ཧོར་རི་འབོད་སྡེ་བའི་མང་ཚོགས་ཀྱིས་ཏང་ཡོན་གྱི་སྣེ་ཁྲིད་ལ་གོང་བཀུར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་སོང་།
2021.04.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། ཧོར་རི་འབོད་སྡེ་བའི་མང་ཚོགས་ཀྱིས་ཏང་ཡོན་གྱི་སྣེ་ཁྲིད་ལ་གོང་བཀུར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་སོང་། ཞེས་པ་ལ་གསན་རོགས་ཞུ།

ཉེ་ལམ་གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞུང་ཧ་རྫོང་རྡོ་སྦིས་ཡུལ་ཚོ་ཧོར་རི་འབོད་སྡེ་བར་སོང་ནས།སྡེ་བ་དེའི་ཏང་འཛུགས་ཀྱི་གནས་ཚུལ་ཐད་ནས་བཅར་འདྲི་བྱས།      རྒྱུས་ལོན་པ་ལྟར་ན།རྡོ་སྤིས་ཡུལ་ཚོ་ཧོར་རི་འབོད་སྡེ་བས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྲུན་གྱི་སྐོར་ནས་གསུངས་པའི་གཏམ་བཤད་གྱི་དགོངས་པ་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་འཛུགས་ཐད་ཀྱི་བཀོད་སྒྲིག་ལག་ལེན་མཐིལ་ཕྱིན་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ནི་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབ་བྱེད་པའི་ཆེས་མཐའ་མཇུག་གི་སྤྱི་ལེ་ཡིན་པའི་ངེས་ཤེས་ཟབ་མོ་རྒྱུད་ལ་སྐྱེས་པར་བྱས་ཏེ། ས་གནས་རང་གི་གནས་བབ་དང་བསྟུན་ནས་སྡེ་བའི་ཏང་རྩ་འཛུགས་དང་འཛུགས་སྐྲུན་གྱི་ཕྱོགས་སུ་ཧུར་ཐག་གིས་འབད་བརྩོན་བྱས་པས། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་སོང་ཡོད་པ་མ་ཟད། སྡེ་དམངས་ཡོངས་ཀྱིས་ཏང་ཡོན་ལ་གོང་བཀུར་དང་། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་སེམས་ཀྱི་གཏིང་ལ་སིམ་ནས། སྡེ་བའི་ཏང་ཡོན་རྣམས་ཀྱི་བྱ་སྤྱོད་ལས་ཏང་གི་བདེ་འཇགས་ཀྱི་ཚོར་བ་དང་བདེ་སྐྱིད་ཀྱི་ཚོར་བ། ཐོབ་པའི་ཚོར་སྣང་བཅས་ཇེ་དྲག་ཏུ་ཕྱིན། ཧོར་རི་འབོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འབྲུག་ཐར་ཚེ་རིང་གིས་བཤད་རྒྱུར།   ང་ཚོས་ཏང་ཡོན་རྣམས་ལ་ཟླ་གཅིག་གི་ནང་ལ་ཚོགས་འདུ་ཐེངས་རེ་དང་། ཨུ་ཡོན་ལྔ་ནས་དྲུག་ལ་ཚོགས་འདུ་རེ། དེ་མིན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་བཅས་བྱ་འགུལ་རིགས་གསུམ་དུ་བཀར་ནས། སྐབས་རེར་ཆེད་དུ་ཏང་ཡོན་རྣམས་དམར་དམག་དཔའ་བོའི་རྗེས་དྲན་ཁང་སོགས་སུ་ཁྲིད་ནས་བལྟ་རུ་བཅུག་པ་ཡིན། དེ་མིན་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོབ་ཕྱོགས་སུ་ཤུགས་བསྣན་པ་ཡིན།

ཧོར་རི་འབོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འབྲུག་ཐར་ཚེ་རིང་།

 ཧོར་རི་འབོད་སྡེ་བར་མཚོན་ན། ཁྱིམ་ཚང་བརྒྱ་དང་ཉེར་བཞི་ཡོད་པ་དང་། མི་གྲངས་ལྔ་བརྒྱ་དང་ཉེར་གསུམ་ཡོད་ལ། དེའི་ནང་ཏང་ཡོན་ཉེར་དྲུག་ཡོད། སྡེ་བ་འདིའི་ཏང་ཡོན་རྣམས་ཀྱིས་སྔོན་ཆད་ཀྱི་ཏང་ཡོན་རྒན་པ་རྣམས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས་ཏེ། ཏང་ཡོན་རྒན་པ་རྣམས་ཀྱི་སྤྱི་ཚོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་མ་ཟད། མ་འོངས་པར་སྡེ་བའི་མིང་བཏགས་ཀྱི་འགན་འཁུར་ནུས་པའི་རེ་བ་ཅན་གྱི་ན་གཞོན་དག་ལ་སློབ་གཉེར་གྱི་གོ་སྐབས་སྣ་མང་འདོན་སྤྲོད་བྱས་ཏེ་གསོ་སྐྱོང་བྱེད་ཀྱིན་འདུག

ངེད་སྡེ་བའི་ནང་གི་སྡེ་དམངས་ཚང་མས་ཏང་ཡོན་ལ་ཤིན་ཏུ་རྒྱབ་སྐྱོར་བྱེད་ནི་རེད། ཚང་མ་ཏང་ནང་ཞུགས་འདོད་ཤིན་ཏུ་ཆེ་ནི་རེད། ང་ན་ནིང་ཏང་ནང་ལ་ཞུགས་ཐུབ་སོང་།

སྡེ་བའི་བུད་མེད་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་སྙིང་མོ་བྱམས།

སྐད་ཆ་འདི་ནི་ཧོར་རི་འབོད་སྡེ་བའི་བུད་མེད་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་སྙིང་མོ་བྱམས་ཀྱིས་བཤད་པ་རེད། སྡེ་བ་འདིའི་ཏང་ཡོན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྡེ་བའི་སྤྱི་དོན་རང་དོན་ལྟར་དུ་བརྩིས་ནས། ཏང་ཡོན་རེ་རེ་ཡིས་སྡེ་བའི་ནང་གི་གནད་དོན་ཆེ་མ་ཆུང་གསུམ་ལ་རང་གི་ནུས་ཚོད་ཀྱིས་ཐག་གཅོད་བྱ་ཐབས་འཚོལ་རོགས་བྱེད་ཀྱིན་འདུག་ལ། ལྷག་དོན་ན་ནིང་གི་རིམས་ནད་དུས་སྐབས་སུ་ཏང་ཡོན་གྱིས་གཙོ་ཤུགས་བཏོན་ཏེ་སྡེ་བའི་ལམ་ཁ་ནས་མི་སྣ་ཕྱི་ནང་ལ་འགྲོ་འོང་བྱེད་པར་བཀག་འགོག་གི་ནུས་པ་བླ་ལྷག་ཐོན་པ་མ་ཟད།སྡེ་བའི་ཁོར་ཡུག་སྲུང་སྐྱོབ་དང་ཆུ་མཛོད་ལ་ཏང་ཡོན་རྣམས་ཀྱིས་རེས་འཁོར་བྱས་ཏེ་ལྟ་རྟོག་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་བསྒྲུབས་ཀྱིན་འདུག སྡེ་བའི་ཏང་ཡོན་རྒན་པ་དཔའ་རྡོ་ཚེ་རིང་གིས་བཤད་རྒྱུར།

ང་ཚོ་སྡེ་བའི་ཏང་ཡོན་རྣམས་ཀྱིས་གོང་རིམ་ཡུལ་ཚོ་སྲིད་གཞུང་གི་བཀོད་སྒྲིག་གི་ཁ་ལ་ཉན་ཞིང་། འོག་རིམ་མང་ཚོགས་རྣམས་ཀྱི་དགོས་འདོད་ལྟར་གང་དགོས་གང་མཁོའི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད་པས། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

ཏང་ཡོན་རྒན་པ་དཔའ་རྡོ་ཚེ་རིང་།

ཧོར་རི་འབོད་སྡེ་བས་ཏང་ཡོན་རྣམས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྔོན་གྱི་མིང་ཙམ་འཛིན་པའི་ཏང་ཡོན་ནས་ལས་འགན་སྒྲུབ་ཕོད་པ་དང་སྤྱི་སེམས་ལྡན་པའི་ངེས་དོན་གྱི་ཏང་གཤིས་མངའ་བར་གྱུར་པ་དང་། སྡེ་བའི་མང་ཚོགས་རྣམས་ཀྱི་སེམས་ནང་དུ་རྟགས་ཙམ་འཛིན་པ་མ་ཡིན་པར་སེམས་ཀྱི་གཙུག་ནས་ཏང་ཡོན་ལ་བཟུང་པའི་གོང་བཀུར་གྱི་འདུ་ཤེས་ཇེ་དྲག་ཏུ་སོང་སྟེ། སྡེ་བའི་ཁྱིམ་ཚང་ཕན་ཚུན་བར་གྱི་འགལ་བ་སྣ་ཚོགས་ཏང་ཡོན་གྱིས་ཐག་གཅོད་བྱས་ན། མང་ཚོགས་ཀྱིས་བསམ་པར་ཏང་ཡོན་གྱིས་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་དངོས་ཡིན་བསམ་ནས་ཁ་ལེན་ཚིག་བརྩི་བྱེད་པས། རྡོ་སྦིས་ཡུལ་ཚོའི་སྡེ་བ་སོ་སོའི་ཏང་ཡོན་གྱིས་སྣེ་ཁྲིད་དེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་པའི་ཕྱོགས་སུ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། ཤ་བོ་རིན་མཚོ།

 རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱི་ཁྱབ་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།