དམངས་ཕན་སྲིད་ཇུས་བཟང་པོས་ཕྱུག་ལྷ་གསེར་ཐང་སྐྱིད་པའི་ལམ་དུ་བཀོད།
2021.10.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

སྤྱི་ཟླ་བཅུ་པའི་ཟླ་དཀྱིལ་ཞིག་ལ། ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བཅར་འདྲིར་ཕྱིན། ང་ཚོས་རྒྱལ་ལམ་གཅིག་ཐིག་དགུ་བརྒྱུད་ནས་སོང་པ་ན། ལམ་གྱི་འགྲམ་ངོགས་སུ་འབྲོག་པ་མང་པོས་ཚོང་ལས་གཉེར་ཞིང་། ལ་ཤས་ཀྱིས་རྨོ་ཞིང་འབྲེག་ཀྱིན་འདུག་ལ། ཡང་ལ་ཤས་ཀྱིས་གཟན་རྩྭ་བསྡུ་གསོག་བྱེད་ཀྱིན་འདུག དེ་ནི་སྐྱེ་ཁམས་གནས་སྤོའི་སྡེ་བ་ཞིག་ཡིན་ནམ་སྙམ་ནས་མུ་མཐུད་དུ་སྡེ་བ་དེའི་ཕྱོགས་སུ་བསྐྱོད་པ་ན། མ་གཞི་དེ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་རྒུ་རུ་ཡུལ་ཚོའི་སྡེ་བ་བཞི་མཉམ་དུ་འདུས་པའི་གྲོང་ཚོ་ཆུང་ཆུང་ཞིག་སྟེ། གནས་དེའི་མིང་ལ་ཕྱུག་ལྷ་གསེར་ཐང་ཟེར། ཕྱུག་ལྷ་གསེར་ཐང་ཞེས་པའི་ཐ་སྙད་འདི་གོ་མ་ཐག ང་ཚོས་བློ་ངོས་སུ་སྡེ་བ་འདི་ནི་ཕྱུག་པོ་གཏེར་བདག་ཏག་ཏག་གིས་གྲུབ་པའི་ས་ཆ་ཞིག་ཡིན་ནམ་སྙམ་ནས། སྡེ་བ་དེའི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལ་དྲིས་པ་ན། ཁོས་ཀུ་རེ་ཡི་ཚུལ་གྱིས"ཕྱུག་པོ་ཟེར་ན་ཐལ་ཆེ་མོད།གནད་འཁེལ་དབུལ་སྐྱོར་གྱི་ཚད་ཐིག་མན་ན་ལུས་པའི་ཁྱིམ་ཚང་གཅིག་ཀྱང་མེད"ཟེར། དེ་ནས་མུ་མཐུད་ཕྱུག་ལྷ་གསེར་ཐང་ཞེས་པའི་གཏན་སྡོད་གཞིས་ཁུལ་དེར་སླེབས་པ་ན། རྒུ་རུ་ཡུལ་ཚོ་སྦྲེ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས་བཤད་རྒྱུར།

1992ལོར་གནས་སྤོར་སྐབས་དཀའ་ཁག་མང་པོ་འཕྲད་བྱུང་། རྒྱལ་ཁབ་ཀྱིས་གཞིས་ས་བྱིན་ཏེ་ཁང་བ་ལས་སྐབས་དང་། ཕྱུགས་ལས་རྐྱང་བ་གཉེར་བའི་གནས་ནས་ཡོང་བས་ཞིང་འདེབས་ཀྱི་ལས་ཀ་གཉེར་སྐབས་དཀའ་ཁག་ལ་འཕྲད། སྐབས་དེ་དུས་དང་ད་ལྟ་གཉིས་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ལྟ་རང་རང་གིས་འཕྲུལ་ཆས་སྤྱད་དེ་རྩྭ་འདེབས་པ་དང་འབྲེག་བཞིན་ཡོད། ཁྱིམ་ཚང་ཞིག་གི་ནོར་བརྒྱད་ཅུ་ཙམ་ལ་གཟན་རྩྭ་ཉོ་དགོས་ཚེ་སྒོར་ཁྲི་གཉིས་ནས་གསུམ་དགོས་མོད། རྒྱལ་ཁབ་ཀྱིས་བྱིན་པའི་ཞིང་སའི་སྟེང་རྩྭ་བཏབ་ནས་སྒོར་ཁྲི་གསུམ་ཙམ་གྲོན་ཆུང་བྱས་ཡོད།

མ་གཞི་རྒུ་རུ་ཡུལ་ཚོ་ལ་སྦྲེ་ལུང་སྡེ་བ་དང་ཕྱུག་མང་སྡེ་བ། གྲུ་བཞི་སྡེ་བ་སོགས་སྡེ་བ་རེ་འགའ་ཡོད་ལ། སྡེ་བ་དེ་དག་གི་ཁྱིམ་ཚང་རྣམས་ཀྱིས་འབྲོག་ཐང་ན་ཕྱུགས་ཟོག་འཚོ་བཞིན་ཡོད་པ་མ་ཟད། ཁྱིམ་ཚང་ནང་གི་ངལ་རྩོལ་ལྷག་མ་རྣམས་ཀྱིས་རྒྱལ་ལམ་གཅིག་ཐིག་དགུའི་འགྲམ་གཉིས་སུ་ཚོང་ལས་གཉེར་གྱིན་འདུག་ལ། ཁྱིམ་ཚང་ཚང་མས་ཕྱུག་ལྷ་གསེར་ཐང་ན་ལོ་ཏོག་འདེབས་པའི་ཞོར་དུ་གཟན་རྩྭ་ཡང་འདེབས་ཀྱིན་འདུག དེ་བས་ཡུལ་ཚོ་འདི་ལ་མཚོན་ན་སྟོད་ན་ཕྱུགས་ཀྱི་གཡང་རྟེན་རི་ལ་བཀྲམ་ཞིང་། སྨད་ན་ཞིང་གི་འབྲུ་དྲུག་ཐང་ལ་བརྡལ་ཡོད་པ་མ་ཟད། ཞོར་དུ་ཚོང་གི་ཁེ་བཟང་ནོམ་དུ་ལེན་བཞིན་པས་ན། སྡེ་བ་འདིའི་ཕྱུག་འགྱུར་གྱི་ལམ་བུ་ནི་འབྲོག་ས་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་པོ་འདུག གྲུ་བཞི་སྡེ་བའི་སྡེ་མི་མགུར་ཚེ་ཡི་བཤད་རྒྱུར།

1992ལོར་ཕྱུག་ལྷ་གསེར་ཐང་དུ་གནས་སྤར། སྐབས་དེ་དུས་ཞིང་ལས་ལ་སེམས་ཅན་སྐྲག་ནས་གནས་སྤོར་བྱེད་མཁན་མང་པོ་མེད་ལ། རིག་གནས་ཀྱི་ཆུ་ཚད་ཀྱང་ཧ་ཅང་ཞན་པ་དང་བྱིས་པ་སློབ་གྲྭར་འགྲོ་ས་ཡང་མེད། དང་ཐོག་སྡོད་ཁུལ་འདིར་སླེབས་དུས་ཆ་རྐྱེན་ཡང་ཧ་ཅང་ཞན་ལ་ལྕགས་ཀྱི་ཁང་པ་ཕུབ་ནས་བསྡད་པ་ཡིན། ཆུ་འཐུང་ས་ཡང་རྔ་མོང་ལ་ཆུ་ལྡུད་སའི་ཆུ་དོང་གཅིག་ལས་མེད། དེང་སྐབས་ཁང་ཀླད་སོགས་ཀྱང་བཀབ་ཡོད་པས་ཐིགས་ཆུ་ཡོང་རྒྱུ་མེད་ལ་ཁྱིམ་གྱི་སྒོ་ཁའི་ལམ་སོགས་ལས་ཡོད། ཕྱུགས་ལས་ས་ཁུལ་ལ་མཚོན་ན་ལྕགས་ར་འཐེན་ཡོད་པ་དང་ཕྱུགས་སྤྱིལ་ཁང་ལས་ཡོད། ཆུ་མེད་སར་ཆུ་འཐེན་ཡོད་པ་དང་ལམ་མེད་སར་ལམ་ལས་ཡོད། དེང་མ་ས་གཞན་ཞིག་ལ་འགྲོ་འདོད་ན་ལམ་མེད་ལ་རླངས་འཁོར་ཀྱང་བསྐོར་མི་ཤེས། དེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་སྲིད་ཇུས་བཟང་ལ་འཚོ་བ་སྐྱིད་པའང་ཤེས་ཐུབ།

མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་པ་ནང་བཞིན། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་རྒུ་རུ་ཡུལ་ཚོར་ཁ་བ་ཆེན་པོ་ཞིག་བབས་ཤིང་། ཁངས་སྐྱོན་ཀྱི་གནོད་འཚེ་དེའི་ཁྲོད་དུ་སྡེ་བའི་ཕྱུགས་ཟོག་ལ་གྱོང་གུད་ཚབས་ཆེན་ཐེབས། ཁ་བ་འབབ་ཐེངས་གཅིག་གིས་འབྲོག་སྡེ་ཞིག་གི་རྒྱུན་ལྡན་གྱི་འཚོ་བ་ལ་མུ་གེ་ཡི་སྡུག་བསྔལ་བསྐྱལ་ཡོང་ཞིང་། གོད་ཆག་ཐེབས་ཐེངས་གཅིག་གིས་འབྲོག་མི་རྣམས་ཀྱི་འཚོ་བ་ལ་འགྱུར་ལྡོག་གསར་བ་བྱུང་དུ་བཅུག་བྱུང་། ལོ་དེ་ལ། སྡེ་བ་དེའི་ཕྱུགས་ཟོག་ཁྲི་དྲུག་ལྷག་ཁ་བའི་ཁྲོད་དུ་གནོད་སྐྱོན་ཐེབས་མོད། གཏན་དུ་ནུབ་པ་མེད་པ་ནི་འབྲོག་པ་རྣམས་ཀྱི་འཚོ་སྡོད་ཀྱི་སྙིང་སྟོབས་རེད་ལ། སྙིང་སྟོབས་དེ་ཀ་བ་བཞིན་བརྟན་པོར་འགྲེངས་ཐུབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་གནང་་བའི་རྐྱེན་གྱིས་མ་ཡིན་ནམ། ལོ་དེར་ས་གནས་སྲིད་གཞུང་གིས་འབྲོག་པ་རྣམས་ལ་ཕྱུག་ལྷ་གསེར་ཐང་གི་གནས་དེ་རུ་ས་མུའུ་སྟོང་ལྷག་གི་རྨོ་འདེབས་ཀྱི་ས་ཞིང་བྱིན་པ་དང་། དུས་མཉམ་དུ་ཁོ་ཚོར་འདུག་སའི་ཁང་བའང་བྱིན་པས། འབྲོག་པ་རྣམས་ཀྱིས་བསྐལ་བ་སྟོང་གི་རྨི་ལམ་ལའང་རྨིས་མ་མྱོང་པའི་ངལ་རྩོལ་གྱི་ཁ་ཕྱོགས་གཞན་ཞིག་ལ་ཚོད་ལྟ་བྱེད་མགོ་བརྩམས། སྐབས་དེའི་སྣང་ཚུལ་གྱི་ངོས་ནས་སྡེ་མི་མགུར་ཚེ་ཡིས་མུ་མཐུད་དུ་བཤད་རྒྱུར།

གནས་སྤར་རྗེས་ཞིང་ལས་གཉེར་བ་ཡིན། ཞིང་ལས་ཀྱི་ཉམས་མྱོང་མེད་པས་ས་མུའུ་གཅིག་ལས་ནས་རྒྱ་མ་ཉིས་བརྒྱ་ནས་སུམ་བརྒྱ་བླངས་ན་ཆེས་བཟང་བ་རེད། ཞིང་ལས་ས་ཁུལ་གྱི་མི་རྣམས་ཀྱིས་ཀྱང་ཁྱོད་ཚོ་ཕྱུགས་ལས་ནས་མི་འདུག་པར་ཞིང་ལས་ས་ཁུལ་ལ་ཡོང་ནས་འཚོ་བ་རོལ་ན་འཚོ་དཀའ་བ་རེད་ཅེས་བཤད་མྱོང་མོད། འོན་ཀྱང་། ང་ཚོས་ཧུར་བརྩོན་བྱས་ཏེ་བསྡད་པས་གནས་སྤོར་ཁྱིམ་ཚང་ལྔ་བཅུ་ཙམ་ལ་སླེབས།

སྲིད་ཀྱི་ཉི་འོད་འཕྲོ་ཐེངས་གཅིག་གིས་ས་ཆེན་གྱི་ཁ་བའི་གནོད་འཚེ་ཞུ་ཞིང་། ནས་ཀྱི་སྙེ་མ་འཁྲུངས་ཐེངས་གཅིག་གིས་མུ་གེའི་ལྟོགས་སྐོམ་ཡོངས་སུ་སེལ། སྐབས་དེ་ནས་བཟུང་རྒུ་རུ་ཡུལ་ཚོས་རིམ་གྱིས་ཕྱུག་ལྷ་གསེར་ཐང་ནས་ས་ཞིང་གི་རྒྱ་ཁྱོན་ཆེ་རུ་བསྐྱེད་ཅིང་། འབྲོག་ས་ནས་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་འབད་པ་བྱས་པས། སྟོད་སྨད་ཀུན་ན་རྒྱུ་དང་ནོམ་གྱི་ཡོང་སྒོ་འཚོལ་སའི་འབྱུང་ཁུངས་མངའ་བའི་ཕྱུག་འགྱུར་གྱི་ཕྱོགས་སུ་གཞི་ནས་ཆས་མགོ་བརྩམས་བྱུང་།

ཉེ་བའི་ལོ་འདི་དག་གི་རིང་ལ། རྒུ་རུ་ཡུལ་ཚོའི་འབྲོག་དམངས་རྣམས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཅིང་། ཁྱིམ་ཚང་གི་ངལ་རྩོལ་ལྷག་མ་རྣམས་ཀྱིས་ཕྱུག་ལྷ་གསེར་ཐང་ནས་ཚོང་ལས་གཉེར་པ་དང་། དཔྱིད་དུས་གཟན་རྩྭ་དང་གྲོ་ནས་སོགས་འདེབས་པ་དང་། སྟོན་དུས་སུ་ལོ་ལེགས་ཀྱི་འབྲས་བུ་ཁྱིམ་ལ་སྡུད་པར་བྱེད། ད་ལྟ་རྒུ་རུ་ཡུལ་ཚོའི་འབྲོག་དམངས་རྣམས་ཀྱིས་སྒོ་ཕྱུགས་ལ་གཟན་རྩྭ་ཉོ་མི་དགོས་པ་དང་། ཟས་ལ་གྲོ་ནས་སོགས་ཁྲོམ་ར་ནས་ཉོ་མི་དགོས་པས། ཕྱི་ལ་གཏོང་པའི་འགྲོ་གྲོན་ཉུང་པ་དེ་ཁོ་ནས་ཀྱང་ཁོ་ཚོའི་འཚོ་བའི་གནོན་ཤུགས་ཆུང་དུ་བཏང་ཡོད་པ་མ་ཟད། ཕྱུག་འགྱུར་གྱི་ལམ་ཁ་ལ་མགྱོགས་འགྲོའི་བང་གིས་བསྐྱོད་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

སྐལ་བཟང་ཉི་མ་ནི་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་། ཁོས་ཕ་ཡུལ་གྱི་དགེ་མཚན་དེ་རང་གི་ཁེ་གཉེར་གྱི་གོ་སྐབས་སུ་བརྩིས་ཏེ། སློབ་མཐར་ཕྱིན་རྗེས་ཕྱུག་ལྷ་གསེར་ཐང་གི་འགྲམ་ངོགས་སུ་ཚོང་དོན་ཁུལ་ཞིག་མཉམ་ལས་ཀྱི་ཚུལ་གྱིས་མ་རྐང་བཞག་སྟེ་གཉེར་མགོ་བརྩམས་ཤིང་། ད་ཆ་རང་གི་སློབ་གྲོགས་དག་གི་ཁྲོད་ཅུང་ལེགས་འགྲུབ་བྱུང་པའི་མི་སྣ་ཞིག་ཏུ་གྱུར་འདུག་ལ། སློབ་ཆེན་སློབ་མའི་ལས་སྒོ་གསར་སྤེལ་བྱེད་པའི་ན་གཞོན་རྣམས་ཀྱིས་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་བྱེད་སའི་དཔེ་སྟོན་མཁན་ཞིག་ཏུ་ཆགས་འདུག གསར་འགོད་པས་ཁོར་བཅར་འདྲི་བྱེད་དུས། ཁོས་ལག་པས་སྐྲ་ལོ་ཕྲག་གོང་ལ་འདེད་ཀྱིན་རང་གི་ཚོང་གཉེར་གྱི་ཁ་ཕྱོགས་དག་ངོ་སྤྲོད་བྱེད་རྒྱུར།

ཚོང་ཁང་འདི་ནི་རྒུ་རུ་ཡུལ་ཚོའི་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ལྷག་གིས2013ལོར་ས་མུའུ་སུམ་ཅུ་ལྷག་ཉོས་ཏེ་ཁང་བ་ཐོག་རྩེག་གཉིས་ཅན་ཞིག་ལས་ཡོད་པ་དེ་རེད། ཁང་བ་ཕྱིར་གླས་པའི་མ་དངུལ་ལོ་རེར་སྒོར་འབུམ་བཞི་ལྷག་ཡོད། ད་ལྟ་གཅིག་ཐོག་ཚང་མ་ཕྱིར་གླས་ཡོད་པ་དང་། དེའི་ཡོང་སྒོ་ཁྱིམ་ཚང་དེ་དག་ལ་བགོ་བཤའ་རྒྱག་བཞིན་ཡོད། ད་ལོ་ཁྱིམ་ཚང་དེ་དག་གིས་སྤྱི་གཉེར་ཁང་ཞིག་ཐོ་འགོད་བྱས་ཏེ། ཚོང་ར་འདི་དང་དེ་མིན་མུས་གྲུ་བཞི་མ་སྟོང་གཉིས་དང་ལྔ་བརྒྱ་ཡོད་པའི་མགྲོན་ཁང་ཞིག་འཛུགས་སྐྲུན་བྱས་ཏེ་འགྲུབ་ལ་ཉེ། ད་ལོ་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་བོ་ཞིག་ཐོན་ཡོད་པས། རྒུ་རུ་ཡུལ་ཚོ་ཡོངས་ཀྱི་རྣམ་གྲངས་དང་འཛུགས་སྐྲུན་གྱི་ཐད། ང་ཚོའི་རྒྱབ་ལོགས་སུ་ས་མུའུ་སུམ་ཅུ་ཡོད་པའི་སྟེང་སྤེལ་བཞིན་ཡོད་ལ། ལས་གཞི་དེ་དག་ཡོད་ཚད་ལེགས་འགྲུབ་བྱུང་ན། ཚོང་ར་ཕྱིར་གླ་བའམ་ཡང་ན་ལས་ཀ་གཞན་ཅི་ཞིག་གཉེར་རུང་བཟང་ཆ་ལྡན་པ་དང་། ཡོང་སྒོ་སོགས་མང་ཚོགས་ལ་བགོ་བཤའ་རྒྱག་ཐུབ་ལ། མང་ཚོགས་ཀྱི་ཡོང་སྒོའི་ཐད་ཕན་པ་ཆེན་པོ་ཡོད།

ད་ལྟ་རྒུ་རུ་ཡུལ་ཚོའི་འབྲོག་དམངས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཅིང་། དུས་རབས་གསར་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་བསྟུན་ནས། ཁོ་ཚོ་རྒྱུ་ནོར་གྱི་སྟེང་ན་ཕྱུག་འགྱུར་བྱུང་ཡོད་པ་མ་ཟད། བསམ་བློའི་སྟེང་དུའང་དབུལ་ཕོངས་ཀྱི་རྨོངས་པ་ལས་ཐར་ནས། སྡེ་མི་རེ་རེའི་འཚོ་བའི་གོམ་ཁ་དེང་རབས་ཅན་དུ་བསྐྱོད་ཡོད། ད་ལོ་ནས་བཟུང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་སླེབས་པ་དང་བསྟུན་ནས། རྒུ་རུ་ཡུལ་ཚོས་ཕྱུག་ལྷ་གསེར་ཐང་གི་གཞུང་ལམ་འཛུགས་སྐྲུན་དང་། ལྗང་མདོག་གི་ཚད་ཆེ་རུ་བསྐྱེད་ཀྱིན་ཡོད། དེའི་སྐོར་ནས་རྒུ་རུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ཁོ་ཡིས་བཤད་རྒྱུར།

ད་ལོ་གྲོང་གསེབ་དར་སྤེལ་གྱི་ལས་གཞི་ཆེན་པོ་འདི་ཕྱོགས་ཡོངས་ནས་ཚ་ཚ་འུར་འུར་གྱིས་མགོ་བརྩམས་པ་རེད། ང་ཚོ་རྒུ་རུ་ཡུལ་ཚོ་ཡི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་རྐྱང་རྐྱང་གི་སྐོར་ལ་མ་དངུལ་སྒོར་ས་ཡ་བདུན་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད། དེའི་ནང་གི་གཅིག་སྣུམ་ལམ་ལྡུག་པ། དེ་ལ་སྣ་ཁ་མང་པོ་ཡོད་དེ། སྣུམ་ལམ་དང་མེ་ཏོག་ལྡུམ་ར། ངལ་གསོའི་གནས་བཅས་ཡོད། དེ་དག་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ། ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་རྩྭ་ཕྱུགས་དོ་མཉམ་གྱི་སྲིད་ཇུས་བེད་སྤྱད་དེ་ཕྱུགས་ལས་ཀྱི་ས་ཚད་ཡོད་ཀྱི་སྟེང་ཕྱུགས་ཟོག་ཚད་ཡོད་ཅིག་འཚོ་སྐྱོང་བྱེད་པ། གསུམ་ནས་ཡུལ་སྐོར་ལྗོངས་རྒྱུའི་ལས་གཞི་མ་འོངས་པར་རིམ་བཞིན་སྤེལ་རྒྱུ་ཡིན། རྒྱུ་མཚན་ནི་ང་ཚོའི་རྒུ་རུ་ས་ཆ་འདིར་ས་བབ་མཐོ་ལ། དེང་སྐབས་ཕྱུགས་ཟོག་ཚོད་འཛིན་བྱས་ཡོད་པས་རི་སྐྱེས་སྲོག་ཆགས་མཐོང་དཀོན་པ་དག་པར་དུ་ལེན་ཐུབ། དབྱར་ཁར་ལྟ་སྐོར་བ་དང་། བརྙན་ལེན་མཁན་དང་པར་ལེན་མཁན་ཧ་ཅང་མང་པས། མ་འོངས་པ་ན་ཡུལ་སྐོར་ལྗོངས་རྒྱུའི་ཐད་ཤུགས་སྣོན་བྱེད་རྒྱུའི་འཆར་གཞི་འཐེན་ཡོད།

རྒུ་རུ་ཡུལ་ཚོའི་འབྲོག་པ་རྣམས་ནི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ན། ས་གནས་རང་གི་ཁྱད་ཆོས་ཀྱི་རྨང་མ་བོར་ཞིང་། ཐོན་སྐྱེད་ལས་སྒོ་སྣ་ཚོགས་ཀྱི་སྐལ་མ་ཤོར་བར། ཕྱོགས་དང་ཕྱོགས་སུ་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་བརྩོན་ལེན་བྱེད་ཀྱིན་པ་དང་། འབྱོར་འབྲིང་གི་ལམ་ཆེན་སྟེང་ན་འཚོ་ཚིས་ཀྱི་འཇུག་པ་སྣ་ཚོགས་ལ་ཡིད་ཆེས་དང་སྤོབས་པས་དཔུང་འཇུག་བྱེད་ཀྱིན་པའི་ངལ་རྩོལ་གྱི་ཁྱུ་ཚོགས་ཤིག་སྟེ། ཁོ་ཚོས་སྲིད་ཇུས་ཀྱི་ཉི་འོད་ཀློང་ནས་རླབས་ཆེ་བའི་གོ་སྐབས་རྙེད་ཅིང་། ངལ་རྩོལ་གྱི་ས་རྡུལ་ཁྲོད་དུ་རྩ་ཆེ་བའི་བདེ་སྐྱིད་རྙེད་ཡོད་དོ། །

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།