འབྲི་ཆུའི་མགོ་ཁུངས་སྡེ་བར་སྐྱིད་ཀྱི་ཉི་མ་ཤར།
2021.10.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 53

སྟོན་མཇུག་གི་དུས་ཚོད་ནི་འབྲས་བུའི་འཁུར་གྱིས་དུད་པའི་བདེ་སྐྱིད་ཀྱི་དག་ཞིང་དང་འདྲ་བར། ས་ཆེན་གྱི་སྟེང་ལ་སེར་ལམ་ལམ་གྱི་ཟེར་འོད་འཕྲོ་ཞིང་། མི་རྣམས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ལྷུག་གེར་བཞད་འདུག གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་བཅར་འདྲིར་ཐོན་པ་ན། སྡེ་གྲོང་གི་མང་ཚོགས་རྣམས་ངལ་རྩོལ་གྱི་འདུ་འཛིའི་ཁྲོད་ན་ཡོ་ལང་རབ་ཏུ་རྒོལ་ཞིང་། སྡེ་མི་རེ་རེ་ལོ་ངོ་ལྔའི་ཡར་སྔོན་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་ཁ་གཡང་གི་ཁྲོད་ན་བདེ་ཞིང་སྐྱིད་པའི་ངང་འཚོ་བ་རོལ་བཞིན་མཆིས།

ལོ་ངོ་ལྔ་ནི་འཆར་གཞི་ཞིག་གི་དབུ་ཁྱུད་ལ་རྫོགས་ཚིག་འབྲི་བའི་དུས་ཀྱི་ཡུན་ཚད་ཡིན་ལ། ལོ་ངོ་ལྔ་ནི་ཐོག་མའི་མངགས་བཅོལ་ལ་གྲུབ་འབྲས་ཀྱིས་ཡ་ལན་སྤྲོད་པའི་འཕེལ་རྒྱས་བཤུལ་ལམ་ཡིན། གསར་འགོད་པ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཀྲི་པུའུ་ཨུ་ཡོན་ཚེ་རིང་དབང་མོའི་སྣེ་ཁྲིད་ཀྱི་འོག་ནས། སྡེ་བའི་ཕྱོགས་སོ་སོའི་འཕེལ་རྒྱས་ཀྱི་རྣམ་པ་ལ་རྒྱུས་ལོན་བྱེད་དུ་སོང་པ་ན། འབྲི་ཆུའི་མགོ་ཁུངས་སྡེ་བ་ལ་སྐྱེ་ཁམས་དང་དཔལ་འབྱོར། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས་སོགས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་བླ་མེད་བྱུང་འདུག

2016ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་པ་དང་། གཙོ་བོ་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་གྱི་ཐད་མཛུབ་སྟོན་གལ་ཆེན་གནང་། ཁོང་ཉིད་གནས་འདིར་ཕེབས་ནས་ལོ་ལྔ་འགོར་ཡོད་པ་དང་། མང་ཚོགས་ཀྱི་འཚོ་བ་དང་མི་རིགས་མཐུན་སྒྲིལ། མིའི་སྤྱོད་སྟངས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་། དང་ཐོག་ང་ཚོའི་དཔལ་འབྱོར་གྱི་ཐད་རྨང་གཞི་མེད་པ་དང་ས་ཆ་མང་པོ་ཞིག་ལ་ཡང་འགྲོ་མི་ཐུབ། གཅིག་ནས་སྐད་ཆར་གོ་བརྡ་མི་འཕྲོད་པ་དང་གཉིས་ནས་གོམས་གཤིས་མེད་པས་ལས་ཀ་འཚོལ་དུ་འགྲོ་དཀའ། དེང་སྐབས་དཔལ་འབྱོར་གྱི་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དང་། མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་ཕལ་ཆེར་ལྡབ་བཅུ་འཕར་ཡོད། ད་ལྟ་སྡེ་བའི་བརྒྱ་ཆའི་སུམ་ཅུ་ཡིས་ཟ་ཁང་དང་ཚོང་ཁང་གཉེར་བ་མ་ཟད་ཞོར་ལས་བྱེད་ཀྱིན་ཡོད། ཞོར་ལས་བྱེད་མི་ཐུབ་པའི་མི་དང་ལོ་ལོན་ལ་ཁ་གསབ་མ་དངུལ་སྒོར་ཁྲི་དྲུག་ཙམ་ཡོད་པས། འཚོ་བའི་ཐད་ཡར་རྒྱས་སོང་ལ་ད་ལྟ་ཧ་ཅང་སྐྱིད་པོ་རེད།

གོང་གི་སྐད་ཆ་དེ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་གྱིས་བཤད་པ་རེད། སྤྱི་ཁྱབཧྲུའུ་ཅིས་ལོ་ངོ་ལྔའི་ཡར་སྔོན་ལ་འདི་ལྟ་བུའི་གསུངས་བཤད་ཅིག་གནང་མྱོང་སྟེ། "ཁྱོད་ཚོས་སྡེ་བ་འཛུགས་སྐྲུན་བྱས་པ་ཧ་ཅང་བཟང་། ཁྱོད་རྣམས་ཀྱི་བདེ་སྐྱིད་འཚོ་བ་ད་དུང་ཡུན་རིང་པོ་ཡོད་ངེས། ཁྱེད་རྣམས་ལ་ནད་མེད་ཚེ་རིང་ཡོང་བར་སྨོན། རང་རེའི་རྒྱལ་ཁབ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཁག་སོ་སོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཚང་མས་ཕན་ཚུན་མཛའ་བརྩེ་ལྡན་པ་དང་མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བར་བྱ་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གཏན་འབེབ་བྱས་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན་པ་དང་། སྐྱེ་ཁམས་གནས་སྤོར་ཡུལ་མི་ནི་སྲིད་ཇུས་དེ་དོན་འཁྱལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་དགོས། །"ཞེས་གསུངས་པ་རེད། དང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་སྡེ་བ་འདིར་ཕེབས་དུས་སྡེ་བ་འདིར་སྐྱེ་ཁམས་གནས་སྤོ་ཡི་ཁྱིམ་ཚང་བརྒྱ་ལྷག་མ་གཏོགས་མེད་ལ། ད་ལྟ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལྟར་སྐྱེ་ཁམས་གནས་སྤོ་ཡི་ཕྱོགས་སུ་ཤུགས་བསྣན་ནས། འབྲི་ཆུའི་མགོ་ཁུངས་སྡེ་བར་ཁྱིམ་ཚང་ཉིས་བརྒྱ་ཉེར་བཞི་ལ་འཕར་འདུག ང་ཚོས་སྡེ་བའི་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་ཚང་གི་ཁང་བའི་སྒོའི་ཕྱི་རུ་བུད་པ་ན། གོམ་པ་ཉིས་བརྒྱ་ལྷག་གི་མཚམས་སུ་དཔེ་ཀློག་བསྐྱར་སྦྱོང་གི་དབྱངས་རྟ་ཞིག་གིས་སྡེ་གྲོང་འདིའི་ལྷིང་འཇགས་ལ་ཕུགས་བསམ་གྱི་ཅོང་བརྡ་རྒྱག་པ་དང་འདྲ་བར་གསལ་ལྷང་ངེར་ཐོས་ཡོང་། དེ་ནས་ང་ཚོ་ཐད་ཀར་སློབ་གྲྭའི་ནང་སོང་ནས་རྒྱུས་ལོན་བྱས་པ་ན། འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་སློབ་གཙོ་གཞོན་པ་བསོད་ནམས་ཆོས་འཕེལ་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་རྗེས། གྲོང་ཚོ་འདི་དང་སློབ་གྲྭ་ལ་སོགས་པའི་ཁང་བ་དང་སློབ་གྲྭའི་སྒྲིག་ཆས་ལ་སྔར་དང་མི་མཐུན་པའི་འགྱུར་ལྡོག་བྱུང་ལ། དགེ་རྒན་གྱི་ཕྱོགས་ནས་སློབ་གསོ་ཅུའུ་དང་ན་གོར་མོ་གྲོང་ཁྱེར་གྱི་སློབ་གསོ་སྡེ་ཁག་གིས་ལྟ་རྟོག་ཆེན་པོ་བྱས་ཏེ་གསོ་སྦྱོང་དང་ཆུ་ཚད། གྲངས་ཀ་བཅས་ཀྱི་སྟེང་སྔར་དང་མི་འདྲ་བའི་འཕེལ་རྒྱས་ཆེན་པོ་བྱུང་། དེའི་རྐྱེན་གྱིས་སློབ་གྲྭས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་སློབ་གྲྭའི་ཁྱོན་ཡོངས་ལ་འཕེལ་རྒྱས་ཆེན་པོ་བྱུང་།

སློབ་གཙོ་གཞོན་པ་བསོད་ནམས་ཆོས་འཕེལ་གྱིས་རང་གི་ལག་ཟུང་གི་མཛུབ་མོའི་བར་གསེབ་ཏུ་འགོས་པའི་ས་སྨྱུག་གི་ཐལ་རྡུལ་སྤྲུགས་བཞིན། སྔོན་ཆད་ཀྱི་སྦྲ་གུར་སློབ་ཆུང་དུས་སྐབས་ཀྱི་དཀའ་ཁག་དང་ད་ལྟའི་སློབ་སྒྲུབ་ཆ་རྐྱེན་སོགས་ངོས་ཐད་ནས་ཀྱང་ཁ་བརྡ་གང་མང་བྱས་བྱུང་ལ། སྐད་ཆ་དེ་དག་བཤད་དུས་ཁོའི་ངོ་གདོང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་སྣ་ཚོགས་ཀྱི་རྣམ་འགྱུར་མངོན་པ་མ་ཟད། ལོ་ངོ་ལྔ་ཡི་སློབ་གསོའི་འཕེལ་རྒྱས་ལ་ཡིད་ཚིམ་ཚུལ་སོགས་རེ་རེ་བཞིན་ལབ་བྱུང་། འབྲི་ཆུའི་མགོ་ཁུངས་སྡེ་བ་འདིར་སྔོན་ཆད་འཕྲོད་བསྟེན་ཁང་ཆུང་ཆུང་ཞིག་མ་གཏོགས་མེད་ལ། ད་ལྟ་སྒོ་བསྟེན་སྨན་ཁང་བཙུགས་ནས་མང་ཚོགས་རྣམས་ཀྱི་ནད་བཅོས་བདེ་སྲུང་གི་ཐད་ནས་འགན་སྲུང་བྱས་འདུག གསར་འགོད་པས་སྡེ་བ་དེའི་སྒོ་བསྟེན་སྨན་ཁང་གི་བོད་སྨན་སྨན་པ་ཚེ་ལོ་སྐྱབས་ལ་བཅར་འདྲི་ཞིག་བྱས་པ་ན། ཁོས་བཤད་རྒྱུར།

ན་ནིང་གོང་རིམ་གྱིས་མ་དངུལ་བྱིན་ནས་བོད་སྨན་སྒོ་བསྟེན་ཁང་འདི་ལས་པ་ཡིན། ནད་ལ་བལྟ་རུ་ཡོང་མཁན་ཡང་ཧ་ཅང་མང་། གཙོ་བོ་རྐང་ལག་ན་བ་དག་རེད། རང་ས་གནས་མ་གཏོགས་ཆུ་དམར་ལེབ་ཀྱི་ནད་པ་ཡང་ཡོད། གཙོ་བོ་སྣུམ་བྱུག་དང་ཧོར་མེ། མེ་བཙའ། སྟར་ཁ། སྐུ་མཉེ་བཅས་ལ་བསྟེན་ནས་ནད་པ་གསོ་བཅོས་བྱས་པ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དང་ཐོག་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་དུས་སུ། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་པ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དང་། ཏན་ཏན་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དུ་གཏོང་བར་ཤུགས་སྣོན་པ་བཅས་ཀྱི་རེ་བ་ནན་མོ་བཏོན་ཡོད་ལ། དེ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཕྱོགས་སྟོན་ཡང་རེད། འབྲི་ཆུའི་མགོ་ཁུངས་སྡེ་བས་ལོ་ངོ་ལྔ་བོ་འདིའི་རིང་ལ་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་ལག་ལེན་དོན་འཁྱོལ་བྱས་ནས་ད་ལྟ་སྡེ་བའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་འདུག་ལ། ལྷག་དོན་མང་ཚོགས་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ནི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག སྔོན་ཆད་གདང་ལ་རི་ཁུལ་ན་ཕྱུགས་ཟོག་གི་འཚོ་སྐྱོང་ལ་འབད་པའི་མང་ཚོགས་རྣམས་ཀྱིས་གྲོང་ཁྱེར་ནས་འཚོ་གཞིས་ཀྱི་མགོ་ཚུགས་པ་ན། ཁོ་ཚོས་གཞི་ནས་གྲོང་ཁྱེར་གྱི་འཚོ་བའི་གོམ་འགྲོས་དང་བསྟུན་ནས་རང་གི་འཚོ་ཚིས་ཀྱི་གདམས་ཀ་ལའང་བསམ་བློ་གཞན་ཞིག་གཏོང་རན་སོང་པས། མང་ཚོགས་མང་ཆེ་ཤོས་ཀྱིས་རང་གི་ལམ་ཁ་ཚོང་ལས་ཀྱི་ཕྱོགས་སུ་བསྒྱུར་ནས། ད་ལྟ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འདུག  འབྲི་ཆུའི་མགོ་ཁུངས་སྡེ་བའི་གྲོང་རྡལ་གྱི་ཉེ་འདབས་སུ་མི་རིགས་ཐོན་ལས་དང་ཟ་ཁང་སོགས་མང་པོ་གྲལ་བསྟར་སྒྲིག་འདུག་ལ། གསར་འགོད་པས་ཨ་ཁུ་ལུག་རྫི་ཟ་ཁང་གི་སྦྱིན་བདག་ཀརྨ་བཟང་པོ་ཁྱོ་ཤུག་གཉིས་ལ་བཅར་འདྲི་ཞིག་བྱས་པ་ན། ཁོ་གཉིས་ཀྱིས་བཤད་རྒྱུར།

དང་མ་ཅི་ཞིག་ཀྱང་ལས་མི་ཤེས། འབྲུ་རིགས་ཅུང་ཙམ་ཉོས་ནས་ནོར་ལུག་གསོས་པ་ཡིན། 2004ལོར་གནས་འདིར་སྤར་ཡོང་བ་དང་། དང་ཐོག་འདིར་སྤར་དུ་སྒོར་སྟོང་དྲུག་གི་ཁ་གསབ་མ་གཏོགས་མེད། ད་ལྟ་རྒྱལ་ཁབ་ཀྱི་ཁ་གསབ་སྣ་ཚོགས་དང་རྩྭ་སྲུང་བའི་ཁ་གསབ། ཆུང་མའི་གླ་ཕོགས་བཅས་བསྡོམས་པས་སྒོར་འབུམ་གཅིག་ལྷག་ཡོད།

གནས་འདིར་ཟ་ཁང་ཧ་ཅང་མང་། ཟ་ཁང་འདི་གཉེར་ནས་ཟླ་གཉིས་ལྷག་འགོར་བ་དང་ཟླ་གཉིས་ཀྱི་རིང་ལ་སྒོར་ཁྲི་གཅིག་ལེན་ཐུབ་བྱུང་།

སྡེ་བ་འདིར་མཚོན་ན་རྒྱལ་ཁབ་ཀྱིས་རྩྭ་སའི་ཁ་གསབ་སྦྱིན་པ་དེ་ཁོ་ན་ལ་བརྟེན་ནས་མ་བསྡད་པར། སྡེ་མི་ཚོས་ཚོང་ལས་གཉེར་ནས་རང་ཁ་རང་གསོའི་ཕྱོགས་སུ་འབད་པ་ལྷུར་ལེན་བྱས་པ་མ་ཟད། མཉམ་ལས་ཁང་གི་རྣམ་པ་ལ་བརྟེན་ནས་སྡེ་བའི་ཡོང་སྒོ་འཕར་སྣོན་གྱི་ཕྱོགས་སུ་བརྩོན་པའི་རྔུལ་ཆུ་གཏོར་དང་གཏོར་བཞིན་མཆིས། དེའི་སྐོར་ནས་སྡེ་བའི་མཉམ་ལས་ཁང་གི་ཁོངས་མི་ནོར་བུ་ཚེ་རིང་གིས་བཤད་རྒྱུར།

ང་ཚོའི་སྐམ་ཤ་ཚང་མ་གདང་ལ་ནས་འཁྱེར་ཡོང་བ་ཡིན་ལ། མཉམ་ལས་ཁང་འདི་ད་ལོ་གསར་དུ་བཙུགས་པ་དང་། ང་རང་གིས་ཤ་བཙོང་ནས་ལོ་བདུན་བརྒྱད་འགོར་ཡོད་པས་ཉམས་མྱོང་ཅུང་ཡོད། དེའི་རྐྱེན་གྱིས་ངའི་སྐད་འཕྲིན་རྒྱབ་ལོགས་སུ་ཤ་བཙོང་རྒྱུའི་སྐོར་བཞག་ན་ཉོ་མཁན་ཧ་ཅང་མང་ལ། ཉོ་མཁན་སི་ཁྲོན་དང་ཡུས་ཧྲུའུ། ལྷ་ས། ནག་ཆུ། རྒྱལ་ནང་གི་ཉོ་མཁན་ཡང་མང་པོ་ཡོད། ལོ་ཕྱེད་ཙམ་ལ་སྒོར་ཁྲི་བརྒྱད་ཀྱི་ཡོང་སྒོ་ཡོད་པ་དང་། སང་ལོ་དེ་ལས་ཀྱང་མང་བ་བརྩོན་ལེན་བྱེད་རྒྱུ་ཡིན།

ད་ལྟ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ནང་དུ་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། མང་ཚོགས་རྣམས་ཀྱི་ཡོང་སྒོ་ཡང་སྔོན་ཆད་ལས་ལྡབ་འགྱུར་གྱིས་འཕེལ་འདུག སྡེ་མི་བློ་གྲོས་བསྟན་ཆོས་ལ་མཚོན་ན། ཁོ་ཚང་ལ་བཟའ་མི་ལྔ་ཡོད་ལ། ཁོ་བཟའ་མི་གང་བོར་རྒྱལ་ཁབ་ཀྱིས་རྩྭ་སའི་ཁ་གསབ་ཀྱི་སྒོར་མོ་བྱིན་ཡོད་པ་དང་། ཁོང་བཟའ་ཟླ་གཉིས་ཀྱིས་ཞོར་ལས་ལས་ནས། ད་ལྟ་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ལེགས། ཁོས་གསར་འགོད་པར་བཤད་རྒྱུར།

གནས་འདིར་སྤར་རྗེས་རྒྱལ་ཁབ་ཀྱི་རོགས་སྐྱོར་མང་པོ་བྱས་པས་འཚོ་བ་ཧ་ཅང་ཇེ་བཟང་དུ་སོང་ཡོད། སློབ་གྲྭར་ཐག་ཉེ་བ་དང་ནད་པ་སྟོན་པར་སྟབས་བདེ་བ། ལམ་སོགས་ཧ་ཅང་བཟང་པས་འཚོ་བ་ཇེ་བཟང་ཇེ་སྐྱིད་དུ་གྱུར་ཡོད།

མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེས་ཆེ་བ་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་བའང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་གནས་སྤོར་གྱི་སྡེ་གྲོང་འདིར་མཚོན་ན། ཐོག་མའི་བསམ་འདུན་མི་བརྗེད་པར་རང་གི་སྔོན་མའི་ཕ་ཡུལ་རི་གྲོང་གི་སྐྱེ་ཁམས་དོ་སྲུང་སོགས་ཕྱོགས་ལའང་འབད་པ་བྱེད་ཀྱིན་པ་མ་ཟད། ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་བརྟེན་ནས་རང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད་ལ། སྔོན་ཆད་ཀྱི་ཕ་ཡུལ་རི་གྲོང་གི་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལོ་རེར་མིག་མཐོང་ལག་ཟིན་གྱིས་ཇེ་བཟང་ཡིན་པ་མཐོང་ན། སེམས་སུ་སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་སྣང་དང་། ཐོབ་པའི་ཚོར་སྣང་གིས་ཁེངས་འདུག            སྡེ་བའི་ཀྲི་པུའུ་ཨུ་ཡོན། ཚེ་རིང་དབང་མོས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་ནས་ལོ་ལྔ་འགོར་བའི་རིང་གི་འགྱུར་ལྡོག་ནི་སྡེ་བའི་ནང་དུ་རང་བྱུང་སོལ་རླངས་འཐེན་པ་དང་། ཆུ། གློག ལམ་གསུམ་གསར་དུ་ལས་ལ། དེ་མིན་སྡེ་བའི་ནང་གི་ཁང་བ་ཚང་མ་གསར་དུ་ལས་པ་རེད།

ཆུ་འཐུང་ན་ཁྲོན་པ་བརྐོ་མཁན་བརྗེད་མི་རུང་པ་ཇི་བཞིན། འབྲི་ཆུའི་མགོ་ཁུངས་སྡེ་བས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ནམ་ཡང་སེམས་སུ་བཟུང་འདུག་ལ། སྡེ་གྲོང་གི་སྲང་ལམ་དག་གི་འགྲམ་ངོགས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་གྱི་གསུང་དུམ་དག་གང་སར་བྲིས་འདུག ང་ཚོ་གསར་འགོད་པས་ཉིན་གཅིག་གི་བཅར་འདྲིའི་གོ་རིམ་ཡོད་ཚད་མཇུག་རྫོགས་ནས། ཕྱིར་ལམ་ལ་ཆས་དུས། དུད་ཁྱིམ་རེ་རེའི་སྒོ་ཁ་རུ་བྲོ་བ་མི་གཅིག་པའི་ཟ་མ་གཡོ་བསྐོལ་གྱི་དྲི་བསུང་སྣ་ཚོགས་འཐུལ་ཡོང་ལ། སློབ་གྲྭའི་ནང་དུ་སློབ་ཐུན་གྲོལ་པའི་ཅོང་བརྡ་གྲགས་པ་དང་བསྟུན་ནས། སློབ་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱོགས་བཞིའི་རང་ཁྱིམ་ལ་ཆས་ཀྱིན་འདུག་ལ། ཁོ་ཚོའི་ངོ་གདོང་ལས་སང་ཉིན་གྱི་བདེ་སྐྱིད་ལྡན་པའི་ཉི་མ་ནི་སྔར་ལས་རིང་པའི་ཡིད་ཆེས་དང་སྤོབས་པས་ཁེངས་འདུག

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།