མདོ་ལ་རི་འདབས་སུ་བཞད་པའི་སྐལ་བཟང་མེ་ཏོག
2021.11.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 144

རི་ཀླུང་ཀུན་ཏུ་གསེར་གྱི་ཞུན་མས་བྱུགས་པ་དང་མཚུངས་པའི་འབྲས་ལྡན་སྟོན་གྱི་དུས་ཚིགས་འདིར། ང་ཚོ་བཅར་འདྲི་ཚན་ཆུང་མཐའ་ཡས་པའི་སྤང་ཐང་དང་ཀྱག་ཀྱོག་གི་རི་ལམ་མང་པོ་བརྒྱུད་མཐར་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མའི་འདབས་རོལ་དུ་ཆགས་པའི་མདོ་ལ་རྫོང་ཁོངས་སུ་ཐོན། མདོ་ལ་རྫོང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་བྱང་ཕྱོགས་སུ་གནས་ཡོད་ལ། ཆ་སྙོམས་མཚོ་འཕང་མུས་སུམ་སྟོང་ཉིས་བརྒྱ་ཙམ་རེད། བྱང་ཕྱོགས་དར་གོས་ཚོང་ལམ་གྱི་ལྟེ་གནས་གཙོ་བོ་ཀན་སུའུ་ཡི་རྨ་ནུབ་དོག་ལམ་དང་འབྲེལ་ཡོད་ལ། མཚོ་སྔོན་གྱི་བྱང་སྒོ་ཆེན་མོ་ཞེས་པའི་མཚན་སྙན་ཡོད།

མདོ་ལ་རྫོང་དུ་ཐོན་ནས་འབྲེལ་ཡོད་མི་སྣ་དང་གླེང་མོལ་བྱེད་སྐབས། མདོ་ལ་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བདག་སྐྱོང་མཐུན་ཚོགས་ཁྱད་པར་བ་ཞིག་ཡོད་པ་ཤེས་པས། ང་ཚོ་བཅར་འདྲི་ཚན་ཆུང་ཨ་རིག་ཡུལ་ཚོའི་ཕྱོགས་སུ་ཆས་པ་ཡིན། ལམ་བར་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཞོར་སྤྱི་ལེ་ཉེར་བཞི་ཙམ་ལ་བསྐྱོད་མཐར་གཞི་ནས་ཨ་རིག་ཡུལ་ཚོ་རུ་ཐོན་བྱུང་ལ། བར་དམ་ཆུ་བོའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བདག་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་དཔལ་གྱིས་གདོང་ལ་དགའ་བའི་འཛུམ་དང་བཅས་ང་ཚོ་ཁོའི་གཞུང་སྒྲུབ་ཁང་དུ་སྣེ་ལེན་བྱས། དང་ཐོག་མཐུན་ཚོགས་ཏེ་འཛུགས་པའི་མདུན་པ་ཅི་ལྟར་སྐྱེས་པའི་སྐོར་ཁ་བརྡ་བྱེད་དུས། ཁོས་མདོ་ལ་རྫོང་ཁོངས་ཀྱི་བར་དམ་ཆུ་བོ་དང་གསེར་ལྡན་ཆུ་བོ་གཉིས་ཀྱང་ཀྲུང་ཧྭའི་ཆུ་མཛོད་དུ་འབབ་ཀྱིན་ཡོད་པས། དེ་ལ་ལྷད་སྐྱོན་ཤོར་ན་ཀྲུང་ཧྭ་མི་རིགས་ཀྱི་མི་ཚང་མར་གནོད་པ་ཐེབས་སྲིད་སྙམ་ནས་བཙུགས་པ་ཡིན་ཞེས་བཤད། དེ་ནས་ཁོས་ང་ཚོ་གསེར་ལྡན་ཆུ་བོའི་འགྲམ་གྱི་ཁོར་ཡུག་ལ་ལྟ་སྐོར་དུ་ཁྲིད་དུས་དངོས་གནས་ཉེ་འདབས་སུ་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནས་ཁོས་མཐུན་ཚོགས་བཙུགས་པའི་བརྒྱུད་རིམ་སྐོར་ནས་བཤད་རྒྱུར།

2016ལོར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་བཙུགས་པ་དང་། སྐབས་དེར་སྡེ་བ་དང་རྩྭ་ཐང་སོགས་སུ་གད་སྙིགས་དང་འགྱིག་ཤོག་འཕེན་མཁན་ཧ་ཅང་མང་ལ། རང་རང་གི་ས་གནས་སོགས་སྲུང་སྐྱོབ་བྱེད་མཁན་ཧ་ཅང་ཉུང་། དེར་དམིགས་ནས་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་ལྟ་བུ་ཞིག་བཙུགས་པ་ཡིན། སྐབས་དེ་དུས་མི་ཉི་ཤུ་ཙམ་གྱིས་རྟ་རྒྱུགས་འགྲན་ས་སོགས་ཀྱི་གནས་ནས་གད་སྙིགས་འཐུས་ན་མང་ཚོགས་རྣམས་ཀྱིས་ལྟ་ཚུལ་བཟུང་ནས་གད་སྙིགས་ཚོགས་པ་ཞེས་འབོད། ཡིན་ནའང་། ཚོགས་པ་བཙུགས་ནས་ད་ལྟའི་བར་དུ་འབྲས་བུ་ཇི་ལྟ་བུ་ཞིག་བྱུང་ཞེ་ན། ཡུལ་ཚོ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྡེ་བའི་ནང་དུ་དྲིལ་བསྒྲགས་སྣ་ཚོགས་བྱས་པས། མང་ཚོགས་ཀྱིས་གང་བྱུང་དུ་གད་སྙིགས་མི་འཕེན་པའི་འདུ་ཤེས་ཇེ་དྲག་ཏུ་གྱུར་ཡོད། མདོ་ལ་རྫོང་ཁོངས་སུ་ཁོར་སྲུང་མི་སྣ་བདུན་བརྒྱ་ལྷག་ཡོད་པ་དང་། ད་ལྟ་རྩྭ་ཐང་སོགས་སུ་གད་སྙིགས་འཐུ་རྒྱུ་མང་པོ་མེད་པས། བར་དམ་ཆུ་བོའི་མགོ་ཁུངས་དང་གསེར་ལྡན་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་རྒྱུ་གཙོར་བཟུང་ནས། ཆུ་རྔ་ནས་སྤྱི་ལེ་ཉེར་གཅིག་རིང་གི་ཆུ་འགྲམ་རྒྱུད་དུ་གཙང་སྦྲ་བྱས་པས། ད་ལྟ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་ཆེར་གྱུར་ཡོད་པ་མ་ཟད། ཆུ་ཇེ་ཆེར་རྒྱས་པ་དང་ཇེ་དྭངས་སུ་གྱུར་ཡོད།

བར་དམ་ཆུ་བོའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བདག་སྐྱོང་མཐུན་ཚོགས་སུ་ལས་མི་བདུན་བརྒྱ་ལྷག་ཡོད་པ་དང་། ཁོ་ཚོར་གླ་ཕོགས་སྐར་གང་ཡང་མེད་པར་མ་སྐུལ་དང་བླངས་ཀྱིས་ཕ་ས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་བཞིན་ཡོད། ཟླ་རེར་ཐེངས་གཉིས་ལ་ཁྱབ་རྒྱ་ཆེན་པོས་གད་སྙིགས་འཐུ་བཞིན་ཡོད་པས། ཁོ་ཚོས་ངལ་རྩོལ་ལ་བརྟེན་ནས་གནས་འདིའི་གྲུ་ག་རེ་རེར་གཙང་སྦྲ་བྱེད་བཞིན་ཡོད་པ་དང་། ཁོ་ཚོའི་བྱ་བ་ནི་སྤྱིར་བཏང་ཞིག་མིན་པར་རླབས་ཆེ་ཞིང་། ལྷད་མེད་ཀྱི་བྱ་སྤྱོད་ཅིག་གིས་མདོ་ལ་གྲོང་ཁྱེར་ལ་དཔལ་ཡོན་གྱི་འོད་སྣང་སྦྱིན་ཡོད། ལོ་ང་གཅིག་ཡིན་པའི་ཨ་ཁུ་ཚེ་རིང་རྡོ་རྗེ་ཡང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་མི་སྣ་ཞིག་ཡིན་ལ། ཁོས་གནའ་དེང་ཞིབ་བསྡུར་གྱི་སྒོ་ནས་བཤད་རྒྱུར།

སྔོན་ཆད་དང་བསྡུར་ན་དེང་སྐབས་ཁོར་ཡུག་སོགས་གཙང་མར་གྱུར་ཡོད། ཆུ་དང་རྩྭ་ཐང་སོགས་གང་ཡིན་རུང་གད་སྙིགས་འཕོ་མཁན་ཧ་ཅང་ཉུང་། 2016ལོར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཙུགས་པའི་སྐབས་སུ། ཆུ་ནང་དུ་གོད་རོ་འཕེན་པ་དང་དེ་མར་བཞུར་ན་ཚང་མས་འཐུང་བཞིན་ཡོད། དེ་མིན་རྩྭ་སའི་ཉེ་འགྲམ་དུ་འགྱིག་ཤོག་སྣ་ཚོགས་འཕང་ཡོད་པས་དེ་ནོར་གྱིས་ཟོས་ནས་ཤི་བ་སོགས་ཀྱི་དོན་དག་ཧ་ཅང་མང་། དེང་སྐབས་ཚང་མས་རང་འགུལ་གྱིས་ཆུ་འགྲམ་དང་རྩྭ་ཐང་སོགས་སུ་གད་སྙིགས་འཕེན་གྱིན་མེད་ལ། ཆུ་ཡང་ཇེ་དྭངས་སུ་གྱུར་ཡོད་པས་ཁོར་ཡུག་ལ་གཙང་སྦྲ་བྱས་ན་ཧ་ཅང་བཟང་།

གོང་གི་སྐད་ཆ་དག་ལས་ད་ལྟའི་རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ལེགས་སུ་སོང་ཡོད་པ་ཤེས་ཐུབ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་པོ་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས་པ་ནན་གྱིས་བསྟན་ཡོད་པས། མདོ་ལ་ས་ཁུལ་གྱི་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ཟབ་མོ་སེམས་སུ་དམ་པོར་བཅངས་ནས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་ཡག་པོ་བྱེད་བཞིན་མཆིས།

ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ན་མིས་ཤུགས་འདོན་པ་ལས་གཞན་ད་དུང་འཕྲུལ་ཆས་སོགས་ཀྱིས་གད་སྙིགས་སྐྱེལ་འདྲེན་བྱེད་པ་སོགས་ཕྱོགས་མང་པོ་ནས་ཤུགས་འདོན་དགོས་ལ། འཕྲུལ་ཆས་དེ་དག་ལ་ཡང་སྣུམ་སྣོན་པ་སོགས་མ་དངུལ་ཅུང་ཙམ་བཀོལ་དགོས་པས། དང་བླངས་པ་ཚོར་མཚོན་ན་དེ་ཡང་ལས་སླ་མོ་ཞིག་ག་ལ་ཡིན། མདོ་ལ་རྫོང་ཨ་རིག་ཡུལ་ཚོ་བོད་ལུག་དཀར་པོའི་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཆེད་ལས་མཉམ་ལས་ཁང་ནི་ཁོར་ཡུག་སྲུང་སྐྱོབ་པ་ཚོར་རོགས་འདེགས་བྱེད་པའི་མཉམ་ལས་ཁང་ཞིག་ཡིན་ལ། མཉམ་ལས་ཁང་གི་ཁོངས་མི་རྣམས་ལ་མཚོན་ན་ཡང་རང་ཁེ་ཁོ་ན་མི་བསམ་པར་ཕ་ཡུལ་གྱི་ཁོར་ཡུག་དག་གཙང་གི་ཆེད་དུ་དུས་ནམ་ཡང་ཁོར་སྲུང་མཐུན་ཚོགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། དེའི་སྐོར་ནས་མཉམ་ལས་ཁང་གི་ཁོངས་མི་ལྷ་མོ་མཚོ་ཡིས་བཤད་རྒྱུར།

མཉམ་ལས་ཁང་འདི་ལ་སྒོར་ས་ཡ་གཉིས་ཀྱི་མ་དངུལ་བཏང་ཡོད་པ་དང་། ལོ་གཅིག་ལ་མང་ཚོགས་ལ་སྒོར་ཁྲི་བརྒྱད་ཀྱི་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད། འཕྲོ་མའི་མ་དངུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་རྣམས་ལ་གུང་ཟས་ཟ་རུ་འཇུག་པ་དང་། རླངས་འཁོར་ཆག་སྐྱོན་ཤོར་ན་ལས་རིན་སྟེར་བ། ས་བརྐོ་ལག་རིང་སོགས་ལ་སྣུམ་ལྡུག་པ་སོགས་ཀྱི་ཐད་ལོ་གཅིག་ལ་སྒོར་ཁྲི་གཉིས་ཙམ་གྱི་འགྲོ་སོང་གཏོང་བཞིན་ཡོད།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན་པས། ཁོ་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་གི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུའི་དགོས་གཏུག་ཆེ་བའི་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ལ་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱས་ཏེ། བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་འགན་འཁྲི་ཐོག་ནས་སེམས་ཐག་གཙང་བཅད་ཀྱིས་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ཡག་པོ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཡག་པོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པའི་ཕྱོགས་སུ་ཧུར་ཐག་གིས་བསྐྱོད་ནས་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་བཞིན་མཆིས།

བར་དམ་ཆུ་བོའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བདག་སྐྱོང་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད་པས། བར་དམ་ཆུ་བོའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བདག་སྐྱོང་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ནུས་ཤུགས་འབུལ་བཞིན་ཡོད་ལ། ཁོ་ཚོའི་དུས་ནམ་ཡང་སྔོ་ལྗང་རི་ཆུ་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སེམས་སུ་དམ་པོར་བཅངས་ནས། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་དུས་ནམ་ཡང་རང་ཉིད་ཀྱི་ནུས་ཤུགས་འབུལ་བཞིན་ཡོད་ལ། དེ་ལས་ཁོ་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོ་མཚོན་ཐུབ།

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།