ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་འགོར་བའི་དུས་སྐབས་འདིར། ང་ཚོ་གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་ཡུལ་ཚོ་རུ་སླེབས་པ་ན། རྡོ་སྦིས་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་མི་སྣ་དང་སྡེ་བའི་ཏང་ཡོན་རྣམས་གནས་གཅིག་ལ་འཛོམས་ཏེ། རྡོ་སྦིས་ཡུལ་ཚོ་ཧོར་གྲོལ་བ་སྡེ་བ་རུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་དྲན་གསོ་ཁང་ཞིག་བཞེངས་སྐྲུན་བྱས་ཡོད་པ་དེ་རྨང་གཞི་བྱས་ཐོག གསར་བརྗེའི་གཞི་རྒྱུའི་སློབ་གསོའི་རྟེན་གཞི་ཞིག་གསར་སྐྲུན་བྱེད་པའི་ཐད་འཆར་འགོད་གྲོས་མོལ་བྱེད་བཞིན་འདུག རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་གཤིས་སྤྱོད་མངའ་བའི་སྐྱེས་ཆེན་དམ་པ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་མཚན་མིང་ཐོས་མ་ཐག་གསར་འགོད་པ་རང་དབང་མེད་པར་བཅར་འདྲིའི་སྐད་སྦུག་སྡེ་བ་དེའི་ཏང་ཡོན་ཚོར་གཏད་དེ་སྐྱེས་ཆེན་དམ་པ་དེའི་སྐུ་ཚེའི་མཛད་འཕྲིན་ཕྱོགས་སུ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་མ་ཞིག་རྒྱུད་ལ་སྐྱེས་བྱུང་།
སྐུ་ཚེ་ཏང་དང་འགྲོགས། ། བཤུལ་ལམ་འོད་སྟོང་འབར། །
འདི་ནས་ཡར་བརྩིས་པའི་མི་ལོ་བརྒྱ་དང་སོ་བརྒྱད་ཀྱི་སྔོན་ལ། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱིས་གཞུང་བརྒྱའི་དོགས་གནད་མ་ལུས་ཅིག་ཅར་སེལ་ཞིང་། གཞུང་ལུགས་གདམས་པར་ཤར་པའི་ཉམས་ལེན་གྱིས་འགྲོ་དོན་སྙིང་རྗེ་ཆེན་པོའི་ཞིང་བཀོད་ལ་འདྲེན་པ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་རིག་གིས་འཇིག་རྟེན་སྣང་སྲིད་ཐམས་ཅད་དཔེ་དངོས་སུ་བཞེངས་པའི་ངེས་དོན་གྱི་མཁས་པ་ཆེན་མོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནི་གཅིག་སྟོང་བརྒྱད་བརྒྱ་གྱ་གསུམ་ལོར་ཧོར་གྲོལ་བ་སྡེ་བའི་རོང་ཁྱིམ་ཕལ་བ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཆུང་དུས་སུ་ཞུན་ཧྭ་དགུ་རུས་དགོན་པའི་ཚོགས་ལ་ཞུགས་པ་དང་། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དང་ལྷ་སའི་འབྲས་སྤུངས་དགོན་པ་ནས་ལོ་བཅུ་ལྷག་གི་རིང་ལ་བཀའ་ཆོས་བསླབས་ཏེ། སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཁྱད་དུ་འཕགས་པ་ལ་བརྟེན་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་མཆེད་པ་རེད། ཁོང་གི་དངོས་སློབ་ཨ་ཁུ་ཕུན་ཚོགས་ལགས་ཀྱིས་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་ཤེས་རབ་ཀྱི་རྣོ་དབལ་ཚུལ་སྐོར་འདི་ལྟར་བཤད་བྱུང་སྟེ།
ཁོ་རང་སྡེ་བ་འདི་ནས་འཁྲུངས་པ་དང་། དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་བར་དུ་ས་ཆ་འདི་ནས་བཞུགས་པ་རེད། དགུང་ལོ་བཅུ་གཅིག་གི་སྟེང་གྲྭ་ཚང་འདིའི་འདོན་པ་ཡོངས་རྫོགས་བློར་ངེས། ཡར་མར་ལ་གྲོང་ཆོག་ཏུ་སླེབས་སྐབས་ཁོ་ཚང་དགུང་ལོ་བཅུ་གཅིག་གི་སྟེང་དབུ་མཛད་བྱེད་བཞིན་ཡོད། གྲྭ་བ་རྒན་པ་ཨ་ཁུ་བློ་གསལ་གྱིས་བཤད་པ་ལྟར་ན། ཁོ་གཉིས་ཕལ་ཆེར་ཁྱིམ་མཚེས་ཡིན་ལ། ཁོས་ཁོང་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་རེད། བློར་བཟུང་བའི་འཆར་གཞི་རྒྱུགས་འཕྲོད་ཚེ་ཁོ་ལ་གཡང་ལ་རྒྱལ་བོ་གཅིག་རེ་སྟེར་བཞིན་ཡོད་ལ། ཕྱི་ཉིན་བློར་བཟུང་བའི་འཆར་གཞི་རྒྱུགས་འཕྲོད་ན་ཡང་གཡང་ལ་རྒྱལ་བོ་གཅིག་རེ་བྱིན། དེ་ལྟར་གཡང་ལ་རྒྱལ་བོ་ཕྲེང་སྐོར་ཕྱེད་ཙམ་ཡོད་པར་བཤད་ལ། དེ་ལྟར་བྱས་ན་དགོན་པ་གྲྭ་ཚང་དེའི་འདོན་པ་ཡོངས་རྫོགས་བྱང་ཆུབ་བྱུང་། ཁོ་ཚང་ཅི་འདྲའི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་བཤད་ན། ཐེངས་ཤིག་གཟུང་བསྡུས་འདོན་སྐབས་རྒན་པ་རྣམས་ཀྱིས་བར་ནས་ཚར་རེ་བླངས་པ་དང་། ཁོང་ལ་འཇམ་དཔལ་མཚན་བརྗོད་བྱིན་ཏེ་ཚར་གསུམ་གསུང་བས་བློ་ལ་ངེས། དེ་ལ་སྡེ་དགེ་དཔར་མ་སྣ་རིང་ཤོག་གྲངས་བཅུ་གཉིས་ལྷག་ཡོད། ཁོང་ལ་ཤེས་རབ་དེ་འདྲ་ལྡན་པས་གནས་འདིའི་འདོན་པ་ཡོངས་སུ་རྫོགས་རྗེས་དགུང་ལོ་བཅུ་དྲུག་སྟེང་བླ་བྲང་དུ་ཕེབས་པ་དང་། དགུང་ལོ་ཉེར་གཅིག་སྟེང་ལྷ་སར་ཕེབས་ལ། དགུང་ལོ་ཉེར་གཅིག་ནས་སོ་གསུམ་བར་ལྷ་རིམ་པའི་དམ་བཅའ་བཞག
དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་སྐུ་ཚེ་གང་བོར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་སྤྱི་ཚོགས་བདེ་འཇགས་ཐད་ནུས་པ་བླ་ལྷག་བཏོན་པས། བློ་མཐུན་མའོ་ཙེ་ཏུང་གིས་ཁོང་ལ་རྒྱལ་གཅེས་རྒན་པོ་ཞེས་པའི་མཚན་སྙན་གསོལ་མྱོང་། ཁོང་གིས་རང་གི་མཚན་སྙན་དེ་དོན་གྱིས་མི་སྟོང་པ་ལ་ཧུར་བརྩོན་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་སྤྱི་ཚོགས་རིང་ལུགས་གཉིས་འཚམ་བསྟུན་ཡོང་བར་འབད་པ་བླ་ལྷག་གནང་མྱོང་པ་རེད་ལ། ལྷག་དོན་ཁོང་གིས་གུང་ཁྲན་ཏང་གི་སྤྱི་སེམས་དང་མི་དམངས་ལྟེ་བར་འཛིན་པའི་སྲིད་ཇུས་ཀྱི་དགོངས་དོན་དེ་མི་དམངས་ཀྱི་ཁྲོད་དུ་ཁྱབ་བསྒྲགས་གང་མང་བྱས་ཏེ། སློབ་གསོའི་དྲིལ་སྒྲོག་གི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་རྣམས་ལ་གོ་བསྐོན་བློ་འགུགས་བྱས་ཤིང་། ཏང་གི་ཡང་དག་པའི་ཆོས་ལུགས་སྲིད་ཇུས་དེ་དགོན་སྡེ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲེལ་བཤད་གསལ་ཐག་ཆོད་པ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་དང་དམངས་སེམས་བདེ་བར་བྱས།
གསར་འགོད་པས་ཁོང་གི་མཛད་འཕྲིན་སྐོར་ལ་རྒྱུས་ལོན་བྱེད་དུས་དབང་མེད་དུ་དྲན་ཡོང་པ་ནི་ཁོང་གིས་ཏང་ལ་བསྔགས་པའི་སྙན་ངག་གི་སྐོར་ཞིག་རེད། དེ་སྔ་ཁོང་གིས་བརྩམས་པའི་སྙན་ཚིག་ཞིག་ཏུ་འདི་ལྟར་བྲིས་ཡོད་དེ།
རྒྱལ་ཡོངས་མི་དམངས་སྡུག་བསྔལ་ཁྲི་ཁྲག་གིས། །
མནར་བའི་ཉམས་ལ་སྙིང་རྗེས་མ་བཟོད་པར། །
འཇིགས་བྲལ་དཔའ་བོའི་གོ་ཆ་ལྷུར་བཞེས་པ། །
དང་པོར་དགྲ་ལས་རྒྱལ་བ་གུང་ཁྲན་ཏང་། །
བློ་མཐུན་མའོ་ཙེ་ཏུང་དང་མཁས་མང་གིས། །
ལན་བརྒྱར་བརྟགས་པ་ལས་བྱུང་རྩ་བའི་ཁྲིམས། །
དར་ཆ་གསུམ་དང་ཏང་གི་རྣམ་འདྲེན་ལ། །
སྤྱི་འབངས་ཀུན་གྱིས་ཡིད་ཆེས་བྱ་དགོས་པ། །
གུང་ཁྲན་ཏང་གི་རྩ་བའི་གྲུབ་མཐའ་ཡིན། །
ཞེས་པ་འདི་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་གི་ཐུགས་དགོངས་ལས་འཁྲུངས་པའི་ཏང་གི་སྣང་བརྙན་ཡིན་ལ། བོད་ཡུལ་རིག་པའི་ཁྱུ་མཆོག་རྣམས་ལ་སྙན་ངག་གི་ལམ་ནས་ཏང་གི་དགོངས་པ་ངོ་སྤྲོད་མཛད་པའི་མཚོན་ཚུལ་ཞིག་ཀྱང་ཅི་ལ་མིན། འདི་ལྟ་བུའི་དྲིན་བྱས་དྲིན་དུ་གོ་བའི་བླ་མེད་ཀྱི་རྟོགས་པ་དེའི་དབང་གིས། ཁོང་གིས་ད་གཟོད་སྐུ་ཚེ་ཧྲིལ་བོར་ཏང་གི་ལས་དོན་མཐའ་དག་རང་གི་འགན་འཁུར་དུ་བསམ་པ་ཡིན་ལ། འདི་ལྟ་བུའི་བློ་དཀར་གཞུང་དྲང་གི་ཐུགས་རྒྱུད་ཡངས་པོ་དེའི་རྐྱེན་གྱིས། ད་གཟོད་ཆོས་དོན་མ་ལུས་སྟོན་པའི་གསུངས་ལ་གཏུག་ཅིང་། སྲིད་དོན་མ་ལུས་ཏང་གི་སྲོལ་ལ་བསྟུན་པའི་ཐབས་དང་ཤེས་རབ་ཀྱི་གོ་ཆ་རབ་ཏུ་རྣོ་སོང་པ་མ་ཡིན་ནམ།
ད་ལོ་ནི་ཏག་ཏག་ཏང་བཙུགས་ནས་ལོ་འཁོར་བརྒྱ་འགོར་བའི་ལོ་ཡིན་པས། ལོ་ངོ་བརྒྱ་ཡི་མཚར་སྡུག་གི་བཞུད་ལམ་ཁྲོད་ན། ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་བསྟུན་ནས། རྒྱལ་གཅེས་མི་སྣ་རྡོ་སྤིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཡང་ན་ཁོང་ལྟ་བུའི་རླབས་ཆེན་གྱི་མི་བུ་ག་ཚོད་ཅིག་གིས་བརྩོན་པའི་རྔུལ་ཁྲག་གི་རིན་དོད་ཕུལ་ཏེ། ང་ཚོ་དེ་རིང་གི་དུས་རབས་གསར་པའི་མཛེས་སྡུག་གི་འཚོ་བའི་ཐེམ་སྐས་སུ་སླེབས་སུ་བཅུག་པ་མ་ཡིན་ནམ། དེ་ལྟར་བསམ་བཞིན་བསམ་བཞིན་ང་ཚོས་མུ་མཐུད་དུ་ཁོང་གི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་ན། ཁོང་གི་དངོས་སློབ་ཨ་ཁུ་ཕུན་ཚོགས་ཀྱིས་མུ་མཐུད་དུ་བཤད་རྒྱུར།
ཁོང་གིས་སློབ་གསོ་གཙོ་བོར་འཛིན་དགོས་པ་གསུང་ཡོད་ལ། མཚོ་སྔོན་གྱིས་སློབ་གསོ་གཙོར་བཟུང་བ་དང་། བློ་མཐུན་བཀྲ་ཤིས་དབང་ཕྱུག་གིས་བྲིས་པའི་རྩོམ་ལྟར་ན་ནུས་པ་ཆེན་པོ་ཐོན་པར་བཤད། 1958ལོར་ཆོས་ལུགས་ཀྱི་ལམ་ལུགས་་བཅོས་སྒྱུར་བྱས་པ་དང་། བོད་ཁམས་ལ་མཚོན་ནས་བཤད་ན་མདོ་དབུས་ཁམས་གསུམ་དུ་ཆོས་ལུགས་བཅོས་སྒྱུར་བྱེད་པའི་སྐབས་སུ། ཕྱག་འཕྲིན་མང་པོ་གནང་བ་དང་བསླབ་བྱ་མང་པོ་གནང་། བླ་མ་མང་པོར་ཕྱག་བྲིས་གནང་ནས་ཆོས་ལུགས་བཅོས་སྒྱུར་བྱེད་བཞིན་མེད་ལ། ཆོས་ལུགས་ཀྱི་ལམ་ལུགས་བཅོས་སྒྱུར་བྱེད་བཞིན་ཡོད་པར་གསུང་། ལམ་ལུགས་ཀྱི་སྟེང་ང་ཚོར་ཡང་ནོར་འཁྲུལ་ཡོད་ལ། ཆོས་ལུགས་ཇི་ལྟར་སྤེལ་བ་རང་ལ་ཐུག་ཡོད་ཅེས་པའི་བསླབ་བྱ་དག་ལ་ཕན་ནུས་ཆེན་པོ་ལྡན་པར་བཤད།
ཁོང་གི་དངོས་སློབ་ཨ་ཁུ་ཕུན་ཚོགས་ནི་ད་ལོར་དགུང་ལོ་གྱ་གསུམ་ལ་བུད་འདུག་མོད། དགེ་བཤེས་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་སྐོར་ནས་ཁ་བརྡ་བྱེད་དུས། དོན་དག་རེ་རེ་ཁ་སང་བྱུང་པ་ནང་བཞིན་ཡིད་ན་གསལ་ལེར་འདུག་པ་མ་ཟད། དགེ་བཤེས་རིན་པོ་ཆེ་ཚང་གི་ཆོས་སྲིད་ཟུང་འབྲེལ་ཐད་བཞག་པའི་མཛད་པ་ཁ་ཚང་བཤད་དགོས་ཚེ་ལྕེ་བརྒྱར་སྤྲུལ་ནས་ལན་མང་བཤད་ཀྱང་རྫོགས་མཐའ་ཡོད་པ་མ་རེད་ཟེར།
སྐྱེས་ཆེན་མཛད་འཕྲིན་འོད་ཀྱི་གུར་ཁང་ལས། །
ཕ་ཡུལ་མི་དམངས་འབྱོར་ཕྱུག་དཔལ་ལ་རོལ། །
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་སྐུ་ཚེ་གང་བོར་ཆོས་སྲིད་ཟུང་འབྲེལ་གྱི་བྱ་གཞག་རླབས་པོ་ཆེ་གང་མང་མཛད་ཅིང་། སྲིད་གཞུང་གིས་འགན་འཁུར་བཞག་པའི་དམངས་དོན་སྣ་ཚོགས་ཀྱི་འདུ་འཛིའི་ཁྲོད་ཁོམ་ལོང་ཏིལ་ཙམ་ཡང་མེད་ཀྱང་། ཁོང་གིས་ལོ་རེར་ཐེངས་གཅིག་རེར་རྡོ་སྦིས་ལུང་བའི་ཕྱོགས་སུ་ཞབས་ཟུང་གི་འཁོར་ལོ་བསྒྱུར་ཏེ། རང་ཉིད་འཁྲུངས་ཡུལ་གྱི་ཡུལ་མི་ཚོར་ཆོས་སྲིད་ལུགས་གཉིས་ཀྱི་སློབ་གསོ་དང་མཛུབ་སྟོན་གང་མང་གནང་པས། རྡོ་སྦིས་ཡུལ་ཚོ་ལ་མཚོན་ན། དེང་གི་ཆར་ཡང་མང་ཚོགས་ཀྱི་བསམ་བློ་སྔོན་ཐོན་ཡིན་པ་མ་ཟད། སྡེ་བའི་དཔལ་འབྱོར་འཚོ་བའི་འཕེལ་རྒྱས་ལའང་མཐོར་མདེགས་ཆེན་པོ་བྱུང་ཡོད། དེའི་སྐོར་ནས་རྡོ་སྦིས་ཡུལ་ཚོའི་དམངས་ཆེན་གྱི་ཀྲུའུ་རིན་པད་མ་དབང་རྒྱལ་གྱིས་བཤད་རྒྱུར།
རྡོ་སྦིས་ས་ཆར་མཚོན་ན་རིག་གནས་ཀྱི་རྨང་གཞི་ཧ་ཅང་མཐུག་པའི་གནས་ཤིག་རེད། རྡོ་སྦིས་ས་ཆ་རུ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཏུན་ཁྲུང་ལན་ལྟ་བུའི་མི་སྣ་གྲགས་ཅན་བྱུང་མྱོང་ལ། རྡོ་སྦིས་དགེ་བཤེས་མཆོག་གི་འཁྲུངས་ཡུལ་དེ་ང་ཚོ་ཡུལ་ཚོ་སྲིད་གཞུང་གི་ཏང་ཨུ་དང་རྫོང་རིམ་པའི་གྲོང་ཁྱེར་གྱི་གསར་བརྗེའི་དམར་པོའི་གཞི་རྒྱུའི་སློབ་གསོའི་ལྟེ་གནས་བྱེད་འཆར་ཡོད་ལ། ང་ཚོས་བྱ་བའི་སྟེང་སྙན་ཞུ་རབ་དང་རིམ་པ་ཕུལ་ཏེ། ཏང་གི་སློབ་གསོ་དང་མི་རིགས་ཀྱི་སློབ་གསོའི་སྐོར་གྱི་གསོ་སྦྱོང་ཡོད་ཚེ། རྡོ་སྦིས་དགེ་བཤེས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སློབ་མ་རྣམས་ལ་བཀོད་སྒྲིག་བྱས་ཏེ་སྤེལ་བཞིན་ཡོད། ད་དུང་མུ་མཐུད་དུ་རྒྱ་ཇེ་ཆེ་དང་གཏིང་ཟབ་པའི་སྒོ་ནས་དགེ་བཤེས་ཁོང་གི་རྒྱལ་གཅེས་ཆོས་གཅེས་དང་ཏང་དང་མི་དམངས་ལ་བཞག་པའི་བླ་ན་མེད་པའི་མཛད་རྗེས་ཀྱི་ཐད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་འཆར་ཡོད།
རྡོ་སྦིས་ལུང་པ་རུ་ཤེས་རམས་པ་དང་འབུམ་རམས་པ་བསྡོམས་པས་དྲུག་སྟོང་ལྷག་ལ་འབུད་གྲབས་འདུག་ལ། སློབ་གསོའི་བྱ་གཞག་ལ་དོ་ཁུར་གཙིགས་ཆེན་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་དེ་ནི། རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་བཤེས་ཆེན་མོ་ཁོང་གི་ལེགས་འདོམས་ཀྱི་བསླབ་བྱའི་གནས་ལུགས་རེ་རེ་ཕ་ཡུལ་མི་དམངས་ཀྱི་སེམས་སུ་གཞི་རྒྱུ་ལྟར་རྒྱུད་ཅིང་། ས་བོན་ལྟར་བཏབ་ཡོད་པའི་རྐྱེན་གྱིས་རེད་ཅེས་སྡེ་མི་ཚོའི་ཁ་ན་རླུང་ལྟར་གྲགས་ཀྱིན་འདུག
གསར་འགོད་པ་དགེ་བཤེས་ཚང་གི་འཁྲུངས་གཞིས་སུ་བཞེངས་པའི་དྲན་རྟེན་ཁང་དུ་སོང་པ་ན། དྲན་རྟེན་ཁང་དེའི་ནང་དུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་དང་། སྐབས་དེའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་རྣམས་དང་ཐུགས་འཕྲད་གནང་ནས། ཆོས་སྲིད་ཀྱི་བྱ་གཞག་ཐད་ནས་གྲོས་འདོན་བྱེད་ཀྱིན་པའི་འདྲ་པར་སོགས་མང་པོ་བཤམས་འདུག་ལ། དྲན་རྟེན་ཁང་འདིའི་ནང་དུ་སྡེ་མི་རྣམས་ཀྱིས་སྐྱེས་ཆེན་གྱི་རྒྱལ་གཅེས་བསམ་བློ་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་མ་ཟད། ཏང་ཡོན་རྣམས་ཀྱིས་རང་ཉིད་དག་ཐེར་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་གསོ་སྦྱོང་སོགས་ཀྱང་བྱེད་ཀྱིན་ཡོད་ཟེར། དེའི་སྐོར་ནས་ཧོར་གྲོལ་བ་སྡེ་བའི་ཏང་ཡོན་རྒན་པ་བྱམས་པ་རྒྱལ་གྱིས་བཤད་རྒྱུར།
དགེ་བཤེས་རིན་པོ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་ལས་མཐུན་སྒྲིལ་གྱི་ཕྱོགས་གཅིག་པུར་བཤད་ན། ཁོང་གིས་དེ་སྔོན་མཚོ་རྒྱས་ན་ཉ་སྐྱིད། མཚོ་སྐམ་ན་ཉ་ཤི་ཞེས་པའི་དཔེ་བཞིན་ང་ཚོ་ཡང་མཐུན་སྒྲིལ་བྱེད་དགོས་པའི་བསླབ་བྱ་གང་མང་གནང་མྱོང་ཟེར། ང་ཚོའི་སྡེ་བའི་ཁྱིམ་མཚེས་སུ་ཧོས་རིགས་སྡེ་བ་དང་རྒྱ་རིགས་སྡེ་བ་ཡོད་མོད། ཕན་ཚུན་བར་གྱི་མཐུན་སྒྲིལ་ཧ་ཅང་བཟང་། ད་ལོར་མཚོན་ན་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་འདིར། ང་ཚོའི་སྡེ་བར་མཚོན་ན་ཏང་ཀྲི་པུའུ་དང་ཏང་ཡོན་སོ་སོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་མང་པོ་བྱས་པ་དང་། ཁོང་གི་འཁྲུངས་གཞིས་སུ་སོང་ནས་ཁོང་གི་དགོངས་པར་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་མྱོང་།
འདི་ལྟར་རྒྱལ་གཅེས་མི་སྣ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ཕ་ཡུལ་མི་དམངས་ལེགས་པའི་ལམ་དུ་འགོད་པའི་གསུང་གི་བདུད་རྩིའི་ཐིགས་པ་རེ་རེ་ཕངས་མེད་དུ་བསྩལ་ཞིང་། ཡུལ་མི་ཚོས་ཀྱང་ཁོང་གི་བསླབ་བྱ་དག་མི་རབས་དུ་མར་ངག་ནས་ངག་ལ་བརྒྱུད་ནས། དུས་སྐབས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་དུ་གྱུར་འདུགཁོང་གི་དངོས་སློབ་ཨ་ཁུ་ཕུན་ཚོགས་ཀྱིས་དགེ་བཤེས་མཆོག་ལོ་རེར་ཐེངས་རེར་ཕ་ཡུལ་དུ་ཕེབས་དུས། སྐབས་རེར་སྡེ་བའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཆོས་དང་སྲིད་ཀྱི་དགོངས་དོན་རེ་རེ་བཀའ་གསུངས་གནང་མྱོང་ལ། ཡང་སྐབས་རེར་ཞིང་ཆེན་སྲིད་གཞུང་གིས་གནང་པའི་བཀོད་སྒྲིག་ལྟར། མང་ཚོགས་ཀྱིས་གོ་བདེ་ཞིང་བློ་རུ་སིམ་སླ་བའི་དཔེ་དོན་ལ་སྦྱར་ནས་ཆབ་སྲིད་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཚུལ་སྐོར་ནས་ཕྱིར་དྲན་བྱེད་ཞོར་དུ་བཤད་རྒྱུར།
ཁོང་གི་སྐུ་ཚེ་གང་བོར་འགྲོ་དོན་མང་པོ་མཛད་པ་དང་། རྒྱལ་ཁབ་ཀྱི་བྱ་བ་མང་པོ་སྒྲུབ་མྱོང་། སྡེ་བ་འདིར་མཚོན་ན་ཡང་ཁོང་ཚང་ཡང་དང་རིམ་པར་ཕེབས་ཏེ་བསླབ་བྱ་གང་མང་གནང་། རྡོ་སྦིས་ལུང་བར་མཚོན་ན་ཡང་མཚམས་ལན་རེར་ཞིང་ཆེན་གྱི་འགན་ཁུར་དང་མཚམས་ལན་རེར་རང་སྟེང་གིས་མི་མང་པོར་སློབ་གསོ་གཏོང་བ་དང་སྲིད་ཇུས་སྒྲོག་པ། མ་དག་པའི་བཤད་ཚུལ་དག་ཐེར་བྱེད་པ་བཅས་གང་མང་སྒྲུབ། གང་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བའི་ཐད་ཁོང་གིས་འགྲོ་དོན་མང་པོ་མཛད་མྱོང་།
ཨ་ཁུ་ཕུན་ཚོགས་ཀྱིས་དུས་ཚོད་གཅིག་ལྷག་ལ་ང་ཚོར་ཁ་བརྡ་བྱས་རྗེས་གདོང་གི་རྔུལ་ཆུ་འབྱིད་ཞོར་དུ་གསར་འགོད་པ་ལ་འདི་ལྟར་སྨྲས་བྱུང་སྟེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་འགོར་བའི་དུས་སྐབས་འདི་ལ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བཞུད་ལམ་ཁྲོད་དུ་རང་གི་ནུས་ཚོད་ཀྱི་ཞབས་རྗེས་བཞག་མྱོང་པའི་རྒྱལ་གཅེས་མི་སྣ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་འཕྲིན་གླེང་པ་ལ་རིན་ཐང་ཤིན་ཏུ་ཆེ་མོད། སྐྱེས་ཆེན་ཞིག་གི་འཕྲིན་ལས་ནི་ནམ་མཁའི་མཐའ་ལ་གཞལ་ཡང་འཛད་དུ་མེད་པས། མང་དུ་གླེང་ན་དུས་ཚོད་མེད་པ་དང་ཉུང་ཙམ་གླེང་ན་ཁ་མི་ཚང་བའི་བཟོ་འདུག་མོད། ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་འཕྲིན་སྐོར་ནས་མདོ་ཙམ་ཞུས་ན་དེ་འདྲ་རེད་ཟེར།
གསར་འགོད་པས་ཉིན་གཅིག་གི་བཅར་འདྲིའི་ལས་རིམ་ཡོངས་སུ་མཇུག་རྫོགས་ཏེ། སྡེ་གྲོང་འདིའི་ཀྱག་ཀྱོག་གི་སྲང་ལམ་བརྒྱུད་ནས་ལམ་ལ་ཆས་དུས། ཉི་མའི་འོད་ཟེར་ནི་མཚམས་སྤྲིན་དམར་པོ་དང་འདྲེས་ནས་བཀྲག་མདངས་རྣམ་པར་བཀྲ་ལ། དེ་ནི་རྒྱལ་གཅེས་མི་སྣས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྣང་བརྙན་དང་ཀུན་ནས་མཚུངས།
གསར་འགོད་པ།ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།