དཔོན་བྱང་སེམས་ཅན་ལ་རུ་སྡེ་འཁོར།
2021.11.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 56

ཏུའུ་ལན་རྫོང་གི་བཅར་འདྲི་ཡོད་ཚད་བདེ་བླག་ངང་མཇུག་རྫོགས་རྗེས་ང་ཚོ་བཅར་འདྲི་ཚན་ཆུང་སྡོད་པའི་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་ཞུགས་ཏེ་རྟ་མཆོག་གི་ཕ་ཡུལ་དུ་བརྗོད་པའི་བྲག་དཀར་ཐེམ་ཆེན་ཕྱོགས་སུ་བསྐྱོད་མགོ་བརྩམས  ཤིང་། མཐའ་ཡས་པའི་བྱེ་ཐང་དུ་དལ་གྱིས་རྒྱུ་བའི་རྔ་མོང་གི་ཁྱུ་ཚོགས་དང་གསེར་མདོག་གི་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བའི་ནོར་ལུག་གི་འཇིག་རྟེན།  དེ་མིན་ད་རུང་བྱ་རྒྱལ་རྒོད་པོས་གཤོག་ཟུང་བརྐྱང་འདྲའི་རླུང་ཤུགས་གློག་སྡོང་བཅས་ཀྱིས་ང་ཚོའི་ཡིད་དབང་ཅིག་ཅར་འཕྲོག་ཏེ་ཤེས་མེད་ཚོར་མེད་ངང་ལམ་ཐག་སྤྱི་ལེ་སུམ་བརྒྱ་ལྷག་ཡོད་པའི་ཐེམ་ཆེན་རྫོང་མཁར་དུ་ཐོན་བྱུང་ལ།  རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མི་སྣས་སྔ་མོ་ནས་ང་ཚོར་ངང་སྒུག་བྱས་ཡོད་པས།  དེ་མ་ཐག་བཅར་འདྲའི་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་ལས་ཡུལ་དངོས་ལ་ཞུགས་ཤིང་།  འབྲེལ་ཡོད་མི་སྣ་དང་ལབ་གླེང་གང་མང་བྱས་པ་བརྒྱུད།  ང་ཚོས་གཞི་ནས་གསར་འགྱུར་གྱི་ཁུངས་སྣེ་གསར་བ་ཞིག་ཤེས་རྟོག་བྱུང་སོང་ལ།  དེ་ནི་པུའུ་ཀྲང་གཞོན་པ་བོའུ་ལགས་ཀྱིས་གདེང་འཇོག་ཚད་མེད་ཐོབ་པའི་འབྲུག་ཁྱུང་ཡུལ་ཚོའི་དེའུ་སྔོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་དཔུང་རྒྱལ་རེད། པུའུ་ཀྲང་གཞོན་པ་བོའུ་ལགས་ཀྱིས་ངག་ལས་ཐོན་པའི་ཆོས་དཔུང་རྒྱལ་གྱི་བྱས་རྗེས་རེ་རེས་ང་ཚོའི་ཡིད་སེམས་རབ་ཏུ་བཀུགས་ཏེ་ཁོ་ལ་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་འགོག་ཐབས་བྲལ་སོང་།

ཕྱི་ཉིན་གྱི་ཞོགས་པར་ང་ཚོར་ཡིད་ཆེས་དང་སྤོབས་པས་ཁེངས་ཏེ་ཆོས་དཔུང་རྒྱལ་གྱི་བྱས་རྗེས་འཚོལ་བར་འབྲུག་ཁྱུང་ཡུལ་ཚོ་རུ་བསྐྱོད་པ་ཡིན།

འབྲས་བུ་ཁུར་གྱིས་དུད་པའི་སྟོན་མཇུག་གི་དུས་ཚིགས་འདིར། ང་ཚོ་བཅར་འདྲི་ཚན་ཆུང་ཐེམ་ཆེན་རྫོང་མཁར་ནས་ལམ་ལ་ཆས་ཏེ་སྤྱི་ལེ་དགུ་བཅུ་ཙམ་གྱི་ཆོད་པའི་འབྲུག་ཁྱུང་ཡུལ་ཚོ་དེའུ་སྔོན་སྡེ་བའི་ཕྱོགས་སུ་ཆས་པ་ཡིན། ལམ་བར་གྱི་ཡངས་པའི་རྩྭ་ཐང་གི་མཛེས་ལྗོངས་ལྟ་ན་སྡུག་ལ། རྩྭ་ཐང་ཡོངས་སུ་གསེར་ཞུན་བྱུག་པ་དང་ཀུན་ནས་མཚུངས། གཞུང་ལམ་གཡས་གཡོན་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཞོར་དུས་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་མཐར་གཞི་ནས་དེའུ་སྔོན་སྡེ་བར་ཐོན་བྱུང་ལ། དེའུ་སྔོན་ཟེར་བ་ནི་ས་དེར་དེའུ་འབུར་སྔོན་པོ་ཞིག་ཡོད་པས་སྡེ་མིང་ལའང་དེའུ་སྔོན་ཞེས་བཏགས་པ་རེད་ཟེར།

དེའུ་སྔོན་སྡེ་བ་ནི་གཞི་འཁྱོག་ལུང་ཁོག་ཏུ་ཐར་ཐོར་ངང་ཆགས་ཡོད་ལ། ཆོས་དཔུང་རྒྱལ་ཚང་ནི་སྡེ་བའི་སྟོད་ཕྱོགས་ཀྱི་རྩྭ་ཆུ་གཉིས་འཛོམས་ཀྱི་ལུང་ངོས་ཡངས་ས་ཞིག་ཏུ་གཞི་ཆགས་ཡོད་པས། བལྟས་མ་ཙམ་གྱིས་སྡེ་བ་ཧྲིལ་བོར་མིག་འོག་ཏུ་བཟུང་ནས་བཀོད་འདོམས་བྱེད་པ་དང་ཀུན་ནས་མཚུངས།

ང་ཚོར་དེའུ་སྔོན་སྡེ་བའི་སྡེ་དཀྱིལ་གྱི་ཟེགས་ལམ་དོག་མོ་བརྒྱུད་ནས་ལྕགས་ར་ཞིག་གི་ནང་དུ་འཛུལ་བ་ན། ལུས་ལ་བོད་ལྭ་དམར་ནག་གྱོན་ཞིང་བྲང་ཁར་དམར་མདོག་གི་ཏང་རྟགས་བཏགས་ཤིང་། བཞིན་ལ་བབ་ཆགས་ཀྱི་འཛུམ་མདངས་རྒྱས་པའི་འབྲོག་པའི་ཕོ་གསར་ཞིག་གིས་ང་ཚོར་སྣེ་ལེན་བྱས་བྱུང་ལ། བྲང་ཁའི་ཏང་རྟགས་སྟེང་མངོན་པའི་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་གསེར་མདོག་གི་རྒྱ་ཡིག་དེ་དག་ཁོའི་བྲང་ཁར་སྔར་ལས་བརྗིད་ཉམས་ལྡན་པའི་སྣང་བ་ཞིག་སྟེར་ངེས།

དེའུ་སྔོན་སྡེ་བ་དེ་སྔོན་སྡེ་བ་མེད་པོའི་གྲས་སུ་ཡོད་པ་དང་། སྡེ་བའི་ཧྲུའུ་ཅི་ཆོས་དཔུང་རྒྱལ་གཙོ་བྱས་པའི་ཏང་ཡོན་གྱི་སྣེ་ཁྲིད་འོག ད་ལྟ་ཐེམ་ཆེན་རྫོང་གི་ཁ་ཡར་འགྲོའི་སྡེ་བའི་གྲས་སུ་ཚུད་ཡོད་པ་ཤེས་ནས། སྡེ་བའི་ཧྲུའུ་ཅི་ཆོས་དཔུང་རྒྱལ་དང་ལྷན་དུ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁོ་ནི་སྨྲ་བ་ཉུང་ཞིང་ཁེངས་སྐྱུང་ཆེ་བའི་མི་ཞིག་ཡིན་པ་དང་། བལྟས་ཚོད་ཀྱིས་ཀྱང་ཁོ་ནི་མི་བརྩོན་འགྲུས་ཅན་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ། ཁོ་དང་ལྷན་དུ་སྡེ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་ན། སྡེ་བ་འདི་སྤྱིར་སྡེ་བ་ཆེན་པོ་ཞིག་མིན་ལ། ཁྱིམ་ཚང་དོན་དྲུག་དང་མི་གྲངས་བཞི་བརྒྱ་བཞི་བཅུ་ཡོད། འོན་ཀྱང་། ཆོས་དཔུང་རྒྱལ་གཙོ་བྱས་པའི་ཏང་ཡོན་རྣམས་ཀྱི་འབད་བརྩོན་འོག ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་སྐད། དེའི་ཐད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་དཔུང་རྒྱལ་གྱིས་བཤད་རྒྱུར།

ཡར་སྔོན་སྡེ་བ་འདིའི་ཆུ་གློག་ལམ་གསུམ་གང་གི་ཐད་ཀྱང་དཀའ་ཁག་གང་མང་ཞིག་ཡོད། གཅིག་ན་གཞུང་ལམ་བཟང་བོ་ཞིག་ཀྱང་མེད། རུ་བ་སྤོར་སྐབས་གཡག་ལ་ཁལ་བཀལ་ནས་འགྲོ་དགོས་པ་རེད། དེང་སྐབས། འཛུགས་སྐྲུན་སྣ་ཚོགས་ཀྱི་ཐད་རྣམ་པ་ཆེན་པོ་འགྱུར་བ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་སྐབས་གཞུང་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད་པ་དང་། ཁྱིམ་ཚང་རེ་རེར་ཁང་པ་དང་ཕྱུགས་ཁང་ལས་ཡོད་པ་དང་། ཁྱིམ་ཚང་རེ་རེའི་སྒོ་ཁར་ཆུ་འཐེན་ཡོད་པས་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེང་སྐབས། དེ་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱང་ཕྱི་ནས་སྡོད་ཁང་སོགས་དང་ནང་གི་རྒྱུ་ནོར་སོགས་ཕྱོགས་གང་ཐད་ནས་ཇེ་ལེགས་སུ་སོང་ཡོད་པས། ད་ལྟ་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། འདི་དག་ཐམས་ཅད་ནི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་དངོས་འབེབ་བྱས་པའི་གྲུབ་འབྲས་ཡིན་ལ། ང་ཚོས་ཐུན་མོང་འཕེལ་རྒྱས་མ་དངུལ་ཇེ་མང་དུ་བཏང་ཡོད་པས། ད་ལྟ་ང་ཚོའི་སྡེ་བར་མཚོན་ན་ཐེམ་ཆེན་རྫོང་ཁོངས་ཀྱི་འཕེལ་རྒྱས་དང་སྔོན་ཐོན་གྱི་སྡེ་བའི་གྲས་སུ་ཚུད་ཡོད།

གོང་དུ་བཤད་པའི་འཕོ་འགྱུར་དེ་དག་ནི་ཆོས་དཔུང་རྒྱལ་གྱི་སྣེ་ཁྲིད་འོག་ཐོབ་པའི་གྲུས་འབྲས་ཡིན་ལ། ཁོ་ནི་མང་ཚོགས་ལ་ཤ་ཚ་ཞིང་། དབུལ་ཕོངས་རྣམས་ལ་རོགས་སྐྱོར་བྱེད་མཁན། རྒན་བཀུར་ཆུང་བྱམས་བྱེད་མཁན་ཞིག་ཡིན་པས། སྡེ་བའི་ནང་དུ་ཧྲུའུ་ཅི་ཆོས་དཔུང་རྒྱལ་གྱི་མིང་གླེང་ན། ཁོ་ལ་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་ཕལ་ཆེར་མེད། ཁོས་མུ་མཐུད་དུ་བཤད་རྒྱུར།

ཐུན་མོང་འཕེལ་རྒྱས་ཀྱི་མ་དངུལ་ཐད་རྒྱལ་ཁབ་ཀྱིས་སྒོར་ས་ཡ་གཅིག་དང་འབུམ་གཉིས་བྱིན། དེ་དག་བཀོལ་ནས་ཕྱུགས་ཟོག་ཉོས་ནས་འཕེལ་རྒྱས་བཏང་བས་ད་ལྟ་སྒོར་ས་ཡ་གཉིས་ལྷག་འཕར་ཡོད། རྫོང་ཡོངས་ཀྱི་འཕེལ་རྒྱས་མ་དངུལ་འཕར་སྣོན་མགྱོགས་པའི་གྲས་ཡིན་ལ། དེ་ནི་གཅིག་ནས་མང་ཚོགས་དང་ཏང་ཡོན་རྣམས་ཀྱིས་མཛུབ་མོ་ལྔ་བཅངས་ཁུ་ཚུར་བྱས་ཏེ་རྒྱབ་སྐྱོར་དང་རོགས་རམ་བྱས་པས་ཡིན་པ་དང་། ཏང་ཡོན་གྱི་སྣེ་ཁྲིད་དང་མང་ཚོགས་ཀྱི་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་སུ་སོང་ཡོད། གཉིས་ནས་ས་གནས་འདིར་མཚོན་ན་དཀའ་ཁག་ཡོད་པའི་ཁྱིམ་ཚང་རྣམས་ཏང་ཡོན་གྱིས་སྣེ་ཁྲིད་དེ། ཏང་ཡོན་རང་གིས་ཕྱུགས་ཟོག་དཀའ་ཁག་ཅན་གྱི་ཁྱིམ་དུ་བཞག་ནས་བེའུ་སོགས་དབུལ་ཁྱིམ་ལ་བྱིན་ཏེ་འཕེལ་རྒྱས་བྱུང་ཡོད། འདི་དག་ཐམས་ཅད་ནི་གཅིག་ན་སྡེ་བ་ཁ་མཚུངས་གྲོས་འགྲིག་ཡིན་ལ། དེ་དག་ནི་ང་ལྟ་བུའི་གྲུབ་འབྲས་མིན་པར་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་པས་གྲུབ་འབྲས་ཡིན་པས། ད་ལྟ་སྡེ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ཁོ་ནི་མི་བུ་ཁེངས་སྐྱུང་ཅན་ཞིག་ཡིན་པས། ཁོ་རང་ཉིད་ཀྱི་གྲུབ་འབྲས་ཕྱི་རུ་ངོམ་པར་མི་དགའ་ལ། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་གྲུབ་འབྲས་རེད་ཅེས་མུ་མཐུད་དུ་སྐད་ཆ་མང་པོ་མ་བཤད། དེ་ནས་ང་ཚོ་ཐབ་ཚང་ན་གཡོས་སྐོལ་གྱི་ལས་ལ་བྲེལ་བའི་ཁོའི་ཆུང་མ་ཨ་ཅེ་གསེར་མོ་མཚོའི་མདུན་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁོ་མོའི་ང་ནི་སློབ་གྲྭར་འགྲིམ་མ་མྱོང་ལ། སྐད་ཆ་ཅི་ཡང་བཤད་མི་ཤེས་ཅེས་ངོ་ཚ་བའི་རྣམ་འགྱུར་བསྟན་མོད། ཁོ་མོའི་ཁྱོ་ག་མི་ཅི་ལྟ་བུ་ཞིག་ཡིན་པའི་གནས་ཚུལ་སྐོར་འདྲི་སྐབས། ཁོ་མོའི་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།

རང་ལ་མ་དངུལ་ཅུང་ཙམ་ཡོད་ན་གཞན་ལ་རོགས་རམ་བྱས་ན་བཟང་གི་ཞེས་བཤད་པ་ཡིན། ང་རང་ནོར་རྫི་ལ་སོང་ནས་ཕྱིར་ཡོང་ན། ཟས་ཟ་རྐྱང་ཡིན་ལ་ཁྱིམ་དུ་བུད་མེད་ཞིག་བསྡད་ཡོད་པ་དང་འདྲ། གཞུང་དོན་མེད་སྐབས་ཁྱིམ་ལས་སྣ་ཚོགས་ལས་ནས་ནོར་རྫི་སོགས་ཀྱང་བྱེད་ཀྱིན་ཡོད། ན་ནིང་ཁྱོས་དཀའ་གི་ཞེས་ཁོས་བྱ་བ་གནང་བ་ཞུས་མོད་སྡེ་མི་རྣམས་ཀྱིས་གནང་བ་མ་བྱིན། ད་ཚང་མས་ལག་པ་བཀྱག་ནས་འདེམས་ན་སྡེ་བ་ཁྱིམ་ཚང་ལྟར་སྐྱོང་དགོས་ལ་སྐྱོང་བཞིན་ཡོད་པ་དང་། བསྐྱང་ན་ཡང་འགྲིག་སྲིད།

ཨ་ཅེ་གསེར་མོ་མཚོའི་ངག་ལས་ཁོ་ནི་ཁྱིམ་ལས་ཀར་མཁས་པ་དང་ནང་བཟའ་ཚང་ལ་བྱམས་པ། སྡེ་བའི་མང་ཚོགས་ལ་ཤ་ཚ་བའི་མི་བུ་ཡ་རབས་གཞུང་དྲང་ཞིག་ཡིན་པ་སྨོས་མ་དགོས་ལ། ཁོའི་གྲུབ་འབྲས་དེ་དག་ཡོད་ཚད་གཤིས་རྒྱུད་འཇམ་ལ་གཞུང་རྒྱུད་དྲང་བ། ཁྱིམ་ལས་ཀར་མཁས་པའི་ཆུང་མ་ཞིག་གི་རྒྱབ་སྐྱོར་ཡོད་པ་དེ་ལས་ཀྱང་ངོ་།

ཧྲུའུ་ཅི་ཆོས་དཔུང་རྒྱལ་གྱི་སྣེ་ཁྲིད་འོག སྡེ་བའི་ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་ངེས་པ་དོན་གྱིས་རོགས་སྐྱོར་གང་མང་བྱས་པས། ད་ལྟ་སྡེ་བའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་མེད་པ་དང་། དེ་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱང་ད་ལྟ་འབྱོར་འབྲིང་གི་ལམ་དུ་ཞུགས་ནས་མདུན་སྐྱོད་བྱེད་བཞིན་མཆིས། དེའི་སྐོར་ནས་དབུལ་ཐར་ཁྱིམ་ཚང་གི་ཁྱིམ་བདག་གནམ་མཁའ་རྒྱལ་གྱིས་བཤད་རྒྱུར།

ངེད་ཚང་ལ་བཟའ་མི་དྲུག་ཡོད། བྱིས་པ་མང་བ་དང་བྱིས་པ་རྣམས་སློབ་གྲྭར་འགྲོ་དགོས་པས་དབུལ་ཕོངས་སུ་གྱུར་བ་དང་ནོར་བཅོ་ལྔ་མ་གཏོགས་མེད། ཧྲུའུ་ཅི་ཆོས་དཔུང་རྒྱལ་གྱིས་འགན་ཁུར་ཏེ་ཏང་ཡོན་གསུམ་ནས་བཞི་ལ་དབུལ་ཕོངས་ཁྱིམ་ཚང་རེ་རེ་བགོས་ནས་ཚོང་ལོག་སོགས་རྒྱག་ཏུ་མ་བཅུག་པར། ཁྱིམ་ཚང་རེར་འབྲི་ཉེར་བཞི་ལྷག་གསོ་རུ་བཅུག་སྟེ། བེའུ་རྣམས་ཁྱིམ་ཚང་ལ་བྱིན་ནས་ལོ་གསུམ་ལ་གསོ་རུ་བཅུག་པས། ང་ཚོའི་ཆ་རྐྱེན་ཡང་ཇེ་བཟང་དུ་གྱུར། དེ་མིན་རྒྱལ་ཁབ་ཀྱིས་ངེད་ཚང་ལ་མུས་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་བ་ལས་པ་དང་རང་གིས་སྐར་གང་ཡང་བྱིན་མེད། ད་ལྟ་ངེད་ཚང་ལ་ནོར་བརྒྱད་ཅུ་ལྷག་ཡོད་ལ་བྱིས་པ་རྣམས་ཀྱང་སློབ་མཐར་ཕྱིན་ཡོད། བུ་གཅིག་གིས་རྫོང་དུ་བྱ་བ་གཉེར་བཞིན་ཡོད་པ་དང་། གཅིག་གིས་རེབ་གོང་དུ་ཐང་ཀ་བྲིས་ནས་ཡོང་སྒོ་བཙལ་བཞིན་ཡོད་པས། ད་ལྟ་ངེད་ཚང་ལ་དཀའ་ཁག་མེད་ལ་འཚོ་བ་ཧ་ཅང་སྐྱིད།

མི་ལོ་བཅུ་དྲུག་གི་རིང་ལ་ཁོའི་སྔ་རྗེས་སུ་སྡེ་བའི་ནང་དུ་ཀྲུའུ་རིན་དང་སྡེ་དཔོན། ཧྲུའུ་ཅི་བཅས་ཀྱི་འགན་ཁུར་མྱོང་། ཆོས་དཔུང་རྒྱལ་གྱི་བརྩོན་པའི་སྙིང་སྟོབས་ལ་ཡལ་བ་མེད་དོན་ནི་ཕལ་ཆེར་ཁོའི་ལྟག་རྒྱབ་ན་དུས་དང་རྣམ་པ་ཀུན་ཏུ་འཁང་ར་དང་ལེ་བདའ་ཅི་ཡང་མེད་པའི་ཆུང་མ་དང་། ནམ་ཡིན་ཡང་ཁོའི་བྱ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ཏང་ཡོན་རྣམས་ཡོད་པས་ཡིན་སྲིད།

གཟེངས་རྟགས་བྱ་དགའ།

2021ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བརྟེན་འབྲེལ་ཞུ་བའི་དགའ་སྟོན་གྱི་མཛད་སྒོའི་སྟེང་གངས་དུང་སྡེ་བ་དང་མང་བཟའ་སྡེ་བ་གཉིས་ཀྱི་ཏང་ཡོན་རྒན་པ་དང་དཀའ་ཁག་ཅན་གྱི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་སོགས་ཀྱི་མི་བཅུ་ལ་སྒོར་སྟོང་གཉིས་དང་ལྔ་བརྒྱའི་རོགས་སྐྱོར་བྱས། 2021ལོར་རྒྱལ་སྤྱིའི་དྲུག་གཅིག་བྱས་པའི་དུས་ཆེན་སྟེང་དེའུ་སྔོན་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་སྡེ་བའི་སློབ་མ་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས་སྒོར་སུམ་སྟོང་ལྷག་གི་དངོས་བོ་ཉོས་ནས་རོགས་སྐྱོར་བྱས། ལོ་འདི་འགའི་རིང་ལ། ཁོའི་རོགས་སྐྱོར་བྱས་པའི་མ་དངུལ་རག་ཙམ་སྤྱི་བསྡོམས་བྱས་ན་སྒོར་ཁྲི་དྲུག་དང་སྟོང་གཅིག་ཉིས་བརྒྱ་སུམ་ཅུ་ལྷག་ཡོད། དེ་མིན་ཁོས་ཏང་ཡོན་གྱི་ལས་འགན་ཕྲག་ཏུ་བླངས་ནས་སྡེ་བར་སྣེ་ཁྲིད་དེ་ཐུན་མོང་འཕེལ་རྒྱས་མ་དངུལ་གྱི་ཡོང་སྒོ་འཕར་བར་གྲུབ་འབྲས་ཆེན་པོ་ལེན་བཞིན་མཆིས།

ཁོའི་སྣེ་ཁྲིད་འོག སྡེ་བའི་འདིའི་ཏང་ཡོན་དང་མང་ཚོགས་རྣམས་ཀྱང་བསམ་བློའི་གོ་རྟོགས་མཐོ་ཞིང་། ཕན་ཚུན་རོགས་རམ་བྱེད་དགའ་བའི་སྲོལ་བཟང་ཞིག་ཆགས་ཡོད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལས་རྒན་བཀུར་རིག་གནས་གཙིགས་སུ་བཟུང་དེ་སྡེ་བའི་ནང་དུ་ལོ་དྲུག་ཅུ་ཡན་གྱི་རྒན་པ་ཚང་མ་ལྷན་དུ་འཛོམས་ནས་ལོ་རེར་རྒན་བཀུར་རིག་གནས་ཀྱི་བྱ་འགུལ་རེ་སྤེལ་བཞིན་ཡོད། ཏང་ཡོན་སྲས་ཆེན་དར་རྒྱས་ལ་མཚོན་ན་ཡང་སྔོན་ཐོན་ཏང་ཡོན་ལ་བདམས་མྱོང་བ་ཞིག་ཡིན་ལ། ཁོའི་སྡེ་བའི་ཏང་ཡོན་རྣམས་ཀྱིས་སྡེ་བའི་ནང་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་ཇི་ལྟར་རོགས་རམ་བྱས་པའི་སྐོར་ཞིབ་ཅིང་ཕྲ་བའི་སྒོ་ནས་བཤད་རྒྱུར།

ང་ཚོའི་དེའུ་སྔོན་སྡེ་བར་མཚོན་ན། ཧྲུའུ་ཅི་ཆོས་དཔུང་རྒྱལ་གཙོ་བྱས་ཏེ་སྡེ་བའི་ནང་ཏང་ཡོན་གྱིས་རོགས་སྐྱོར་གང་མང་བྱས་པ་དང་ནད་པ་ལ་ཡང་རོགས་གང་མང་བྱས། ཆོས་དབྱིངས་སྒྲོལ་མའི་སྐྱེས་པ་ལོ་གང་མང་ལ་ན་ཚ་བྱུང་བས། 2018ལོར་སྒོར་ཁྲི་དྲུག་དང་སྟོང་གཅིག་སུམ་བརྒྱའི་རོགས་སྐྱོར་བྱས་པ་དང་། གཅོད་པ་སྐྱིད་ཀྱི་སྐྱེས་པར་རླངས་འཁོར་གྱི་དོན་རྐྱེན་བྱུང་བས་སྒོར་ཁྲི་དྲུག་དང་སྟོང་གསུམ་སུམ་བརྒྱའི་རོགས་སྐྱོར་བྱས། དབུལ་ཕོངས་ཁྱིམ་ཚང་གཉིས་ལ་མི་སྒེར་ཏང་ཡོན་གྱིས་འབྲི་ལྔ་བཅུ་ཡིས་རོགས་སྐྱོར་བྱས། ན་ནིང་ཆོས་དཔུང་རྒྱལ་ཧྲུའུ་ཅི་ཡིས་ལོ་ལོན་ཉེར་གཉིས་ལ་སྒོར་སྟོང་གཉིས་དང་ལྔ་བརྒྱའི་ཉེན་སྲུང་ཉོས། དེ་ནས་དབུལ་ཕོངས་སུ་གྱུར་བའི་སྡེ་མི་གསེར་བཟང་རྒྱལ་ལ་སྒོར་འབུམ་གཅིག་དང་སྟོང་ལྔའི་རོགས་སྐྱོར་བྱས། སྡེ་མི་འཕགས་མོ་དོན་འགྲུབ་ལ་ཏང་ཡོན་དང་ཧྲུའུ་ཅི་ཡིས་སྣེ་ཁྲིད་དེ་སྡེ་མི་ཡོངས་ཀྱིས་སྒོར་ཁྲི་བདུན་དང་སྟོང་བཞི་ལྔ་བརྒྱའི་རོགས་སྐྱོར་བྱས། དེ་མིན་ཡང་རོགས་སྐྱོར་བྱས་པ་ཧ་ཅང་མང་། ང་ཚོའི་སྡེ་བའི་སློབ་གསོའི་ཐད་ཀྱང་ཧ་ཅང་བཟང་། ད་ལོ་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་བདུན་ཡོད་པ་དང་། སྔར་ལོ་དང་བསྡུར་ན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་བཟང་།

བབ་ཆགས་པའི་སྤྱིར་བཏང་གི་མི་བུ་ཞིག་དང་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་གིས། རང་ཉིད་ཀྱི་སེམས་ནུས་ཡོད་ཚད་ཕ་ཡུལ་མང་ཚོགས་ཀྱི་སྟེང་དུ་བཀོལ་བ་དང་། ཁོས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག དུས་ནམ་ཡང་མང་ཚོགས་གཙོར་བཟུང་ནས་བྱ་བ་ཅི་ཞིག་ཡོད་ན་ཁོའི་ནུས་ཚོད་ཀྱིས་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་བཤད་པས། ཕྱོགས་གང་ཐད་ཀྱི་བྱ་བའི་ཁྲོད། རང་དོན་བསྐྱུར་ནས་གཞན་དོན་བསྒྲུབ་པས་སྡེ་བའི་མང་ཚོགས་ཡོངས་ལ་ཡིད་ཆེས་ཟབ་མོ་བཞག་ཡོད། ཁོའི་གདོང་གི་སྤོབས་སེམས་དང་ཉམས་འགྱུར་ལས་ཁོ་ནི་མང་ཚོགས་སེམས་ཁོངས་ཀྱི་ཧྲུའུ་ཅི་བཟང་བོ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།