ཚོ་སྲིད་གཞུང་གིས་དུས་ལྟར་ལག་བསྟར་དངོས་འབེབ་བྱས་སོང་།འདི་ཡོད་ཚད་ཏང་གི་བཀའ་དྲིན་རེད།”
ཏང་ཡོན་རྒན་པ་ལྷ་ལུང་།
ཉ་གཤོང་སྡེ་བའི་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཁང་རྙིང་དེ་ནི་ལོ་ན་བདུན་ཅུར་བུད་པའི་ཨ་མྱེས་ཚེ་རིང་དོན་གྲུབ་ཚང་གི་རེད། ཁང་པ་འདིས་ཉ་གཤོང་སྡེ་བའི་སྡེ་མི་རྣམས་དབུལ་ཕོངས་ལས་ཐར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ལོ་རྒྱུས་ལ་བདེན་དཔང་བྱེད་ཐུབ། ཨ་མྱེས་ཚེ་རིང་དོན་གྲུབ་གྱིས་བཤད་རྒྱུར།ལོ་ལོན་རྣམས་ལ་ལོ་སར་གྱི་དུས་སུ་ལེགས་སྐྱེས་སྟེར་པ་དང་། མེད་པོ་ཆད་པོ་རྣམས་ལ་རོགས་རམ་བྱེད་པ་སོགས་དངོས་གནས་བཟང་གི ངའི་ཁང་རྙིང་འདིའང་མི་རབས་མང་པོའི་རིང་གི་ཤུལ་ནོར་ཡིན་པས་བཤིག་མ་འདོད་པར་བསྐྱུར་མོད། ད་ལྟ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱས་སོང་། འདི་ཡོད་ཚད་ཏང་གི་བཀའ་དྲིན་རེད།
ཨ་མྱེས་ཚེ་རིང་དོན་གྲུབ།
ཨ་མྱེས་ཚེ་རིང་དོན་གྲུབ་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དམངས་གླུ་ལས་བཀྲ་ཤིས་གླུའི་རྒྱུན་འཛིན་པ་རེད། ཁོས་ལག་པ་ཁང་བའི་གྱང་ངོས་སུ་འཁེན་ནས། “ཏང་དབུ་བརྙེས་ནས་ལོ་བརྒྱ་འགོར་པའི་བཀྲ་ཤིས་དུས་བཟང་གི་སྐབས་འདིར། ངེད་ཚང་གི་ལོ་ངོ་ལྔ་བརྒྱ་འགོར་བའི་སྲོལ་རྒྱུན་ཁང་བའི་མདུན་ནས་རྒྱལ་ཁབ་དར་ཞིང་མི་རིགས་མཐུན་སྒྲིལ་ཡོང་བའི་གླུ་ཞིག་གི་མཆོད་པ་འབུལ། གླུ་འདི་ངས་རྒྱལ་ཁབ་ལ་ཕུལ་བ་ཡིན། ཏང་ལ་ཕུལ་བ་ཡིན”ཟེར་ཞོར་དུ་བཀྲ་ཤིས་གླུ་ཞིག་བཀྱགས་བྱུང་།
རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱི་ཁྱབ་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།