---ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་ཡུལ་ཚོའི་ཡུལ་གཞན་གནས་སྤོར་གྱི་གནས་ཚུལ།
གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལ་ཐོན་པ་ན། རྫོང་དྲིལ་སྒྲོག་པུའུ་ཡིས་ཐད་ཀར་རྫོང་མཁར་གྱི་ཉེ་འགྲམ་ན་ཆགས་པའི་ཧུའུ་ཀྲུའུ་རྫོང་སུམ་མདོ་བོད་རིགས་ཡུལ་ཚོའི་ཡུལ་གཞན་གནས་སྤོར་བྱས་པའི་མཆན་ལུང་སྡེ་བ་རུ་ཁྲིད་སོང་། མཆན་ལུང་སྡེ་བའི་གནས་སྤོར་ཁང་ཁྱིམ་ནི་རྫོང་མཁར་གྱི་ཐོག་ཁང་ཡིན་ལ། ཐོག་ཁང་དག་ཁ་ཉི་འོད་ལ་གཏད་ཅིང་ར་བསྐོར་ནང་དུ་ལུས་རྩལ་སྦྱོང་སའི་སྒྲིག་ཆས་ཕུན་སུམ་ཚོགས་པ་འཛོམས་པས། གྲོང་ཁྱེར་གྱི་བོད་སྡེ་འདི་ལ་ཕྱིའི་ཁོར་ཡུག་དང་སྡོད་ཁང་གི་ཆ་རྐྱེན་དངོས་ནས་མཐུན་རྐྱེན་མ་ལུས་ཡོངས་སུ་འཛོམས་འདུག གྲོང་ཁྱེར་དུ་འཚོ་བའི་མང་ཚོགས་ཤིག་ལ་མཚོན་ན་སྡོད་ཁང་ནི་ཆེས་རྨང་གཞིའི་མཁོ་ཆས་ཡིན་མོད། འོན་ཀྱང་ཉིན་རེའི་འཚོ་བའི་སྤྱོད་སྒོ་ཡོངས་རྫོགས་སྒོར་མོའི་མཛད་གྲོན་ལ་བརྟེན་དགོས་པས། ཁོ་ཚོས་རང་གི་འཚོ་བའི་ཡོང་སྒོ་ལ་ཇི་ལྟར་འཆར་གཞི་འཐེན་པ་ཡིན་ནམ། གསར་འགོད་པས་དེ་ལྟ་བུའི་དོགས་གཞི་ཞིག་གིས་སྒོ་ཀུན་ནས་བསླངས་ཏེ་མུ་མཐུད་དུ་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།
སྡེ་བ་འདི་ནི་སྔོན་ཆད་རི་མཐོ་ལམ་གཟར་གྱི་མཐའ་འཁོབ་ཅིག་ན་ཆགས་ཤིང་། སྡེ་དམངས་རྣམས་ཀྱིས་བྱིས་པ་སློབ་གྲྭར་བསྐྱལ་མི་ཐུབ་པ་དང་། ཞོར་ལས་སོགས་སུའང་འགྲོ་མི་ཐུབ་པ་མ་ཟད། ས་ཞིང་བཏབ་ན་གྲོ་ནས་སྲན་གསུམ་མི་སྨིན་པ་དང་ཕྱུགས་ཟོག་འཚོས་ན་ས་རྒྱ་ཆུང་པ་སོགས་ཀྱི་རྐྱེན་གྱིས་སྡེ་བ་ཧྲིལ་བོ་ཅུང་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད། གནད་དེར་དམིགས་ནས་སུམ་མདོ་ཡུལ་ཚོའི་ལས་བྱེད་དག་གིས་མཛུབ་ཁྲིད་བྱས་ཤིང་། སྡེ་བའི་ཏང་ཡོན་རྣམས་ཀྱིས་སྐུལ་འདེད་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་མཆན་ལུང་སྡེ་བའི་ཁྱིམ་ཚང་ཉིས་བརྒྱ་དང་གྱ་བདུན་པོ་ཚང་མ་རྫོང་མཁར་གྱི་ཐོག་ཁང་ནང་དུ་གནས་སྤོར་བྱས། དེའི་སྐོར་ནས་སྡེ་མི་མཱ་པད་མས་བཤད་རྒྱུར།
དེ་སྔོན་ཕྱུགས་ཟོག་འགའ་ལ་བརྟེན་ནས་བསྡད་པ་ཡིན། ང་ཚོའི་སྡེ་བ་རི་མཐོ་ལུང་ཟབ་ཏུ་གནས་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ་ལྔ་བཅུ་ལྷག་ཡོད་ལ། ཡུལ་ཚོ་སྲིད་གཞུང་དང་བར་ཐག་སྤྱི་ལེ་ཉི་ཤུ་ལྷག་ཡོད། གནས་སྤོར་གྱི་ལས་གཞི་ལས2018ལོའི་ཟླ་དགུ་བར་ང་ཚོ་རྫོང་ཐོག་ཏུ་གནས་སྤར་བ་དང་། གནས་འདིར་སྤར་རྗེས་བྱིས་པ་སློབ་གྲྭར་བསྐྱལ་བ་དང་ནད་ལ་སྟོན་པ། ཞོར་ལས་བཙལ་བ་བཅས་ལ་སྟབས་བདེ་བསྐྲུན་ཡོད། འདི་དག་ཡོད་ཚད་རྒྱལ་ཁབ་ཀྱི་བཀའ་དྲིན་རེད།
མཆན་ལུང་སྡེ་བ་རྫོང་མཁར་ལ་སྤར་རྗེས། ཁོ་ཚོས་རང་གི་འཚོ་བ་སྔར་ལས་ལེགས་སྒྱུར་དང་གྲོང་ཁྱེར་གྱི་འཚོ་བའི་འགྲོས་དང་བསྟུན་ཅི་ཐུབ་བྱས། མཆན་ལུང་སྡེ་བ་ལ་ཡུལ་ཚོ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ཏེ་སྡོད་ཁང་གི་ཉེ་འགྲམ་དུ་ཚོང་གཉེར་དང་ཐོན་སྐྱེད་ཀྱི་འཁོར་ཁང་རེ་འགའ་བཀོད་སྒྲིག་བྱས་ཤིང་། དེ་དག་ཕྱིའི་སྦྱིན་བདག་རྣམས་ལ་འགན་ལེན་བྱེད་དུ་བཅུག་ཏེ། སྡེ་བའི་མང་ཚོགས་རྣམས་ཀྱིས་རང་གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་དུས་ལྟར་ཕྱིར་འཚོང་བྱས་ནས་ཡོང་སྒོ་བསྡུ་ལེན་བྱེད་ཐུབ་ཀྱིན་ཡོད། དཔེར་ན། སུམ་མདོ་ཡུལ་ཚོའི་མང་ཚོགས་བཙན་དབང་ཆེན་ལ་མཚོན་ན། ས་གནས་ཀྱི་ཁྱིམ་བྱ་གསོས་ཏེ་ཡོང་སྒོ་མང་པོ་ལེན་བཞིན་ཡོད། དེའི་སྐོར་ཁོས་བཤད་རྒྱུར།
དང་ཐོག་ང་ཚོ་ཁྱིམ་ཚང་ལྔ་ཡིས་མཉམ་ལས་བྱས་ཏེ་ཁྱིམ་བྱ་གསོས་པ་ཡིན། ད་ལྟ་མཉམ་ལས་བྱེད་མཁན་ཁྱིམ་ཚང་བཅུ་གཅིག་ཡོད་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་གཉིས་དང་རྫོང་བཞི་རུ་རེ་རེ་ཡོད་ལ། བསྡོམས་པས་ཁྱིམ་བྱ་ཁྲི་གསུམ་ལྷག་ཡོད། ལོ་གཅིག་གི་ཡོང་སྒོ་རྐྱང་བ་བསྡོམས་པས་སྒོར་ས་ཡ་གཅིག་དང་འབུམ་གསུམ་ལྷག་ཡོད་པ་དང་། ལས་མཁན་འདུས་པའི་ཁྱིམ་ཚང་བཅུ་དགུ་ལ་བགོ་བཤའ་བརྒྱབ་རྗེས། ང་རང་ཉིད་ཀྱི་ཡོང་སྒོ་རྐྱང་བ་སྒོར་འབུམ་གསུམ་ལྷག་རེད།
སུམ་མདོ་ཡུལ་ཚོ་མཆན་ལུང་སྡེ་གསར་གྱིས་སློབ་གྲྭའི་སློབ་ལྭ་བཟོ་བ་དང་ལྷམ་གདན་གཙགས་པ། རླངས་འཁོར་བཀྲུ་བ་དང་། རླངས་འཁོར་ཞིག་གསོ་བྱེད་ས་རུ་གླ་བྱེད་པ། དེ་མིན་ད་དུང་སྡེ་བ་གཞུང་གི་ཚོང་ར་ཕྱི་རུ་གླས་ཏེ་གླ་རིན་གྱི་ཡོང་སྒོ་བགོ་བཤའ་རྒྱག་པ་སོགས་ཀྱི་ལས་ཀ་སྣ་ཚོགས་ལས་ནས་ཡོང་སྒོ་འཚོལ་བཞིན་འདུག་ལ། དེང་ཐོག་སྡེ་གསར་འདིའི་ནང་སྤོར་དུས་དབུལ་ཕོངས་མང་ཚོགས་ཀྱིས་སྒོར་ཁྲི་གཅིག་ཙམ་བྱིན་ཏེ་ཐོག་ཁང་ནང་འདུག་ཐུབ་སོང་པ་རེད། སྡེ་དམངས་ཀྱི་དབུལ་ཕོངས་གནད་དོན་ཡོངས་སུ་སེལ་དགོས་ན་མང་ཚོགས་ཀྱི་བསམ་བློ་དབུལ་ཐར་བྱེད་དགོས་ལ། བསམ་བློ་དབུལ་ཐར་བྱེད་དགོས་ན་མི་རེ་རེའི་སེམས་སུ་ཕྱུག་འགྱུར་གྱི་ལམ་ཕྱོགས་དང་དགེ་མཚན། ཐབས་ལམ་སོགས་ལ་ཤེས་རྟོགས་མི་དམན་པ་དགོས་པས། ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་དུས་དང་རྣམ་པ་ཀུན་ཏུ་སྡེ་དམངས་ཡོངས་ལ་སློབ་གསོ་གཏོང་གིན་འདུག ང་ཚོ་གསར་འགོད་པ་སྡེ་བ་འདིར་ཐོན་དུས། སྡེ་བའི་ཏང་ཡོན་བྱ་འགུལ་ལྟེ་གནས་སུ་ཏང་ཡོན་རྣམས་ལྷན་གཅིག་ཏུ་འདུས་ནས་སྡེ་བའི་ཕྱུག་འགྱུར་གྱི་ཕྱོགས་སུ་འབད་བརྩོན་བྱེད་པའི་གོ་རིམ་ཁྲོད་དུ་ད་དུང་མི་འདང་ས་གང་དག་ཡོད་པ་ལ་བགྲོ་གླེང་བྱེད་ཀྱིན་མཆིས།
མཆན་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནི་སུམ་མདོ་ལུང་པའི་སྐད་ཆ་རྐྱང་རྐྱང་བཤད་པའི་མི་ཞིག་མ་རེད། ཁོ་ས་ཕྱོགས་ཡར་མར་ཀུན་ལ་ཚོང་གཉེར་བྱེད་དུ་འགྲོ་མྱོང་མཁན་ཞིག་ཡིན་པས། མཐོང་རྒྱ་ཆེ་ལ་ཡུལ་ལུང་སོ་སོའི་སྐད་ཆ་ལའང་ཅུང་བྱང་ཆ་ལྡན་འདུག ཁོས་མཚོ་སྔོན་པོ་ཕྱོགས་ཀྱི་འབྲོག་སྐད་ལ་གཞོལ་བའི་སྒོ་ནས་ང་ཚོར་འདི་ལྟར་བཤད་བྱུང་།
ང་ཚོའི་ཕ་ཡུལ་ནི་བོད་རིགས་མང་ས་དང་རྫ་མཐོ་ས་ཞིག་ཡིན་ལ། ཆུ་གློག་ལམ་གསུམ་དང་ཡོང་སྒོ་མི་བཟང་བའི་སྡེ་བ་ཞིག་ཡིན། རྒྱབ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོག་ང་ཚོ་རྫོང་མཁར་དུ་གནས་སྤར་བ་དང་། གནས་འདིར་སྤར་རྗེས་ཡོང་སྒོ་སོགས་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་ཇེ་བཟང་དུ་གྱུར་ཡོད། 2018ལོར་གནད་འཁེལ་དབུལ་སྐྱོར་གྱི་ལས་གཞིའི་མ་དངུལ་སྒོར་འབུམ་ལྔ་བཀོལ་ནས་ལོ་བཞིའི་རིང་ལ་ཡོང་སྒོ་སྒོར་འབུམ་བཞི་བརྩོན་ལེན་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཚོང་ཁང་གྱན་བདུན་བརྒྱད་ཡོད་པ་དང་། དེ་གཞན་ལ་གླས་ཏེ་དབུལ་ཕོངས་ཁྱིམ་ཚང་བཞི་བཅུ་ལ་བགོ་བཤའ་རྒྱག་བཞིན་ཡོད། ད་ལྟ་ཡོང་སྒོ་སོགས་བཙལ་བའི་ཐབས་ལམ་མང་ལ། སྡེ་མི་ཚང་མས་ཆ་རྐྱེན་ལྡབ་འགྱུར་གྱིས་ཇེ་བཟང་དུ་གྱུར་ཡོད།
གཞན་སུམ་མདོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུན་ཧྲུའུ་མེན་གྱིས་བཤད་རྒྱུར།
སུམ་མདོ་བོད་རིགས་ཡུལ་ཚོ་ནི་རོང་མ་འབྲོག་གི་བོད་རིགས་ཡུལ་ཚོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་མཆན་ལུང་སྡེ་བ་ཡུལ་གཞན་གནས་སྤོར་གྱི་རྣམ་གྲངས་ལ་བརྟེན་ནས་རྫོང་མཁར་དུ་གནས་སྤར་བ་རེད། ད་ལྟ་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ། ཐོན་ལས་གཉེར་བ་དང་ཞོར་ལས་སུ་འགྲོ་བ། ལས་རིགས་ལག་རྩལ་ལ་བརྟེན་ནས་ཡོང་སྒོ་འཚོལ་བ་སོགས་ཀྱི་ཐབས་ལམ་ལས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
ཧུའུ་ཀྲུའུ་རྫོང་མཁར་ན་གཞིས་སྡོད་བྱས་པའི་གྲོང་ཁྱེར་གྱི་བོད་མི་འདི་དག་ལ་མཚོན་ན། འཚོ་བའི་ཆུ་ཚད་སྔོན་ཆད་ལས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། བསམ་བློའི་གོ་རྟོགས་ལ་སྔོན་ཆད་ལས་རིག་པའི་བློ་ཡུལ་ལ་མ་འགོངས་པའི་འཆར་སྒོ་སྣ་ཚོགས་བྱུང་པས། དུས་རབས་གསར་པའི་མཛེས་སྡུག་གི་འཚོ་བར་ལོངས་སྤྱོད་བྱེད་པའི་གོ་སྐབས་རེག་འདུག་ལ། ཁོ་ཚོས་འདི་ཡོད་ཚད་ནི་ཏང་གི་བཀའ་དྲིན་རེད། གལ་ཏེ་ཏང་མེད་ཚེ་ང་ཚོ་དེ་རིང་ད་དུང་རི་འགོ་ནས་ཕོ་ལྟོགས་ཤིང་རྒྱབ་གྲང་ཞོར་དུ་གདོད་མིའི་འཚོ་བ་ཐབས་ཆག་དེ་རོལ་བཞིན་པ་ལས་ཐབས་གཞན་ཡོད་པ་མ་རེད་ཟེར་ལ། ཁྱིམ་ཚང་རེ་རེའི་འགྲུལ་ཁང་གི་གྱང་ངོས་སུ་གཙོ་འཛིན་ལྔའི་སྐུ་པར་བཀལ་ཡོད་པའི་ངང་ཚུལ་ལ་བལྟས་ན། སྐད་ཆ་དེ་ཡོད་ཚད་སེམས་ཀྱི་གཏིང་རིམ་ནས་ཐོན་པའི་དྲིན་གཟོའི་སེམས་གཏམ་ཡིན་པ་གཞི་ནས་ཧ་གོ་ཡོང་།
གསར་འགོད་པ།ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།