སྐབས་བདུན་པའི་རྒན་གཞོན་ཀུན་གྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་སྤེལ།
2021.04.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

སྤྱི་ཟླ་བཞི་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ།གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ནས་སྐབས་བདུན་པའི་རྒན་གཞོན་ཀུན་གྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་མཛད་སྒོ་སྤེལ།ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་སངས་རྒྱས་སྐྱབས་དང་།ཀྲུའུ་རིན་པད་མ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲོ་ཆི་ཀྲུང་དང་།ཀོ་རུའུ་ཀྲའོ།ཀྲུའུ་རིན་གཞོན་པ་སུའུ་ཉིན་སོགས་མཛད་སྒོར་ཞུགས།

པད་མས་ཚོགས་ཐོག་ཏུ་གཏམ་བཤད་གལ་ཆེན་གནང་། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ལ། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དང་། མཚོ་སྔོན་གྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་མི་རིགས་སྔར་མེད་འཕེལ་རྒྱས་སུ་འགྲོ་བའི་འགན་འཁུར་གྱི་རེ་བ་བཏོན་པ་དང་། སྐྱེ་ཁམས་བདེ་འཇགས་གཙིགས་སུ་བཟུང་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད། ད་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ། མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ལ་སྲུང་སྐྱོབ་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་འཆར་འགོད་བྱེད་པ། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་བཅས་ཀྱི་ཕྱོགས་སུ་གཞུང་ལུགས་ཀྱི་ཁྲིད་སྟོན་དང་ལག་ལེན་གྱི་མཛུབ་སྟོན་གནང་ཡོད་ཟེར།

པད་མས་ནན་གྱིས་བསྟན་དོན། རྒན་གཞོན་ཀུན་གྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་བྱ་འགུལ་འདི་ཉིས་སྟོང་བཅོ་ལྔ་ལོ་ནས་ད་བར་དུ་ཐེངས་བདུན་ལ་སྤེལ། ང་ཚོས་ཐོག་མཐའ་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་པའི་དམ་ཚིག་ཏུ་རྩིས་ཤིང་། ཏང་དང་མེས་རྒྱལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་དྲིན་གཟོའི་སེམས་རིས་སྟོན་པའི་འགུལ་སྐྱོད་ཅིག་ཏུ་བསམ་ཡོད་པ་མ་ཟད། མེས་རྒྱལ་ལ་དགའ་བ་དང་མཚོ་སྔོན་ལ་དགའ་བ། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་ལེན་བྱེད་པའི་མངོན་ཚུལ་ཞིག་ཏུ་བསམ་ཡོད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་འགུལ་འདི་འགོ་རྩོམ་ས་གསར་པ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་གཡའ་དག་ཅིང་། རི་བོ་སྔར་ལས་སྔོ་ལ། ཆུ་མོ་སྔར་ལས་དྭངས་པའི་ཕྱོགས་སུ་ཧུར་ཐག་འབད་ཐག་བྱས་ནས། དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་བཞུར་བར་བྱས་རྗེས་བཞག་སྟེ། བླ་མེད་ཀྱི་གྲུབ་འབྲས་དེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འགོར་བར་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་འབུལ་དགོས་ཟེར།

 བྱ་འགུལ་ཁྲོད་ད་དུང་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་སྣེ་ཁྲིད་དེ་རིགས་སོ་སོའི་མང་ཚོགས་དང་དང་བླངས་པ་སོགས་མི་ཉིས་བརྒྱ་ལྷག་གིས་མཉམ་དུ་སྡོང་འཛུགས་ནགས་སྐྲུན་བྱས།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། ཤ་བོ་རིན་མཚོ།

 རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱི་ཁྱབ་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།