མཚོ་སྔོན་ཞིང་ཆེན་གྱི་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀའི་ཟིན་ཐོ་གསར་བ་བསྐྲུན་པ།
2021.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

རྩྭ་ཐང་དང་གངས་རི། ནགས་ཚལ། མཚེའུ། འཁྱག་རོམ། ཆུ་བོ། བརླན་ས། ཐང་རྒོད་སོགས་རང་ཞིང་དུ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་རྙོག་འཛིང་ཆེ་ལ་སྣ་མང་རང་བཞིན་གྱི་སྐྱེ་ཁམས་མ་ལག་ཡོད།  ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྣ་མང་གི་སྐྱེ་ཁམས་མ་ལག་དེ་དག་གིས་སྐྱེ་དངོས་ཀྱི་དངོས་རིགས་སྣ་མང་རང་བཞིན་སྐྱེད་སྲིང་བྱས་ཡོད།

རྒྱལ་ཡོངས་ལ་བལྟས་ཚེ། མཚོ་སྔོན་ཞིང་ཆེན་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་སུ་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་དྲུག་བརྒྱ་ལྔ་དང་། རི་སྐྱེས་རྩི་ཤིང་རིགས་སྟོང་གསུམ་ལྷག་ཙམ་ཡོད།  གླེང་རིན་ཡོད་པ་ཞིག་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་སོགས་ཀྱི་སྐྱེ་ཁམས་ས་ཁུལ་གལ་ཆེན་ལ་མཚོན་བྱེད་རང་བཞིན་གྱི་སྐྱེ་དངོས་ཀྱི་རིགས་ཁྱུ་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་གསལ་ཡོད་པ་དེས། ཚད་གཞི་མི་འདྲ་བའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཐོབ་པའི་ཕན་འབྲས་མངོན་ཡོད།

དགོ་དམར་གྱི་གྲངས་ཀའི་ཟིན་ཐོ་གསར་པ་བསྐྲུན་པ།

“དགོ་དམར་གྱི་ཕ་སར”བརྗོད་པའི་མཚོ་སྔོན་པོའི་མཐའ་འཁོར་ས་ཁོངས་སུ། དགོ་དམར་གྱི་གྲངས་ཀ་སྟོང་གཉིས་ནས་སྟོང་གཉིས་དང་ལྔ་བརྒྱ་དང་། དེ་ནས་ད་ལྟའི་སྟོང་གསུམ་ལས་བརྒལ་ཏེ་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས་མཚོ་སྔོན་པོའི་མཐའ་འཁོར་དུ་ཚེ་སྲོག་གི་སྤྲོ་སྣང་འཕེལ་ཡོད་པ་རེད།

དཔྱིད་ཀའི་དུས་སུ་ཕྱུགས་རྩྭ་སླར་ཡང་སྔོན་པོ་གྱུར་མེད་པ་དང་། དགོ་དམར་ལོ་གཅིག་ནང་དཀའ་ཚེགས་ཆེ་བའི་དུས་སུ་སླེབས་ཡོད།  དུས་ཚིགས་འདིར། ཁོ་ཚོའི་ལྟོ་བ་རྒྱགས་པར་དབྱར་དུས་དང་སྟོན་ཁའི་དུས་ལས་ཀྱང་ནུས་ཤུགས་ཆེན་པོ་ཕུལ་དགོས།  དགོ་དམར་དཀའ་ངལ་ལ་འཕྲད་སྐབས་ས་གནས་དེ་གའི་ནགས་ཚལ་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་སྐྱེ་ཁམས་དོ་དམ་པའི་མིག་གིས་བལྟས་ཡོད།  ལོ་རེའི་ད་ལྟའི་དུས་ཚིགས་འདིར། ས་གནས་དེ་གའི་མི་སྣ་རྩ་འཛུགས་བྱས་ཏེ་དགོ་དམར་འཚོ་གནས་ས་ཁུལ་དུ་གཟན་རྩྭ་གོ་རིམ་ལྡན་པའི་ངང་སྟེར་བཞིན་ཡོད་པ་དང་། ཁོ་ཚོ་དཔྱིད་ཀའི་དཀའ་སྡུག་ལས་གྲོལ་བར་ཁག་ཐེག་བྱེད་བཞིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལོ་བཅུ་ལ་བསྟུད་མར་དགོ་དམར་སྲུང་སྐྱོབ་ས་ཁུལ་ལ་གཟན་རྩྭ་སྤྱི་རྒྱ་ཁྲི་གསུམ་བསྐྱལ་བ་རེད།  མིས་ཐེ་གཏོགས་བྱེད་པའི་བྱེད་ཐབས་དེ་རིགས་ཀྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་དགོ་དམར་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། དེ་མིན་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོ་ཡོང་རྒྱུར་རྨང་གཞི་བཏིང་ཡོད།

2019ལོར། འཇིག་ཉེན་ཆེ་བའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། དགོ་དམར་དེ་མཚོ་སྔོན་པོའི་ཉེ་འཁོར་དུ་ཁྱབ་ཁུལ་བདུན་ཡོད་པ་དང་། ལྟ་ཞིབ་ཚད་ལེན་མི་སྣས་དགོ་དམར་སྟོང་གཉིས་དང་བདུན་བརྒྱ་ཞེ་བཞི་ཡོད་པ་ཤེས། 2020ལོའི་ལོ་མཇུག་ཏུ། དགོ་དམར་ལྟ་ཞིབ་ཚད་ལེན་ས་ཚིགས་བཅོ་ལྔ་རུ་བསྡོམས་པས་དགོ་དམར་སྟོང་གསུམ་ལྷག་ཙམ་ལྟ་ཞིབ་ཚད་ལེན་བྱས་པས། 2019ལོ་ལས་དགོ་དམར་བདུན་བརྒྱ་ལྷག་ཙམ་ཇེ་མང་དུ་ཕྱིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་བཅས་ཀྱིས་ར་བ་བསྐོར་ཚད་ཇེ་དམའ་རུ་བཏང་བ་དང་། འཐུང་ཆུའི་ས་ཚིགས་བཙུགས་པ། སྔོན་བཞག་བགྲོད་ལམ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དགོ་དམར་གྱི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་བྱས།  མཚོ་སྔོན་པོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་སྔོ་ཁེབས་ཚད་ཇེ་བཟང་དུ་སོང་ཡོད་པས། དགོ་དམར་གྱི་འཚོ་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མ་ཟད་དགོ་དམར་གྱི་ཁྱུ་ཚོགས་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད།

གཙོད་ཀྱི་གྲངས་ཀ་ཁྲི་བདུན་ལྷག་ཡོད།

ཨ་ཆེན་གངས་རྒྱབ་ནི་གཙོད་ཀྱི་ཕ་ས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་གཙོད་འཚོ་གནས་ཁུལ་གཙོ་བོ་ཡང་རེད།  ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་གྱི་གཙོད་ཀྱི་གྲངས་ཀ་ཁྲི་གཉིས་ཙམ་མེད་པ་ནས་ད་ལྟའི་ཁྲི་བདུན་ལྷག་ཙམ་བར་སླར་གསོ་བྱུང་ཡོད།

ཟླ་བ་གསུམ་པ་སླེབས་རྗེས། ཨ་ཆེན་གངས་རྒྱབ་ས་ཁུལ་སྔར་བཞིན་སྐྱ་ཐིང་ཐིང་དུ་གནས་ཡོད།  སྨུག་པ་ལ་སྒང་གི་མཚོ་བོད་ལྕགས་ལམ་ཟམ་ཆེན་གྱི་ཉེ་འགྲམ་དུ་སྒྲིག་སྦྱོར་བྱས་པའི་མཚོ་སྔོན་གྱི“སྐྱེ་ཁམས་སྐར་ཁུང”གི་རྒྱང་རིང་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་ནས། ཁ་ཐོར་དུ་གནས་པའི་གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་མཐོང་ཐུབ། དེ་དག་གིས་ལྷིང་འཇགས་ཀྱི་ཨ་ཆེན་གངས་རྒྱབ་ལ་གསོན་ཤུགས་གསར་བ་བསྣན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མི་མང་པོ་ཞིག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་ཀ་མངོན་གསལ་སྒོས་འཕར་ཡོད།  2013ལོར་སྲུང་སྐྱོབ་ས་ཚིགས་ཀྱིས་རྨས་སྐྱོན་ཕོག་པའི་གཙོད་དེ་བསྐྱལ་རྗེས་མྱུར་སྐྱོབ་བྱེད་དགོས་པའི་གཙོད་གཏན་ནས་མཐོང་རྒྱུ་མེད།

ས་ཁོངས་བརྒལ་ནས་ལྐོག་རྔོན་བྱེད་པ་སོགས་ཀྱི་ཉེས་གསོག་རྣམ་པ་འབྱུང་བར་བཀག་འགོག་བྱ་ཆེད། 2009ལོའི་ཟླ་དགུ་པ་ནས་བཟུང་། ཞིན་ཅང་གི་ཨར་ཅིན་རི་བོ་དང་བོད་ལྗོངས་ཀྱི་བྱང་ཐང་། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་ཁྱིམ་མཚེས་ཆེན་པོ་གསུམ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་མཉམ་འགོག་མཉམ་ལས་གྲོས་མཐུན་བཞག་ནས། ཁྲིམས་འཛིན་ས་ཁོངས་ཀྱི་དབྱེ་མཚམས་རྦད་དེ་མེད་པར་བཟོས་པ་དང་། གཙོད་ལྐོག་རྔོན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་མཐའ་ནས་བསྐོར་བའི་རྣམ་པ་ཞིག་ཆགས་ཡོད།  ཁྲིམས་འཛིན་དང་གླེང་ཕྱོགས་ཀྱི་གནས་བབ་ཆེན་པོའི་འོག 2009ལོ་ནས་ད་བར་དུ། ཨ་ཆེན་གངས་རྒྱབ་ས་ཁུལ་དུ་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་གཅིག་ཀྱང་བྱུང་མྱོང་མེད།

ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་དུ་མིས་གསོས་པའི་གསའ།  པར་རིས་ནི་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་མཁོ་འདོན་བྱས།

གསའ་སྲུང་སྐྱོབ་བྱེད་སྟངས་གསར་པ་བསྐྲུན་པ།

2020ལོར། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་སུ་གསའ་ཡི་རྗེས་ཤུལ་མཐོང་།  དེའི་ཐད་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ཚང་མས་གསའ་ཡི་འགུལ་བསྐྱོད་ཟིན་ཐོར་བཀོད་པ་རེད།  གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཀ་ཕྱེད་ཀ་ཙམ་ཟིན་པའི་རྫོང་ཁོངས་སུ་གསའ་ཡོད་པ་དང་གསའ་ཡི་ཁྱབ་རྒྱ་ཅུང་ཆེ་བའི་ཞིང་ཆེན་ཞིག་རེད།  མིག་སྔར། གསའ་ཡི་རྗེས་ཤུལ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད།

གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་མཚོན་པའི་རེའུ་མིག་ལྟ་བུ་རེད།  ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ནང་གི་གསའ་ཡི་གྲངས་ཀ་དང་ཤེས་རྟོགས་ཐུབ་ཚད་གཉིས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ཡོད།  གནས་ཚུལ་དེ་དག་ཐོག་ནས་གསའ་ཡང་ཡང་ཐོན་པ་དེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་གྲངས་ཀ་ཇེ་མང་དུ་ཕྱིན་པ་དང་འཚོ་སྡོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་པ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མཚོན་ཡོད་ཟེར།

གསའ་ཇེ་མང་དུ་སོང་བ་དེས་གསའ་དང་འབྲེལ་བ་ཡོད་པའི་སྲོག་ཆགས་ཀྱི་གྲངས་ཀ་ཡང་དེ་མཚུངས་ཀྱིས་ཇེ་མང་དུ་སོང་བ་མཚོན་གྱིན་ཡོད།  གསའ་ཆེས་དགའ་བའི་ཟས་ནི་གནའ་ཡིན་པ་དང་། གནའ་མང་པོ་བྲག་རྡོ་ཡོད་སའི་གནས་སུ་འགུལ་སྐྱོད་བྱེད་ཀྱིན་ཡོད། དེ་ནི་གསའ་ཡི་འགུལ་སྐྱོད་བྱ་ཡུལ་དང་གཅིག་མཚུངས་རེད།  གནའ་ཇེ་མང་དུ་ཕྱིན་པའི་རྒྱུ་རྐྱེན་ནི་སྲུང་སྐྱོབ་ས་ཁུལ་གྱི་རྩྭ་ཐང་གི་ཕྱུགས་བཀག་སྲུང་སྐྱོབ་དང་འབྲོག་པས་གསོ་སྤེལ་བྱས་པའི་ལུག་ཇེ་ཉུང་དུ་ཕྱིན་པ། རྔོན་པ་ཇེ་ཉུང་དུ་སོང་བ། རྩྭ་ར་སྟོང་བར་གྱུར་བས་གནའ་འཚོ་གནས་བྱེད་པའི་བར་སྟོང་ཆེ་རུ་ཕྱིན་པ་རེད།  གལ་ཏེ་གནའ་ཡི་གྲངས་ཀ་ཚོད་འཛིན་མ་ཐུབ་ན་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བརླག་གཏོང་སྲིད།  དེར་བརྟེན། གསའ་གནས་པ་དེ་གནའ་ལ་མཚོན་ན་འཇིགས་སྐུལ་ཞིག་ཡིན་པ་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ལ་རང་བྱུང་དོ་སྙོམས་ཡོང་རྒྱུ་རེད།

འཇིག་ལ་ཉེ་བའི་གསའ་དེ་སྐྱོབ་ཆེད། 2020ལོར་མཚོ་སྔོན་ཞིང་ཆེན་གྱིས“མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ”འཛུགས་རྒྱུའི་གྲོས་འགོ་བཏོན་ནས། གསའ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བར་གཞོལ་ཏེ་རིམ་པ་མང་བ་དང་། ཁྱབ་ཁོངས་མང་བ། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་གསའ་སྲུང་སྐྱོབ་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་།

ལི་ཞའོ་ནན་གྱིས་བསྟན་དོན། མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་འཛུགས་དོན་ནི་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། གསའ་ཞིབ་འཇུག་དང་སྲུང་སྐྱོབ་བྱས་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་དཔེ་སྟོན་དང་ཁྲིད་སྟོན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།  ཞིབ་ཕྲའི་ཐོག་ནས་བརྗོད་ན། མནའ་འབྲེལ་གྱིས་མཉམ་འབྲེལ་ཐོག་གསའ་གཟིག་ཞིབ་འཇུག་དང་། སྲུང་སྐྱོབ་གསར་སྐྲུན། ལག་རྩལ་བརྗེ་རེས་སོགས་ལ་དམིགས་ནས། ཕྱོགས་མང་མཉམ་ལས་ཀྱི་འབྲེལ་ཐག་དང་འབྲེལ་ཟམ་ཧུར་ཐག་གིས་བཙུགས་ཏེ། མནའ་འབྲེལ་ལམ་སྲོལ་ནུས་ལྡན་ལ་བརྟེན་ནས་རང་ངོས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་དང་སྲུང་སྐྱོབ་ཀྱི་སྦས་ཤུགས་འཕེལ་བར་བྱས་ཏེ་གསའ་གཟིག་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།