སྙིང་རུས་ཆེར་བསྐྱེད་ཀྱིས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ།
2021.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བ།

ནང་ཆེན་རྫོང་སྤྲེལ་ཚྭ་ཡུལ་ཚོ་གཡེར་བ་སྡེ་བའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་པའི་གནས།

ལོ་ལྔ་ཡི་རིང་དབུལ་ཐར་མཁྲེགས་གཏོར་བྱས་པ་བརྒྱུད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ནག་གི་ཡུལ་ཚོ་དང་གྲོང་རྡལ་བཞི་བཅུ་དང་། དབུལ་ནག་གི་སྡེ་བ་བརྒྱ་དང་བཞི་ཡི་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་ཚང་མ་དབུལ་ཐར་བྱས་པ་དང་། ཁུལ་དེའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་དུས་ལྟར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས།

དབྱར་ཁའི་མེ་ཏོག་བཞད་པའི་དུས་སྐབས་སུ། གསར་འགོད་པ་དཔལ་ཐང་རྩྭ་ཐང་དུ་བསྐྱོད་པ་དང་། རྩྭ་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་གི་རྣམ་པས་ཁེངས་ལ། ཨར་འདམ་གྱི་ལམ་བུ་ཀྱག་ཀྱོག་ངང་མདུན་དུ་བསྲིང་ཡོད་པ་དང་། ཞིང་པའི་སྡོད་ཁང་གསར་པ་ཕྲེང་ལྟར་བསྒྲིག་ཡོད་ལ། ཕྱུག་འགྱུར་གྱི་བཟོ་ཁང་རེ་རེ་བཞིན་བསྐྲུན་ཡོད་པ་མ་ཟད། བདེ་སྐྱིད་ཀྱི་འཛུམ་མདངས་མི་ཚང་མས་གདོང་དུ་མངོན་ཡོད། སྡོད་ཁང་ཡོད་པ་དང་འགན་སྲུང་ཡོད་པ། ཐོན་ལས་ཡོད་པ། ཡོང་སྒོ་ཇེ་མང་དུ་སོང་ཡོད་པས། དབུལ་ཐར་ཁྱིམ་ཚང་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་མགོ་བརྩམས།

དབུལ་ཐར་བྱ་བ་སྤེལ་བར་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་མཁྲེགས་གཏོར་བྱེད།

ཉིན་ཞིག་གི་ཞོགས་པར། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོ་བྱམས་སྐུ་སྡེ་བའི་ཧྲུའུ་ཅི་དང་པོ་བུན་ཅོན་གྱིས་ཡིག་ཆ་མཐུག་པོ་ཞིག་གྲ་སྒྲིག་བྱས་ནས། ཁྱིམ་ཚང་དུ་སྒྲོག་འགྲེལ་བྱེད་པར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།  ཁོ་མོས་བཤད་རྒྱུར།“ཉིན་འདི་འགར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་འབྲོག་པའི་ཁྱིམ་ཚང་ཚང་མར་བརྒྱུད་བསྒྲགས་བྱས་ན། ཚང་མས་རྗེས་ཕྱོགས་སྲིད་ཇུས་སྔར་ལས་ཇེ་ཡག་ཏུ་འགྲོ་རྒྱུ་དང་ཚང་མའི་འཚོ་བ་ཡང་སྔར་ལས་ཇེ་བཟང་དུ་འགྲོ་རྒྱུ་ཡིན་པ་ཤེས་ཐུབ”ཟེར།

སྔ་མོར་ལངས་མཁན་ཁྲོད་ད་དུང་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྲུ་ཆུང་སྡེ་བའི་ཚེ་རིང་ཉི་མ་ཡོད། ཁོས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་རོགས་རམ་འོག དངུལ་བུན་སྒོར་ཁྲི་ལྔ་བསྐྱིས་ནས་ཞོ་བཙོང་བའི་བྱ་བ་གཉེར་བ་དང་། 2017ལོའི་ལོ་མཇུག་ཏུ་ཁོ་ཚང་གི་ཁྱིམ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ལ་སླེབས་ཡོད་པ་མ་ཟད་བདེ་བླག་ངང་དབུལ་ཐར་གྱི་དམིགས་འབེན་དུ་སླེབས།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བ་ནས་བཟུང་། འདི་ལྟ་བུའི་དབུལ་ཐར་མཁྲེགས་གཏོར་གྱི་རྣམ་པ་ཡུས་ཧྲུའུ་རུ་ཧ་ལམ་ཉིན་ལྟར་འབྱུང་བཞིན་ཡོད། ཡུས་ཧྲུའུ་ཁུལ་གྱིས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དབུལ་སྐྱོར་གྱི་སྤྱི་འགན་འཁུར་བ་དང་། ཚན་གཙོ་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ།“རིམ་ལྔའི་ཧྲུའུ་ཅིས”དབུལ་སྐྱོར་ལ་དམ་འཛིན་དང་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འགན་འཁྲི་སྡེ་ཁག་སོ་སོ་དང་རྩ་འཛུགས་སོ་སོ་རུ་ཁྱབ་པར་བྱས།

ལོ་ལྔའི་རིང་ལ། ཁུལ་ཏང་ཨུའི་ཧྲུའུ་ཅི་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་གཅིག་འདོམས་བྱས་ནས། དབུལ་ནག་གི་ཡུལ་ཚོ་དང་གྲོང་རྡལ་བཞི་བཅུ་ལ་བཅར་འདྲི་བྱས་པ་དང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དངོས་སུ་བྱ་བར་ལྟ་སྐུལ་བྱས་པ་མ་ཟད་མཐའ་མཚམས་ས་ཁུལ་དང་དབུལ་ནག་ཡུལ་ཚོ་དང་སྡེ་བར་བསྐྱོད་དེ་བརྟག་ཞིབ་མཛུབ་ཁྲིད་བྱས།

སྟོབས་དང་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་པར་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་བཟང་བོ་ཡུལ་དངོས་སུ་བྱ་བ་སྒྲུབ་པའི་ཐད་སྤྱོད་དགོས། ལོ་ལྔའི་ནང་ཏང་ཡོན་ལས་བྱེད་པ་ཡོངས་ལ་སྐུལ་སློང་བྱས་ཏེ། འཇོན་ཐང་ལྡན་ལ་སྟོབས་ཤུགས་ཡོད་པའི་མི་སྟོང་གཅིག་དང་ལྔ་བརྒྱ་དབུལ་སྐྱོར་གྱི་ལས་ཡུལ་དང་པོར་བསྐྱོད་ནས“མཉམ་འབྲེལ་གཅིག་དང་རོགས་སྐྱོར་གཉིས། བཅོས་སྒྲིག་གསུམ”གྱི་བྱ་བ་ཏན་ཏིག་ངང་སྤེལ།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ནི་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་ཁོ་ན་ཞིག་མིན་པར། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་པ་བྱེད་དགོས་པ་ཞིག་རེད། ཡུས་ཧྲུའུ་ཡི་གཞི་རིམ་ལས་བྱེད་པའི་སློབ་གླིང་གིས་ལོ་གཉིས་ལམ་ལུགས་ཀྱི་སློབ་ཁྲིད་བྱེད་སྟངས་ཐོག་ནས་སྐོར་གསུམ་ལ“ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། འཇོན་ཐང་ལྡན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་གཞི་རིམ་རྗེས་གྲབས་ལས་བྱེད་པ་བདུན་བརྒྱ་བཅོ་བརྒྱད་ལ་གསོ་སྦྱོང་བྱས་ཏེ། ཕྱིར་འཐེན་བྱེད་མི་ཐུབ་པའི་དབུལ་སྐྱོར་བྱ་བའི་རུ་ཁག་ཅིག་གསར་དུ་བསྐྲུན་ཡོད།

གནད་འཁེལ་ཇུས་འདོན་བྱས་ཏེ། དབུལ་ཐར་གྱི་རྩ་བ་སེལ་བའི་ཐབས་ལམ་བཟང་བོ་བཙལ་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་པ་དང་། ཆ་སྙོམས་ས་མགོའི་མཐོ་ཚད་ལ་མུས་བཞི་སྟོང་ཉིས་བརྒྱ་ཟིན་པའི་མདོ་དབུས་མཐོ་སྒང་དུ། རང་བྱུང་ཆ་རྐྱེན་ཞན་པ་དང་དབུལ་པོར་གྱུར་རྐྱེན་རྙོག་འཛིང་ཆེ་བས། ཐབས་ལམ་བཟང་བོ་བཙལ་ན་ད་གཟོད་དབུལ་ཕོངས་རྩ་བ་ནས་སེལ་ཐུབ།

ཡུས་ཧྲུའུ་ཁུལ་ནོར་བུ་གླིང་མི་རིགས་གྱོན་ཆས་ཚད་ཡོད་ཀུང་སི་ནི་ཡུས་ཧྲུའུ་ཡི་དཔལ་ལྡན་རྒྱལ་མཚན་གྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བཙུགས་པའི་ཁེ་ལས་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། སྲིད་གཞུང་གི་རོགས་རམ་འོག ཀུང་སི་དེ་ཡུས་ཧྲུའུ་ཁུལ་གྱི་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་དུ་བཅའ་སྡོད་བྱས་པ་དང་། མི་རིགས་ཀྱི་རྒྱན་གོས་དང་མི་རིགས་ཀྱི་མཁོ་ཆས་ལས་སྣོན་ཕྱིར་འཚོང་གཞི་གཅིག་ཅན་གྱི་ཁེ་ལས་ཞིག་ཡིན་ལ། ཐོན་རྫས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་སོགས་སུ་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་ནེ་པ་ལར་ཕྱིར་འཚོང་བྱས་ནས་ཡུས་ཧྲུའུ་ཁུལ་གྱི་མི་རིགས་གྱོན་ཆས་ཀྱི་སྣེ་འདྲེན་ཁེ་ལས་སུ་རིམ་བཞིན་འཕེལ་རྒྱས་བཏང་བ་མ་ཟད། མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་རྩེ་གྲས་ལྔ་བཅུའི་ཁྲོད་བདམས་པ་རེད།

དཔལ་ལྡན་རྒྱལ་མཚན་གྱིས་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་རྒྱུ་མི་བརྗེད་པར། ཀུང་སིས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་འབྱུང་བར་སྣེ་ཁྲིད་བྱ་རྒྱུ་དམིགས་འབེན་དུ་བྱས་ནས། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱས་པ་བརྒྱུད། ཉེ་འཁོར་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཙམ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྙེགས་སུ་བཅུག་པ་དང་། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་བཅུ་གསུམ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ལ་སླེབས་ཡོད།

དེ་ནི་ཡུས་ཧྲུའུ་ཡིས་བྱེད་ཐབས་བཟང་བོ་སྤྱད་ནས་དབུལ་ཐར་བྱས་པའི་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་ཡིན་པ་དང་། དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་ལས་གཞི་སོ་སོའི་ཡུས་ཧྲུའུ་ཡི་ས་གནས་སོ་སོ་རུ་གཅིག་རྗེས་གཉིས་མཐུད་ངང་འབྲས་བུ་མངོན་ཡོད།

ལོ་ལྔའི་རིང་ལ། ཡུས་ཧྲུའུ་ཡི་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ2015ལོའི་སྒོར་སྟོང་གཉིས་དགུ་བརྒྱ་བདུན་ཅུ་ནས་ད་ལྟ་སྒོར་སྟོང་དགུ་དང་ཉིས་བརྒྱ་དྲུག་ཅུ་ལ་འཕར་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཐོན་ལས་ཡོད་པ་དང་ཕྱུག་འགྱུར་བྱེད་ཐུབ་པས། དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྫོང་རིམ་པའི་ཐོན་ལས་གླིང་ཁུལ་ཁྱབ་འགྱེད་ཀྱིས་ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་པས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གཞི་རྩའི་ཆ་ནས་དམིགས་ཚད་དུ་སླེབས་ཡོད་པ་མ་ཟད། འབྲོག་ཁུལ་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་ལས་ཇེ་ཆེར་སོང་ཡོད།

ལོ་ལྔའི་རིང་ལ། མ་དངུལ་སྒོར་དུང་ཕྱུར་བཅོ་ལྔ་དང་བྱེ་བ་ལྔ་འབུམ་གཉིས་ཁྲི་ལྔ་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། ཁྱིམ་ཚང་སྟོང་བདུན་དང་ཉི་ཤུ་ཡི་མི་གྲངས་ཁྲི་གཉིས་དང་སྟོང་བརྒྱད་ལ་བདེ་འཇགས་སྡོད་ཁང་འགན་སྲུང་གནད་དོན་ཐག་གཅོད་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་བཅུ་བདུན་དང་བྱེ་བ་གསུམ་ས་ཡ་བརྒྱད་ཁྲི་གཉིས་བཏང་ནས་ཁྱིམ་ཚང་དུ་ཐོན་ལས་དང་། ཐོན་ལས་གླིང་འཛུགས་སྐྲུན། སྡེ་བའི་ཐུན་མོང་དཔལ་འབྱོར། འོད་ཤུགས་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར་བཅས་གཙོར་ཡིན་པའི་དབུལ་སྐྱོར་ཐོན་ལས་ལས་གཞི་ལག་བསྟར་བྱས་ནས། རིམ་རྩིས་བྱས་ན་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་གསུམ་དང་ཉིས་བརྒྱ་ལ་རོགས་སྐྱོར་དང་སྐུལ་ཁྲིད་བྱས། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་དབུལ་ཕོངས་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་ལྔ་བརྒྱ་བཅུ་གཅིག་ལ་སྐྱེ་ཁམས་དོ་དམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལོངས་སུ་སྤྱོད་དུ་བཅུག་པ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ལེན་ཐུབ། གླིང་ཁུལ་ནང་གི་དབུལ་ཕོངས་ཁྱིམ་ཚང་ཚང་མར་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་གཉིས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་གསུམ་འབུམ་བདུན་བཏང་ནས་དབུལ་ནག་ས་ཁུལ་དང་སྲ་བརྟན་མཐོར་འདེགས། དྲ་ཐོག་ཚོང་དོན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པས། དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་ཡོངས་ལ་ཕན་འབྲས་ཐོབ་པ་དང་། ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ཡུན་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་དབུལ་པོའི་འཕར་ཚད་ཚོད་འཛིན་ནུས་ལྡན་བྱས་ཡོད།

སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པར་རྒྱལ་ཁ་བརྩོན་ལེན་བྱེད་དགོས།

“གཟན་ཆས་ལས་སྣོན་བཟོ་གྲྭ་བེད་སྤྱོད་བྱས་རྗེས། རྫོང་ཡོངས་ཀྱི་གནོད་ཐེབས་ཀྱི་དབང་གིས་དབུལ་པོར་གྱུར་བའི་གནས་ཚུལ་ཞི་ལྷོད་དུ་སོང་ཡོད།”གསར་འགོད་པ་ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་དུ་པེ་ཅིང་གིས་རོགས་སྐྲུན་བྱས་པའི་ནང་ཆེན་གཟན་ཆས་ལས་སྣོན་བཟོ་གྲྭར་སྐྱོད་སྐབས། ལས་བཟོ་བས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་ལས་ཀ་སྒྲུབ་བཞིན་ཡོད།

ལས་སྣོན་བཟོ་གྲྭའི་སྤྱིའི་ལས་འཛིན་པ་འཕྲིན་ལས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ས་གནས་ཀྱི་ནས་ནག་དང་ལོག་དཀར་སོགས་མ་བཅོས་རྒྱུ་ཆ་ལས་སྣོན་བཟོ་གྲྭའི་ནང་གི་རང་འགུལ་འཕྲུལ་ཆས་བརྒྱུད་ནས་སྤུས་ལེགས་གཟན་ཆས་ལས་སྣོན་བྱེད་བཞིན་ཡོད་པ་དང་། ལོ་རེའི་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་ལྔ་ཡོད་ལ། ཡུས་ཧྲུའུ་ཁུལ་ཡོངས་སུ་གནོད་འཚེ་ཐེབས་པའི་ལོ་དེར་ཕྱུགས་ལས་ལ་མཁོ་སྤྲོད་ནུས་ལྡན་ཐུབ་པར་འགན་སྲུང་བྱས་ཡོད།

པེ་ཅིང་གིས་ནང་ཆེན་གཟན་ཆས་ལས་སྣོན་བཟོ་གྲྭ་རོགས་སྐྲུན་བྱས་པར་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ཡོད་པ་དང་། དེའི་ཁྲོད་པེ་ཅིང་གིས་རོགས་སྐྲུན་སྒོར་ས་ཡ་གསུམ་བྱིན་ལ། ལས་སྣོན་བཟོ་གྲྭ་དེས་རྫོང་ཡོངས་ཀྱི་གནོད་འགོག་ཕྱུགས་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དང་ནུས་ལྡན་དུ་བཏང་སྟེ། འབྲོག་པ་མང་ཚོགས་ལ་གནོད་འཚེ་ཐེབས་ནས་དབུལ་པོར་གྱུར་པ་དང་གནོད་འཚེ་ཐེབས་ནས་བསྐྱར་དུ་དབུལ་པོར་གྱུར་པའི་གནས་ཚུལ་ཞི་ལྷོད་དུ་བཏང་།

ཞིང་ཕྱུགས་ལས་ཐད་ཀྱི་རོགས་སྐྱོར་ཕུད། ལོ་ལྔའི་རིང་ལ། པེ་ཅིང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བཅུ་དགུ་དང་བྱེ་བ་བཞི་ས་ཡ་དགུ་བཏང་སྟེ། བློ་སྐྱོར་དང་རིག་སྐྱོར་བྱེད་པར་རྒྱུན་འཁྱོངས་བྱས་ནས། དམངས་ཚིས་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་སུ་སྟོང་ཆ་སྐོང་བ་དང་ཞན་ཆ་གསབ་ནས། ཡུས་ཧྲུའུ་ཡི་དབུལ་ཐར་མཁྲེགས་གཏོར་སྤྱིའི་ཐད་ཀྱི་ཕན་འབྲས་ཆེ་རུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེར་མ་ཟད། ཡུས་ཧྲུའུ་ཡིས་ལས་རིགས་ཀྱི་ཁྱད་སྟོབས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། ལས་རིགས་སོ་སོའི་ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་རོགས་རམ་བྱས་པ་དང་། ལས་རིགས་དབུལ་སྐྱོར་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་དགུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་ས་ཡ་དགུ་ཧྲིལ་བསྡུས་བྱས་ནས་ཁུལ་ཡོངས་སུ་ཁྱབ་པའི་ས་གནས་ཀྱི་ནད་རིགས་དང་འགོས་ནད་གྲལ་བཤེར་དང་འགོག་བཅོས་བྱ་བ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་བསྐྱར་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་དགུ་བཏང་ནས་སློབ་གྲྭ་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཁྲི་གསུམ་དང་སྟོང་བདུན་ལ་རོགས་སྐྱོར་བྱས་པ་དང་། འོས་འགན་སློབ་གསོ་ཇེ་བརྟན་དུ་གཏོང་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་ལྔའི་ཡན་རྒྱུན་འཁྱོངས་བྱས་ལ། གྲོང་ཁྱེར་གཅིག་དང་རྫོང་ལྔ་པོ་ཚང་མར་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ངང་རྒྱལ་ཁབ་ཀྱིས་ཞིབ་བཤེར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་བརྒྱད་ས་ཡ་བདུན་བཏང་ནས། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། དབུལ་ཕོངས་མི་གྲངས་ཁྲི་ལྔ་དང་སྟོང་གཉིས་བཞི་བརྒྱའི་བགྲོད་ལམ་གནད་དོན་ཐག་གཅོད་བྱས། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་ལྔ་བཏང་ནས་དབུལ་ཕོངས་སྡེ་བ་བརྒྱ་དང་བཞིའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས། མ་དངུལ་སྒོར་དུང་ཕྱུར་ཉེར་དགུ་དང་བྱེ་བ་བཞི་ས་ཡ་གཉིས་བཏང་ནས་ཞིང་བ་ཁྱིམ་ཚང་ཁྲི་བཞི་དང་སྟོང་གཅིག་བརྒྱད་བརྒྱའི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་གློག་གི་གནད་དོན་ཐག་གཅོད་བྱས། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་དྲུག་བཏང་ནས་སྲིད་འཛིན་སྡེ་བའི་འོད་སྐུད་དྲ་བ་འཛུགས་སྐྲུན་དང་དབུལ་ཕོངས་སྲིད་འཛིན་སྡེ་བ་བརྒྱ་དང་བཞི་རུ་སྐུད་མེད་བརྡ་རྟགས་ཁེབས་པ་མངོན་འགྱུར་བྱས། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་བཏང་ནས་རིམ་རྩིས་བྱས་ན་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་དབུལ་ཕོངས་མི་གྲངས་འབུམ་གཉིས་ལྷག་ལ་རོགས་སྐྱོར་བྱས།

ཆུ་ཕྲན་ལྷུང་ལྷུང་དུ་བཞུར་ནས་ཆུ་བོ་ཆེན་པོ་གྲུབ། 2021ལོར། མགོ་རྩོམ་ས་གསར་བར་བགྲེང་སྟེ། ཡུས་ཧྲུའུ་ཁུལ་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ནས་རྐང་འཛུགས་པ་དང་།“མི་འདོར་བ་བཞིའི”བླང་བྱ་ལྟར། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་རྒྱུན་མཐུད་ངང་ཇེ་བརྟན་དུ་དང་ཇེ་ལེགས་སུ་བཏང་སྟེ། ཡུས་ཧྲུའུ་ཡི་འཕེལ་རྒྱས་སྔར་ལས་བཟང་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།