ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བ་བསམ་འགྲུབ་ཉི་མ།
2021.05.06 ཁུངས། ཀློག་གྲངས། 14

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་མོད། འོན་ཀྱང་རྫོང་དེའི་མངའ་ཁོངས་སུ་རྒྱ་རིགས་དང་བོད་རིགས། ཧོས་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་འཆམ་མཐུན་གྱི་རྫོང་ཞིག་རེད། ང་ཚོ་བཅར་འདྲི་ཚན་ཆུང་ཧུའུ་ཀྲུའུ་རྫོང་དུ་ཐོན་ཏེ། རྫོང་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན་རྫོང་དེའི་སུམ་མདོ་བོད་རིགས་ཡུལ་ཚོ་རུ་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་མི་སྣ་བསམ་འགྲུབ་ཉི་མ་ཞེས་པ་ཞིག་ཡོད་པ་ཤེས་རྗེས། སུམ་མདོ་བོད་རིགས་ཡུལ་ཚོ་རུ་བཅར་འདྲི་བྱེད་པར་ལམ་ལ་ཆས། ཧུའུ་ཀྲུའུ་རྫོང་མཁར་ནས་སྤྱི་ལེ་བཞི་བཅུ་ཙམ་ལ་བསྐྱོད་རྗེས་ད་གཟོད་སུམ་མདོ་བོད་རིགས་ཡུལ་ཚོ་གཡས་རུ་སྡེ་བར་ཐོན་བྱུང་ལ། གཡས་རུ་སྡེ་བ་ནི་མཐའ་བཞི་རི་བོའི་སྐོར་ཞིང་རང་བྱུང་ནགས་ཚལ་གྱི་ཁྱབ་རྒྱ་ཆེ་བའི་ལུང་ཁོག་ཅིག་ཏུ་ཆགས་ཡོད། ཨ་ཁུ་བསམ་འགྲུབ་ཉི་མ་ཚང་ནི་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་གསེབ་ཅིག་ཏུ་གནས་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་ཕྲན་ཞིག་ཐག་རིང་གི་རི་གསེབ་ནས་ཀྱག་ཀྱོག་ངང་ཁོ་ཚང་གི་ཁང་བའི་འགྲམ་དུ་དལ་བུར་བཞུར་གྱིན་ཡོད། ང་ཚོ་ཁོ་ཚང་གི་སྒོ་ཁར་ཐོན་པ་ན། ཨ་ཁུ་བསམ་འགྲུབ་ཉི་མ་བཟའ་ཟླ་གཉིས་ཀྱིས་ཁ་བཏགས་དཀར་པོ་ལག་ཏུ་བཟུང་ནས་གདོང་ལ་འཛུམ་གྱིས་ཁེངས་ཏེ་ང་ཚོ་བསུ་མ་བྱས་བྱུང་། ཁོ་རང་ཅང་མ་འགོར་བའི་སྔོན་ལ་ཆེས་མཛེས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་མི་སྣར་བདམས་པ་དང་། ལོ་བཅོ་ལྔའི་སྟེང་ནས་བཟུང་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་ལ་གཞོལ་ཞིང་། མི་ཚེ་གང་བོར་ཕ་ཡུལ་གྱི་རི་ཆུའི་མཛེས་སྡུག་གི་ཕྱིར་དུ་དཀའ་བ་སྤྱད་ནས་བླ་མེད་ཀྱི་གྲུབ་འབྲས་བླངས་འདུག  ཁོས་བཤད་རྒྱུར།

ང་རང་ལོ་བཅོ་ལྔ་ཡིན་དུས་ཕྱུགས་ལས་སུ་བསྡད་ཡོད་པ་དང་། དེ་སྔོན་ལོ་ལོན་རྣམས་ཀྱིས་མ་སྐུལ་དང་བླངས་སྒོས་ནགས་སྲུང་བའི་སྲོལ་རྒྱུན་ཡོད། ང་རང་གིས་ཀྱང་ནོར་འཚོ་ཞོར་ནགས་སྲུང་བ་ཡིན། དེ་དག་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་ཏེ་སྲུང་བ་མིན་པར་རང་འགུལ་གྱིས་དང་ལེན་བྱས་ཏེ་སྲུང་བ་ཡིན། ང་ཚོའི་ས་ཆར་ཤུག་པ་འཐུ་མཁན་དང་ནགས་བརྐུ་མཁན་ཡོད་པས། ནགས་ཚལ་ལ་གཏོར་བརླག་ཐེབས་པ་དང་ཆུ་ལོག་ཡོང་བར་བསམ་ནས་ང་རང་གིས་ནགས་ཚལ་ལ་སྲུང་སྐྱོབ་བྱས་པ་ཡིན།

2017ལོའི་ཡར་སྔོན་དུ་ཨ་ཁུ་བསམ་འགྲུབ་ཉི་མས་མ་སྐུལ་དང་བླངས་ངང་ནགས་ཚལ་སྲུང་མཁན་གྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། དུས་དང་རྣམ་པ་ཀུན་དུ་རང་ཉིད་ཀྱི་མིག་འབྲས་ཇི་བཞིན་ཕ་ཡུལ་གྱི་ནགས་ཚལ་ལ་སྲུང་སྐྱོབ་རྩེ་གཅིག་བྱས། ཁོས་རང་གི་ཕ་ས་ཕ་ཡུལ་གྱི་ནགས་ཚལ་ལ་སྲུང་སྐྱོབ་བྱེད་ཆེད། རང་སྲོག་འབེན་ལ་བཞག་ཏེ་གཏོར་བརླག་མཁན་རྣམས་ལ་ངོ་རྒོལ་དང་རྡུང་རྡེག་བྱས་པ་གྲངས་མེད་ལ། རྫ་མཐོན་པོའི་རྩེ་རུ་ནགས་སྲུང་བྱེད་སྐབས་ཆུ་གྲང་མོའི་ཁར་རྩམ་སྐྱ་བཏབས་ནས་བཏུང་པའི་གཏམ་རྒྱུད་ཀྱང་མང་པོ་བཤད་རྒྱུ་ཡོད། ཁོ་ཚོའི་ས་ཆའི་མི་དམངས་ལ་གནའ་སྔ་མོའི་དུས་ནས་བཟུང་རང་སའི་ནགས་རི་ལ་རང་གིས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡོད། ལྷག་པར་ཏུ2017ལོའི་ཟླ་དང་པོར་ཁོ་རང་སུམ་མདོ་ནགས་རའི་སྐྱེ་ཁམས་ནགས་སྲུང་བ་ཞིག་ཏུ་དངོས་སུ་གྱུར་པ་ནས་བཟུང་། རང་གི་ལྷག་བསམ་ཡོད་ཚད་སྲིད་གཞུང་གི་འགན་འཁུར་དང་མཉམ་འདྲེས་བྱུང་དུ་བཅུག་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ། སུམ་མདོ་ནགས་རའི་ས་མགོའི་མཐོ་ཚད་མུས་སྟོང་གསུམ་ནས་བཞི་ཡིན་པ་དང་། རང་བྱུང་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱ་ཡོད། དེ་བས་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་འགན་ཧ་ཅང་ལྕི། ཡིན་ནའང་ཨ་ཁུ་བསམ་འགྲུབ་ཉི་མས་ནགས་གཅོད་པ་དང་མེ་དགྲ་སྔོན་འགོག་བྱེད་པ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བཅས་བྱས་ཏེ། ས་གནས་ཀྱི་རོང་འབྲོག་མང་ཚོགས་རྣམས་ལ་ནགས་སྲུང་མེ་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་དེ་ཁོའི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད། ཁོས་བཤད་རྒྱུར།

ཟླ་རེར་ཉིན་ཉི་ཤུ་ལྷག་ལ་ནགས་གསེབ་ཏུ་སྐོར་གཡེང་བྱེད་དགོས། ནགས་ཚལ་ལ་སྐོར་སྲུང་བྱེད་དུ་འགྲོ་སྐབས་རྫ་མཐོ་བ་དང་ལུང་ཐག་རིང་བས་ཉིན་གཅིག་ལ་ཕྱིར་ཡོང་མི་ཐུབ། དེ་བས། དགུན་ཁ་ཉིན་ཐུང་བས་རྫ་མགོ་རུ་ཕྱུགས་ལས་གཉེར་མཁན་གྱི་ཁྱིམ་དུ་བསྡད་དེ་ཕྱི་ཉིན་མུ་མཐུད་དུ་སྐོར་གཡེང་བྱས་པ་ཡིན། དགུན་ཁར་མཚོན་ན་རི་དྭགས་རྔོན་མཁན་དང་མེ་སྐྱོན་འབྱུང་བར་སྔོན་འགོག་བྱས་ལ། དབྱར་ཁར་ལྟ་སྐོར་བ་མང་པོ་ཡོད་པས་རླངས་འཁོར་གྱི་ཨང་གྲངས་ཐོ་འགོད་བྱས་ཏེ་མེ་འབུད་མི་རུང་བ་དང་མེ་ཏོག་འཐུ་མི་རུང་། ས་སློག་མི་རུང་། གད་སྙིགས་འཕོ་མི་རུང་ཞེས་སློབ་གསོ་བཏང་བ་ཡིན།

ཁོ་ཚོས་ཟླ་གཅིག་གི་ནང་དུ་ཉིན་ཉི་ཤུ་ལྷག་ལ་རི་ལ་སྐོར་གཡེང་བྱེད་ཀྱིན་ཡོད་པ་དང་། དེའི་སྐབས་སུ་ཨུ་ཁུ་བསམ་འགྲུབ་ཉི་མའི་མིག་ལམ་གྱི་ནགས་ཚལ་ནི་སྒྱུ་རྩལ་མཁན་གྱིས་པིར་སྨྱུག་གིས་ཚོན་རྩི་བྱུགས་པའི་རི་མོ་དང་འདྲ་ལ། དེའི་སྐབས་འཕྲད་པའི་དོན་དག་ཆེ་མ་ཆུང་གསུམ་ཁོས་སྟབས་བདེའི་ངང་འབྲི་དེབ་ཞིག་གི་སྟེང་དུ་བཀོད་ཡོད་པ་དང་། འབྲི་དེབ་སྟེང་དུ་ཡིག་འབྲུ་འགའ་རེ་མ་གཏོགས་བྲིས་མེད་པ་དེ་ལས་ཁོ་རང་ཆུང་དུས་ནས་སློབ་གྲྭ་མ་འགྲིམ་པར་རིག་གནས་ཆུ་ཚད་ཞན་པ་ཤེས་མོད། འོན་ཀྱང་། དེ་ལས་སྤྱིར་བཏང་གི་ནགས་སྲུང་བ་ཞིག་གིས་རང་ཉིད་ཀྱི་བྱ་བའི་འགན་འཁྲི་འཁུར་སེམས་དང་འགན་ཁུར་གྱི་སྙིང་སྟོབས་མཚོན་ཡོད། དུས་རྒྱུན་སྡུག་རུས་དང་འགན་འཁྲི་དེ་ས་གནས་མང་ཚོགས་དང་གོང་རིམ་འགོ་ཁྲིད་ཀྱི་མིག་ལམ་དུའང་གསལ་ལེར་ཡོད་པས། 2021ལོར་ཁོ་རང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཞིང་སྡེ་དར་སྤེལ་ཅུའུ་བཅས་ཀྱིས་གནང་བའི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་པར་གྱུར་པ་དང་། མཚོ་སྔོན་ཞིང་ཆེན་ལ་མཚོན་ན་རྒྱལ་ཡོངས་རང་བཞིན་གྱི་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་པའི་བྱ་དགའ་ཐོབ་མཁན་ཐོག་མ་རུ་གྱུར། ཁོས་བཤད་རྒྱུར།

བྱ་དགའ་འདི་ཐོབ་པས་ང་རང་ཧ་ཅང་དགའ། དེ་སྔོན་པེ་ཅིན་ལ་འགྲོ་མ་མྱོང་ལ་གནམ་གྲུ་ལ་ཡང་ད་ཐེངས་ཐོག་དང་པོ་བསྡད་པ་ཡིན། པེ་ཅིན་དུ་སོང་ནས་མིག་རྒྱང་བསྐྱེད་ན་སེམས་ནས་ཧ་ཅང་དགའ།

དེ་སྔོན་ཤུག་སྡོང་རྐུ་བ་དང་ཤིང་གང་བྱུང་དུ་གཅོད་པ་བཅས་ཀྱི་སྣང་ཚུལ་ཚབས་ཆེན་པོ་ཡོད་པས་ནགས་ཚལ་ཀྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་དུ་གྱུར་བ་དང་།  ཨ་ཁུ་བསམ་འགྲུབ་ཉི་མས་རང་བྱུང་ནགས་ཚལ་ལ་ཤིང་གཅོད་གཏན་འགོག་གི་གཏན་འབེབས་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཉམས་ཞན་གྱི་སུམ་མདོ་ནགས་ར་གཞི་ནས་སླར་གསོ་བྱུང་ཡོད་ལ། ད་ལྟ་སྡོང་ཕྲུག་དང་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་ཀྱང་སྣ་ཚོགས་མཐོང་རྒྱུ་ཡོད་ལ། རི་སྐོར་དུ་སྐྱོད་པའི་ལམ་བར་དུ་དེ་ཕོ་དང་ཝ་མོ། གནའ། ཤྭ་བ་དམར་པོ་སོགས་མཐོང་རྒྱུ་ཡོད་ཟེར།

ད་ལྟ་སུམ་མདོ་ནགས་རའི་ཚན་ཆུང་གསུམ་པའི་བདག་སྐྱོང་ས་ཚིགས་ཀྱི་ཚན་གཙོ་བསམ་འགྲུབ་ཉི་མར་ཁོའི་ལས་རོགས་ཚོས་ཁས་ལེན་ཐོབ་ཡོད། ལོ་རེའི་དཔྱིད་གསར་དུས་ཆེན་དང་དུར་མཆོད་དུས་ཆེན་སོགས་སུ་ས་གནས་དེ་གའི་རྒྱ་རིགས་མང་ཚོགས་རྣམས་དུར་སར་བསྐྱོད་ནས་ཤོག་བུ་མེར་བསྲེགས་པས་ནགས་ཚལ་ལ་མེ་སྐྱོན་འབྱུང་སླ་བ་དང་། དུས་ཆེན་སྔོན་གྱི་ཉིན་འགའི་ནང་ཁོས་ནགས་སྲུང་བ་ཁྲིད་དེ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ནགས་ལས་ཀྱི་མེ་འགོག་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་དང་། ཁོ་ཚོར་ནགས་ཚལ་ལ་གཅེས་སྤྲས་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབྲེལ་ཡོད་ཤེས་བྱ་གསལ་བཤད་བྱས་ནས་ནགས་ལས་ཁྲིམས་སྲོལ་དང་མེ་ཟོན་རྒྱུན་ཤེས་ཀུན་ལ་ཤེས་སུ་འཇུག་བཞིན་ཡོད། ཨ་ཁུ་བསམ་གྲུབ་ཉི་མས་རང་གི་ཁྱིམ་ཚང་གི་དོན་དག་ཆེ་མ་ཆུང་གསུམ་ལས་སྡེ་བའི་ནགས་སྲུང་གི་ལས་ཀ་གལ་ཆེན་དུ་བརྩིས་ནས་བྱ་བ་སྒྲུབ་ཏེ་ཡུན་རིང་འགོར་ཡོད་ལ། ཁོའི་ལྷག་བསམ་གྱི་བྱ་བཞག་དེ་ལ་སྡེ་ཕྱི་ནང་ཀུན་གྱིས་བསྟོད་བསྔགས་ཐོབ་མོད། འོན་ཀྱང་ཁོའི་ཆུང་མ་ལ་མཚོན་ན་གཞི་འཁོར་བའི་ཕོ་ལས་མོ་ལས་ཚང་མ་རང་གི་འགན་དུ་བབས་པས། དུས་རྒྱུན་ཁྱོ་ག་ལ་ལེ་བདའ་བྱས་པའང་ཡོད། དེའི་སྐོར་ནས་ཁོའི་ཆུང་མ་གསེར་མཚོས་བཤད་རྒྱུར།

བྱིས་པ་ཆུང་བས་རྒྱབ་ཏུ་འཁུར་ཏེ་ལས་ཀ་ལས་དགོས་པ་དང་ནོར་འཚོ་དགོས། དེ་སྔོན་ནགས་སྲུང་གི་ལས་ཀ་མ་གཉེར་གཞན་གྱིས་ཤིང་བརྐུས་ན་བརྐུས་ཞེས་ཀྱང་བཤད་མྱོང་མོད། ཁོས་ཁ་ཡ་མི་བྱེད་པར་སྔར་བཞིན་ནགས་སྲུང་ལ་བུད་འགྲོ། ད་ལྟ་ནགས་སྲུང་བ་བྱས་པ་དང་ནོར་འགའ་འཚོས་ནས་ཁྱིམ་ཚང་གི་འཚོ་བ་ཇེ་བཟང་དུ་སོང་ཡོད།

དུས་ཆེན་སོགས་ཀྱི་སྐབས་སུའང་ཨ་ཁུ་བསམ་འགྲུབ་ཉི་མས་རྟག་ཏུ་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་པ་དང་། དཀའ་ངལ་ལ་མ་འཛེམས་པར་རི་ལ་སྐོར་གཡེང་བྱེད་པའི་བྱ་བ་དང་དུ་ལེན་བཞིན་ཡོད་ལ། རང་ཉིད་ཀྱིས་འགན་འཁུར་བའི་ས་ཁོངས་ལ་དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོབ་བྱེད་བཞིན་ཡོད། ནགས་སྲུང་གི་བྱ་བ་སྒྲུབ་ནས་ལོ་ངོ་མང་པོ་འགོར་ཡོད་པས། མངའ་ཁོངས་ཀྱི་རི་བོ་མང་པོ་དང་གྲོག་རོང་རེ་རེ། ནགས་སའི་རྒྱ་ཁྱོན། ནགས་ཤིང་གི་རིགས་སོགས་ཚང་མ་ཁོའི་སེམས་ལ་བརྟན་པོར་ངེས་ཡོད་ལ། དེ་དག་ཡོད་ཚད་ནི་ཁོས་ལོ་ངོ་དུ་མའི་རིང་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་བསགས་པའི་འབྲས་བུ་ཞིག་ཅི་ལ་མིན། ཁོའི་ལས་གྲོགས་དམ་ཆོས་སྒྲོལ་མས་བཤད་རྒྱུར།

ང་ཡང་ནགས་སྲུང་ཞིག་ཡིན་པ་དང་། ཨ་ཁུ་ཉི་མས་ནགས་སྲུང་བྱ་བ་དང་ལེན་བྱས་པ་བཟང་བས་ཁོ་ལ་བྱ་དགའ་ཐོབ་པ་དང་། ང་ཚོས་ཀྱང་དུས་རྒྱུན་ཁོ་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།

ད་ལྟ་སུམ་མདོ་ས་ཆའི་གཡས་གཡོན་གྱི་རི་བོ་དག་གི་རྩེ་རུ་རི་སྐྱེས་རི་དྭགས་སྣ་ཚོགས་གང་དགར་རྒྱུ་བ་དང་། རྫ་ཁའི་གོང་མོའི་གསུངས་སྐད་སྙན་མོ་དུས་དང་དུས་སུ་ཕྱོགས་བཞིར་ མཆེད་ཀྱིན་འདུག ཨ་ཁུ་བསམ་འགྲུབ་ཉི་མས་ལོ་ངོ་མང་པོའི་རིང་ལ། ལས་གཅེས་ལས་བརྩོན་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། སུམ་མདོ་ནགས་རའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་བྱས་པ་དང་། ནགས་སྲུང་བ་ཞིག་གི་ལས་འགན་ནམ་ཡང་སེམས་སུ་བཟུང་ནས། སྤྱིར་བཏང་གི་སྐྱེ་ཁམས་ནགས་སྲུང་བའི་ལས་གནས་སྟེང་སྤྱིར་བཏང་མ་ཡིན་པའི་ནུས་པ་འདོན་དང་འདོན་མུས་སུ་ཡོད།

གསར་འགོད་པ།ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།