ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཏང་གི་འཕེལ་རྒྱས་གོམ་སྟབས་མགྱོགས། དམངས་ཀྱི་འཚོ་བའི་ལོངས་སྤྱོད་དར། ཞེས་པ་ལ་གསན་རོགས་ཞུ།
ཉེ་ལམ།གསར་འགོད་པ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གཤོང་ཤན་བོད་རིགས་ཡུལ་ཚོར་བཅར་འདྲི་བྱེད་དུ་སོང་། ཡུལ་ཚོ་སྲིད་གཞུང་གི་ལས་བྱེད་པས་ང་ཚོ་མགོན་པོ་དོན་འགྲུབ་ཚང་ལ་ཁྲིད། མགོན་པོ་དོན་འགྲུབ་ཚང་ནི་བདེ་ཁང་སྡེ་བའི་མེད་པོ་ཡར་སོང་གི་གྲལ་ཡིན་པས།སྡེ་ཕྱི་ནང་གཉིས་ཀྱི་མང་ཚོགས་ཀྱིས་ཁ་མིག་ཡར་བལྟ་བྱེད་ཀྱིན་ཡོད་སྐད། ང་ཚོ་མགོན་པོ་དོན་འགྲུབ་ཚང་གི་ཁྱིམ་ལ་སླེབས་དུས་མགོན་པོ་དོན་འགྲུབ་ཀྱིས་ཕྱུགས་རི་འགོ་ལ་དེད་སོང་པས།ཁྱིམ་ན་ཁོའི་ཆུང་མ་མགོན་མོ་སྐྱིད་མ་གཏོགས་མི་འདུག མགོན་མོ་སྐྱིད་ལ་མཚོན་ན་ལོ་བཅུ་བདུན་གྱི་སྟེང་ནས་ཁྱིམ་ཚང་འདིར་གནས་ལ་ཡོང་ཞིང་། སྐབས་དེར་སྡེ་བ་སྤྱིའི་འཚོ་བའི་ཆུ་ཚད་ཞན་པོ་ཡིན། བདེ་ཁང་སྡེ་བའི་མགོན་པོ་དོན་འགྲུབ་ཚང་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་བལྟས་བལྟས་རིག་རིག་ལ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཅིང་། སྡེ་མི་ཀུན་གྱིས་ཁོ་ཚང་གི་སྒོ་ཁ་རྒྱུས་བཀང་ཞིང་གོ་ཁ་བུས་བཀང་འདུག་པ་ལ་བསྟོད་བསྔགས་ཀྱི་མེ་ཏོག་གང་སར་གཏོར་གྱིན་མཆིས།
ང་ཚོ་གསར་འགོད་པ་བདེ་ཁང་སྡེ་བ་ལ་ཐོན་དུས།མགོན་པོ་དོན་འགྲུབ་ཀྱིས་རི་རྩེར་གངས་དང་སྨུག་པ་འཛིན་པ། རི་སྐེད་ནགས་དང་བྲག་གིས་བརྒྱན་པ།རི་འདབས་རྩྭ་དངརྩི་ཤིང་གིས་ཁེངས་པའི་མདོ་སྨད་ཙོང་ཁའི་ཡུལ་གྱི་བླ་རི་སྟེ། རྫ་མཐོན་པོ་ཙོང་ཁའི་སྐྱེས་རིའི་སྒང་ན་ནོར་རྫི་བྱས་འདུག ཁོ་རི་སྒང་ནས་ཕྱིར་ཡུལ་ལ་ཐོན་རེག་བར་དུ་ང་ཚོས་ཁོའི་ཆུང་མ་ལ་ཁོ་ཚང་གི་སྔོན་ཆད་ཀྱི་ཁྱིམ་ཚང་གནས་ཚུལ་སྐོར་ནས་བཅར་འདྲི་ཞིག་བྱས་པ་ན། མགོན་པོ་དོན་འགྲུབ་ཀྱི་ཆུང་མ་མགོན་མོ་སྐྱིད་ཀྱིས་བཤད་རྒྱུར།
‘‘སྔོན་ཆད་ང་ཁྱིམ་ཚང་འདིར་གནས་ལ་ཡོང་དུས་ཆ་རྐྱེན་ཤིན་ཏུ་ཞན།མགྲོན་པོ་ཡོང་ན་ཇ་ལྡུག་སྤྱད་ཀྱི་དཀར་ཡོལ་ལྷག་མ་ཙམ་ཡང་མེད།ཁང་བ་ཡང་མི་བཟང་གི ཕ་གིའི་སྲིབ་འཁྱགས་ནང་གི་ས་ཁང་ཆུང་ཆུང་གན་གི་ནང་དུ་བསྡད་འདུགསྒོ་ཁ་རུ་ར་མ་ལྔ་དྲུག་ཙམ་ཞིག་ལག་འདོགས་བྱས་ཡོད་ཀིཨ་ཡེ་རྒན་ཚང་གི་ཁྱིམ་ཚང་ཡིན་པས་ཟ་འཐུང་ལ་ཡང་དཀའ་ངལ་ཆེ་གི’’
མགོན་མོ་སྐྱིད་ཀྱི་པར།
ཁོ་མོས་ན་ཆུང་དུས་ཀྱི་རང་ཉིད་ལ་ཕྱིར་དྲན་བྱེད་དུས། གདོང་ལ་སྐྱོ་བ་དང་སྨྲེང་སེམས་འདྲེས་མའི་ཉམས་ཤིག་ཤར་འདུག གལ་ཏེ་མི་དང་མིའི་བར་གྱི་འདྲ་མཉམ་མ་ཡིན་པའི་འབྱུང་རྩ་ནི་རྒྱུ་ནོར་བདག་དབང་གི་ཆེ་ཆུང་ལ་རག་ལས་པའི་དབང་དུ་བཏང་ན། འབྱོར་ཆུང་འཁོས་ཞན་གྱི་ཁྱིམ་ཚང་འདི་ལྟ་བུ་དག་གིས་རི་སྡེ་ཁྲ་མོའི་ནང་གི་ན་ཟླའི་བར་གྱི་ཁོག་དཔུང་ཤོར་སོང་ས་དང་མི་འདོད་སེམས་ཀྱི་གཤིས་ཀ་ཐེད་དུ་བོར་ནས་གཞན་གྱི་ངོ་སོ་སྲུང་ནས་འདུག་དགོས་དུས་ཀྱི་ལོ་ཟླ་ཡང་མང་པོ་བརྒྱུད་མྱོང་སྲིད། འོན་ཀྱང་དུས་ཡུན་རིང་པོར་དཀའ་སྤྱད་དང་འབད་འཐབ་བྱས་ནས་མི་ལོ་དྲུག་ཅུར་སླེབས་ལ་ཉེ་དུས། རྒྱུ་འབྲས་ཀྱི་ས་བོན་མ་ལུས་ཆོས་ཉིད་ཀྱི་ས་ཞིང་ལས་སྨིན་ཏེ། ད་ལྟ་ཁོ་ཚང་གི་ཁྱིམ་ཚང་གི་འབྱོར་བ་ཕྱུག་འགྱུར་གྱི་ཚད་དུ་ཐོན་འདུག དེ་ཡང་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ་ཟེར་ན། མགོན་མོ་སྐྱིད་ཀྱིས་མུ་མཐུད་དུ་བཤད་རྒྱུར། ‘‘གཙོ་བོ་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་ལ་སོང་པའི་རྐྱེན་གྱིས་རེད། བར་སྐབས་ཤིག་ནས་བཟུང་རང་གི་ས་ཞིང་རང་གིས་བཏབ་ཆོག་པ་དང་། ས་བོན་ཉོ་བའི་ཁ་གསབ་རོགས་དངུལ་སོགས་བྱིན་ཐལ། དེ་ནས་བཟུང་ཅུང་ཙམ་ཇེ་བཟང་ལ་བུད་ཐལ། ཕྱིས་སུ་དབུལ་སྐྱོར་གྱི་སྐོར་ནས་གོང་རིམ་ནས་ཅི་དགོས་གང་མཁོ་ལྟར་རོགས་སྐྱོར་རབ་དང་རིམ་པ་བྱས་པས། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཇེ་བཟང་ལ་བུད་ཐལ།’’
ང་ཚོས་ཁ་བརྡ་བྱས་ནས་མཚམས་འདིར་ཐོན་པ་ན། སྒོ་ཁ་ནས་སྒོ་ཁྱི་ཟུག་པའི་སྒྲ་ཞིག་ཁང་བའི་ནང་དུ་མཆེད་ཡོང་ལ། མགོན་མོ་སྐྱིད་ཀྱིས་ཁོ་ཚང་གི་བཏགས་ཁྱིས་ཁང་བའི་ལྟག་རྒྱབ་ན་མི་ཞིག་ཡོང་བའི་གོམ་སྒྲ་ཐོས་ན་རྒྱུན་དུ་དེ་ལྟར་འབ་སྐད་ཟུག་པ་རེད་ཟེར། མ་གཞི་མི་དེ་ནི་ད་སོ་མར་ཙོང་ཁའི་སྐྱེས་རིའི་སྒང་སྐེད་ནས་ཡོང་བའི་མོའི་ཁྱོ་ག་མགོན་པོ་དོན་འགྲུབ་རེད། མགོན་པོ་དོན་འགྲུབ་ནི་བལྟས་ཚོད་ཀྱིས་གཞུང་རྒྱུད་དྲང་ལ་བྱ་བ་ཀུན་ལ་སེམས་ཆུང་གིས་འཇུག་པའི་མི་དོན་ལྡན་ཞིག་གི་བཟོ་ལྟ་འདུག ཁོས་བཤད་པ་ལྟར་ན།
‘‘ངེད་ཚང་སྤྱི་ཚོགས་རྙིང་བའི་དུས་ལ་དཔོན་ཚང་གི་ཁྱིམ་རྒྱུད་ཡིན། ཕ་གིའི་ཁང་བ་གན་མི་རབས་གསུམ་བཞི་ཙམ་གྱི་ཡར་སྔོན་གྱི་ཁང་བ་རེད། ང་རང་ཉིད་ཀྱང་ཁང་བ་གན་གི་ནང་དུ་བསྡད་པ་ཡིན། རང་ཉིད་ལ་ཁང་བ་ཞིག་ལས་རྒྱུའི་ཆ་རྐྱེན་ཡོད་པ་མ་རེད།’’
མགོན་པོ་དོན་འགྲུབ།
ཡ་ཐོག་སྤྱི་ཚོགས་རྙིང་བའི་རིང་གི་ཁོ་ཚང་གི་ཁང་བ་དེ་ནི་ད་ལྟ་ཞིག་ཅིང་རལ་འདུག་ལ། ཕལ་ཆེར་ཁང་བའི་ཆེ་ཆུང་གྱན་བརྒྱད་ནས་དགུ་ཙམ་འདུག་པ་དང་།ར་བསྐོར་གྱི་ནང་དུ་ཁ་ནུབ་ཕྱོགས་སུ་གཏད་ནས་འདུག་པས་ནང་དུ་ཉི་འོད་ཀྱང་འཕྲོས་ཚོད་མི་འདུག ད་ལྟ་ར་བསྐོར་ནང་དུ་ཆེ་ཆུང་གྱན་བཞི་ལྔ་ཡོད་པའི་ཁང་བ་གསར་བ་གཉིས་ལས་འདུག་ལ། ཁང་བ་གཅིག་ནི་མགྲོན་པོ་གལ་ཆེན་ཡོང་ན་འདུག་སའི་མགྲོན་ཁང་དང་ཅིག་ཤོས་ནི་རྒྱུན་སྡོད་བྱ་ས་བྱས་འདུག ཁོས་དེའི་སྐོར་ནས་མཚམས་སྦྱོར་བྱེད་རྒྱུར། “ཆུང་དུས་སུ་ངོ་མ་དཀའ་ཁག་མྱངས་ནི་རེད། རྒྱབ་ལ་གོན་རྒྱུ་མེད། ཁ་ལ་ཟ་རྒྱུ་མེད། རྒྱུན་དུ་ནས་ཕྱེ་གོ་རེ་རྐྱང་རྐྱང་ཟས་ནི་རེད། ད་བར་འཚོ་བ་ཇེ་བཟང་ལ་སོང་ནས། ཁང་བ་གསར་པ་གཉིས་ཡོད་པའི་ནང་གི་གཅིག་རང་ཉིད་ཀྱིས་མ་རྩ་བཏང་ནས་ལས་པ་ཡིན། ཅིག་ཤོས་རྒྱལ་ཁབ་ཀྱིས་རོགས་དངུལ་བྱིན་ཏེ་ལས་པ་རེད། རྒྱལ་ཁབ་ངོ་མ་དྲིན་ཆེན་ཡིན།”
མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཞུང་ཞན་ཡུལ་ཚོ་ལ་མཚོན་ན། ཉིས་སྟོང་བཅོ་ལྔ་ལོ་ནས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དངོས་འབེབ་བྱས་ཤིང་། ཡུལ་ཚོའི་མངའ་ཁོངས་ཀྱི་སྡེ་བ་བཅུ་ཐམ་པ་དབུལ་ཕོངས་སྡེ་བའི་གྲས་སུ་བཞག་ལ། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་བཞི་བརྒྱ་ཉེར་གཅིག་ཡོད་པ་དང་། བདེ་ཁང་སྡེ་བའི་མགོན་པོ་དོན་འགྲུབ་ཚང་ཡང་དེའི་ཁྲོད་ཀྱི་གཅིག་རེད། ད་ལྟ་གོང་རིམ་ནས་རོགས་སྐྱོར་གྱི་རྣམ་གྲངས་མང་པོ་དངོས་འབེབ་བྱས་ཤིང་།ཁོང་ཚང་ལ་ཕྱུགས་ཟོག་ཀྱང་གང་འཚམ་རེ་སྦྱིན་པས། ཧ་ལམ་ནོར་བདུན་ཅུ་ལྷག་ལ་འཕེལ་འདུག དེ་མིན་ཁོའི་བུ་དང་མནའ་མ་གཉིས་ལོ་ཧྲིལ་བོར་ཕྱི་རུ་སོང་ནས་ཞོར་ལས་ལས་པ་དང་། ཁོང་བཟའ་ཟླ་གཉིས་ཀྱིས་ནོར་བདུན་ཅུ་ལྷག་འཚོ་ཞོར་དུ་བྱིས་པ་སློབ་གྲྭར་བསྐྱལ་བའི་ལས་ལ་བྲེལ་བཞིན་འདུག མགོན་པོ་དོན་འགྲུབ་ཀྱིས་ཁོ་ཚང་གི་ཁྱིམ་ཚང་གི་ཡོང་འབབ་རགས་རྩིས་བྱས་ན་སྒོར་ཁྲི་བཅུ་ལྷག་ལས་བརྒལ་འདུག་པ་དང་། ལོ་རེར་ཁོང་རྒན་རྒོན་གཉིས་ཀྱིས་ཀྱང་ནོར་འཚོས་ནས་འབྲི་བཅོ་ལྔ་ཡས་མས་ལ་བེའུ་རྩེབས་རྒྱུ་ཡོད་པས། རྒྱུ་དང་འབྱོར་བའི་ཕྱོགས་ནས་འདང་རྒྱག་སྤུ་ཙམ་ཡང་མི་འདུག བདེ་ཁང་སྡེ་བའི་ཏང་ཡོན་རྒན་པ་སྐར་མ་ཚེ་རིང་གིས་བཤད་རྒྱུར།
“མགོན་པོ་དོན་འགྲུབ་ཚང་སྔོན་ཆད་ཁྱིམ་ཚང་མེད་པོ་ཡིན། བཟའ་མི་བཅུ་གཉིས་ཡོད། དཀའ་ངལ་ངོ་མ་ཆེ་ནི་རེད། ཕྱིས་སུ་སྲིད་གཞུང་གིས་དབུལ་སྐྱོར་བྱས་པ་དང་། ནོར་ལུག་གི་རྣམ་གྲངས་བྱིན་ནི་རེད། དེ་ལྟར་ལོ་འགའ་ལ་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་ལ་བརྟེན་ནས། ད་ལྟ་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་པོའི་གྲལ་ལ་ཚུད་འདུག”
བདེ་ཁང་སྡེ་བའི་ཏང་ཡོན་རྒན་པ་སྐར་མ་ཚེ་རིང་།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་འགོར་བའི་དམིགས་བསལ་གྱི་དུས་སྐབས་འདིར། ལོ་ངོ་བརྒྱ་ཕྲག་གཅིག་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། ཁྱིམ་ཚང་རེ་རེའི་འབྱོར་ཕྱུག་གི་ཆུ་ཚད་ནི་ཡར་ངོས་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བཞིན་འདུག་ལ། དེ་ནི་གཙོ་བོ་ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་རེ་འབྲས་མ་ལུས་དམངས་ཕན་གྱི་སྟེང་ནས་སྨིན་པར་ཤུགས་སྣོན་བྱས་པའི་གྲུབ་འབྲས་མ་ཡིན་ནམ། ཏང་དང་རྒྱལ་ཁབ་ཀྱིས་མགོན་པོ་དོན་འགྲུབ་ཚང་ལྟ་བུའི་ཁྱིམ་ཚང་དུང་ཕྱུར་མང་པོ་འབྱོར་ཕྱུག་གི་ལམ་ལ་བཀོད་པའི་བཤུལ་ལམ་ན། དཀའ་སྡུག་དང་རྔུལ་ཆུ་ཡི་རིན་དོད་ག་ཙམ་ཞིག་ཕུལ་ཡོད་ཨང་། དེ་ལྟར་བསམ་བཞིན་བསམ་བཞིན་ང་ཚོ་སྡེ་བའི་གཞུང་ལམ་བརྒྱུད་ནས་ལམ་ལ་ཆས་པ་ཡིན།ལམ་གྱི་གཡས་ཕྱོགས་སུ་རི་རྩེ་འཕྲེད་ལ་གཟུར་ཙམ་བྱས་ནས་ཆགས་པའི་ཙོང་ཁའི་སྐྱེས་རི་ལ་བལྟ་ཙམ་བྱས་པ་ན། དེ་ནི་སུ་ཞིག་གིས་མགོ་བོ་སྒུར་སྒུར་ཙམ་བྱས་ནས། མེས་རྒྱལ་ལགས། ལོ་ངོ་བརྒྱ་ཡི་རིང་ལ་ཁྱེད་ཀྱིས་དཀའ་ལས་མྱངས་སོང་ཟེར་པ་དང་འདྲ་བོ་འདུག
རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱི་ཁྱབ་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།