སྤྱི་ཁྱབ་ཧྲུའུ་ཅིའི་བཞུད་ལམ་དུ་འཕྲོས་པའི་བདེ་སྐྱིད་ཀྱི་འོད་སྣང་།
2021.11.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 62


  གནས་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བོད་རིགས་སྡེ་བ་སྟེ་དཀོན་ལོ་གོང་མ་ཡིན། ཡུལ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་མི་དམངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཐོག་མར་སྒྲོག་སའི་འབྲོག་སྡེ་ཆུང་ཆུང་སྟེ་དཀོན་ལོ་གོང་མ་ཡིན།

 2021ལོའི་ཟླ6པའི་ཚེས8ཉིན་ནི་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་མོད།འོན་ཀྱང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་དཀོན་ལོ་གོང་མ་སྡེ་བར་མཚོན་ན།ཉིན་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་ཆེས་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་ཡིན་ཏེ།རྒྱུ་མཚན་ནི་ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་ཚང་ལ་ཕེབས་ཏེ་བོད་རིགས་མང་ཚོགས་ལ་འཚམས་འདྲི་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་དེ་རེད། 

   བསོད་ནམས་ཚེ་རིང་ནི་དཀོན་ལོ་གོང་མ་སྡེ་བའི་དཔེ་མཚོན་རང་བཞིན་གྱི་དབུལ་ཐར་ཁྱིམ་ཚང་ཞིག་ཡིན་ལ།2014ལོའི་ལོ་མཇུག་ཏུ་བསོད་ནམས་ཚེ་རིང་ཚང་རྩྭ་ཐང་གི་ལུང་ཁུག་ནས་གནས་སྤར་ཏེ་སྡེ་གསར་འདིར་ཡོང་ནས་གཏན་སྡོད་བྱས་ཤིང་།2015ལོར་ཁོ་ཚང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག སྔོན་ཆད།བསོད་ནམས་ཚེ་རིང་ཚང་ལ་རྩྭ་ས་མུའུ450དང་།ནོར8མ་གཏོགས་མེད་པའི་ཁར།ཆུང་མར་ནད་གཞི་ཕོག་རུང་སྨན་པ་སྟོན་སྤྱད་མེད་པའི་གནས་སུ་ལྷུང་བ་དང་།བྱིས་པ་གཉིས་སློབ་གྲྭར་འགྲོ་མ་ཐུབ་པར་ནོར་རྫི་མི་བྱེད་ཐབས་མེད་བྱུང་། 

སྡེ་གསར་དུ་གནས་སྤར་རྗེས།བསོད་ནམས་ཚེ་རིང་གིས་ཐོན་ལས་དབུལ་སྐྱོར་མ་དངུལ་དང་གྲངས་ཉུང་དངུལ་བུན་ལ་བརྟེན་ནས་གསོ་སྤེལ་ཐོན་ལས་གཉེར་མགོ་བརྩམས་ཤིང་།རིམ་བཞིན་རྒྱ་ཆེ་རུ་འཕེལ་ནས་ལུག80དང་ནོར20ཡོད་པའི་ཅུང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བར་གྱུར།ན་ནིང་ལོར།ནོར་ལུག་གསོ་སྤེལ་དང་རྩྭ་སའི་ཁ་གསབ་སོགས་བསྣན་ན་བསྡོམས་པས་བསོད་ནམས་ཚེ་རིང་ལ་ཡོང་སྒོ་སྒོར་འབུམ་གཅིག་ལྷག་ཡོད་ལ།བྱིས་པ་གཉིས་ཀྱང་སྔ་མོ་ནས་སློབ་གྲྭར་བསྐྱལ་ཟིན་པ་དང་།ཁོ་རང་འོམ་ཆུ་གྲོང་རྡལ་གྱི་ཕུལ་བྱུང་ཏང་ཡོན་དུ་བདམས་པ་རེད། 

 སྟོན་མཇུག་གི་དུས་ཚིགས་འདིར།མཐོ་སྒང་གི་ཡུལ་གྲུ་ཀུན་ནི་ཁ་མདོག་གཉིས་ལྡན་གྱི་འཇིག་རྟེན་གསར་བ་ཞིག་ཡིན་ཏེ།མུ་ཁྱུད་བསྟར་ལ་བརྒྱུས་པའི་མཐོན་པོ་རི་རབ་ཚོགས་ཀྱིས་གོས་དཀར་གྱི་ན་བཟའ་བཀླུབས་ཤིང་། བདེ་མོ་ཐང་མར་བརྡལ་འདྲའི་ཡངས་པའི་སྤང་ལྗོངས་ཀུན་ལ་གསེར་མདོག་གི་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་ཉམས་ཤིག་རིམ་གྱིས་མངོན་བཞིན“དབྱར་ཕ་མ་འདྲ་བོ”ཕར་ལ་སྐྱེལ་བར་བྲེལ་ཞིང་།རྐང་ཚ་རྩྭ་ཐང་དུ་ཁངས་ཆར་འདྲེས་མའི་འབབ་ཞོད་མང་ཞིང་གྲང་རླུང་འཚུབས་མའི་རྒྱུ་བ་རྒོད་པའི་གནམ་གཤིས་ཀྱི་འགྱུར་ལྡོག་དབང་གིས་ས་གཞི་ཡོངས་འཁྱགས་པས་བསྡམས་ཏེ་ཡུལ་དེའི་སྐྱེ་འགྲོ་ཀུན་གྱིས“དགུན་རྒྱ་སྟག་འདྲ་བོ”ཚུར་ལ་བསུ་བར་སྟ་གོན་བྱེད་བཞིན་ཡོད་མོད།འོན་ཀྱང་དེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཕེབས་མྱོང་བའི་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་མང་ཚོགས་ཚོའི་བཞིན་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཤིང་སེམས་ལ་ཞལ་གསུང་དྲོན་མོ་བཟུང་ནས་སྐྱེས་ཆེན་དམ་པའི་བཞུད་ལམ་སྟེང་ཕུ་ཐུང་ཡར་ལ་བརྫིས་ཏེ་ཤུ་རེ་བྱེད་བཞིན་མཆིས།

  ཉིན་དེའི་ཞོགས་པར།ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་དྲོ་ཞིང་འཇམ།བོད་མཁར་རྐང་ཚའི་སྲང་ལམ་ཀུན་ཏུ་རྒྱལ་དར་དམར་པོས་ཡོངས་སུ་བརྒྱན་ཞིང་ལས་ཚོགས་ལ་བྲེལ་བའི་འདུ་འཛིའི་ཁྲོད་དུ་དཀོན་ལོ་གོང་མ་སྡེ་བ་ཞེས་པའི་ཡིག་འབྲུ་སེར་པོ་དེ་གསར་འགོད་པའི་མིག་ལམ་དུ་གསལ་ལྷང་ངེར་མངོན་བྱུང་ལ།མིང་བྱང་དེ་མཐོང་མ་ཐག་གསར་འགོད་པ་རང་སྡེར་ཐོན་པ་ལྟ་བུའི་དུང་བ་ཟབ་མོ་ཞིག་རྒྱུད་ལ་སྐྱེས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་ལ་མཇལ་འདོད་ཀྱི་འདུན་པ་འགོག་ཐབས་བྲལ། 

 རང་ལོ་དོན་གསུམ་ལ་སོན་པའི་ཨ་ཡེ་རྒན་མོ་ཧྲང་དབྱི་ནི་ལོ་འགའི་སྔོན་ལ་དཔའ་ལུང་རྫོང་ནས་གནས་འདིར་ཡོང་བ་ཡིན་ཞིང་།ཁོ་མོའི་བུ་ཆེ་བས་རྐང་ཚ་རྫོང་མཁར་དུ་ཞོར་ལས་གཉེར་བཞིན་ཡོད་པས།ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་རྒྱུ་མེད་ལ། ཉིན་དེར་ཨ་ཡེ་རྒན་མོ་ཧྲང་དབྱི་ཡིས་སྔ་མོ་ནས་ཁ་བཏགས་བཟུང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ་ཐུབ་པར་སྨོན་ལམ་འདེབས་བཞིན་ཡོད།

  སྡེ་བའི་སྒོ་ཆེན་ནང་འཛུལ་མ་ཐག “ཏང་གི་གསུང་ལ་ཉན།ཏང་གི་རྗེས་སུ་འབྲངས།ཞིང་སྡེ་དར་སྤེལ་བྱེད།མི་དམངས་ཕྱུག་པོར་བསྒྱུར།”ཞེས་པའི་ཡིག་འབྲུ་དམར་པོ་དག་བརྗིད་ཉམས་ལྡན་པའི་ངང་སྡེ་བའི་དཀྱིལ་དབུས་ཀྱི་ཐང་ཆེན་དུ་གསལ་ལེར་མངོན་འདུག་ལ།མཐའ་འཁོར་ཡོངས་སུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་མང་པོ་གྲལ་ལྟར་བསྒྲིགས་ཤིང་།འཁོད་སྙོམ་ལ་ཞེང་ཆེ་བའི་སྣུམ་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་བཏིངས་ཡོད་པར་མ་ཟད།ཉི་འོད་ནུས་པའི་ལམ་སྒྲོན་དང་གསར་འཛུགས་བྱས་པའི་སྡོང་ཕྲུག་མང་པོ་སྡེ་བའི་གཞུང་ལམ་གྱི་འགྲམ་གཉིས་སུ་ཚར་དུ་དངར་ཡོད་པས།བལྟས་མ་ཐག་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་ཐོན་པ་དང་ཀུན་ནས་མཚུངས།  

སྔོན་ཆད་རི་མཐོ་ལུང་ཟབ་ཏུ་གནས་ཤིང་སྡོད་གནས་ཐར་ཐོར་ཡིན་ལ།སྡོད་ཁང་ས་ཁང་དང་འཚོ་རྟེན་སྒོ་ཕྱུགས་ཁོ་ན་ཡིན་ཞིང་།ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་ཆས་མིང་ཙམ་དང་།གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཉམས་ཞན་ཡིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་དཀོན་ལོ་གོང་མ་སྡེ་བ་ནི་ཀུན་གྱིས་འཕྱ་སྨོད་དང་དམའ་འབེབ་བྱེད་ཡུལ་དུ་གྱུར་བའི་སྡེ་བ་མེད་པོ་ཞིག་ཡིན།

  2014ལོར་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་འོག དཀོན་ལོ་གོང་མ་སྡེ་བའི་ཁྱིམ་ཚང132ཡིས་སྲོལ་རྒྱུན་གྱི་འཚོ་ཐབས་རྙིང་བ་དོར་ཏེ་ལྟེ་ཁྲག་འཕོ་སའི་སྤང་ལྗོངས་སྔོན་མོར་གྱེས་ཕྱག་ཕུལ་ནས། བར་ཐག་སྤྱི་ལེ་བཅུ་བདུན་ལྷག་གིས་ཆོད་པའི་རི་ལུང་ནས་གནས་སྤར་ཏེ་རྫོང་མཁར་གྱི་ཉེ་འདབས་སུ་གཞིས་ཆགས་ཤིང་། བྱིས་པ་སློབ་གྲྭར་སྐྱེལ་ན་ལམ་བདེ་བ་དང་ནད་པ་སྨན་པར་སྟོན་ན་སེམས་བདེ་བ།འཚོ་ཐབས་ཚོང་ལས་གཉེར་ན་སྟབས་བདེ་བ། ཏང་གི་སྲིད་ཇུས་སྒྲོག་ན་གོ་བདེ་བ་སོགས་དུས་རབས་གསར་བའི་དགེ་མཚན་མ་ལུས་ཀུན་ནས་ཚང་བའི་སྡེ་གསར་ཞིག་ཏུ་འཚོ་བ་གསར་བ་རོལ་བར་དབུ་ཁྱུད་བྲིས།

  ཉེ་བའི་ལོ་འགའི་རིང་ལ།གོང་རིམ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྡེ་བའི་ཏང་ཡོན་གྱི་སྣེ་ཁྲིད།སྡེ་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་ལ་བརྟེན་ནས་དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་སྟེ།སྔོན་ཆད་ཐོན་ལས་སྣ་གཅིག་གཉེར་བ་ནས་ད་ལྟ་སྣ་མང་ཐོན་ལས་ཀྱི་བདག་པོ་གྱུར་ཞིང་།མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཇེ་ལེགས་སུ་སོང་ཡོད།ཨར་ལས་རྒྱུ་ཆ་ཚོང་ར་དང་བོད་ལུགས་སྐྱེ་ཁམས་གླིང་། ཅང་ཧེ་གཏེར་ལས།ཐུན་མོང་རྩྭ་ས་ཕྱིར་གླ་བ་སོགས་ཀྱི་ལས་གཞི་བརྩོན་ལེན་བྱས་ཤིང་།སྡེ་བའི་ཐུན་མོང་དཔལ་འབྱོར་སྟོང་ཆ་ཡིན་པའི་ལོ་རྒྱུས་མཇུག་རྫོགས་ཏེ།མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་བཅུ་གསུམ་ལ་བསླེབས་པ་དང་།ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་བདུན་སྟོང་དྲུག་བརྒྱ་དོན་བརྒྱད་ལ་འཕར།ན་ནིང་ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ཀྱི་སྤྱིའི་ཡོང་སྒོ་སྒོར་འབུམ་གསུམ་ཁྲི་དྲུག་ལྷག་ལ་འཕར་སྣོན་བྱུང་སྟེ།སྡེ་བ་ཡོངས་ཀྱི་རྒན་གསོའི་ཉེན་ཚབ་དང་སྡོད་ཁང་ཉེན་ཚབ་སོགས་ཀྱི་ཐད་བཀོལ་སྟབས།མང་ཚོགས་ཀྱིས་ཡིད་ཆེས་དང་དགའ་བསུ་ཐོབ།དཀོན་ལོ་གོང་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ནོར་བཟང་རྒྱལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་སྐད་ཆ་འདི་འདྲ་ཞིག་བཤད་བྱུང་།

 དཀོན་ལོ་གོང་མ་སྡེ་བའི་གཡས་ཕྱོགས་ཀྱི་རི་ངོས་སུ་གཙང་ཞིང་གྲལ་དག་པའི་ཤིང་ཁང་མང་པོ་ཞིག་རྒྱལ་བོའི་ཕོ་བྲང་བཞེངས་པ་ཇི་བཞིན་ཁྲ་ཆིལ་ལེ་ཆགས་འདུག་ལ།དེ་ནི་དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་སའི་གནས་གཅིག་སྟེ་རྐང་ཚ་རྫོང་གངས་རི་མེ་ཏོག་ཡུལ་སྐོར་སྤྲོ་གསེང་གླིང་ཡིན་ཞིང་།བོད་ལུགས་ཀྱི་སྟོད་ཐུང་གྱོན་པའི་ན་གཞོན་མང་པོ་ཞིག་ཁོམ་ལོང་མེད་པར་སྤྲོ་གསེང་གླིང་དེའི་ནང་དུ་ཟ་མ་ཕར་སྐྱེལ་ཚུར་ལེན་གྱི་ལས་ལ་བྲེལ་བཞིན་ཕྱོགས་ཡོངས་མགྲོན་པོ་འཛུམ་གྱིས་བསུ་བཞིན་ཡོད། དེའི་ཁྲོད་ཀྱི་ཞབས་ཞུ་བ་ཞིག་གིས་བཤད་རྒྱུར། 

  རྒྱུས་ལོན་བྱུང་བ་ལྟར་ན།ཉིས་སྟོང་བཅུ་བདུན་ལོར་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་གུ་རུ་ཚེ་རིང་ལ་རླངས་འཁོར་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་སྨན་རིན་ལ་སྒོར་མོ་འབོར་ཆེན་དགོས་སྟེར་དགོས་པའི་གནས་ཚུལ་དེ་སྡེ་མི་ཀུན་གྱིས་ཤེས་རྗེས།སྡེ་བའི་ཏང་ཡོན་གྱིས་སྣེ་ཁྲིད་ནས་ཞལ་འདེབས་འབུལ་བ་དང་།སྡེ་མི་རྣམས་ཀྱང་མ་བསྐུལ་དང་བླངས་སྒོས་ཞལ་འདེབས་འབུལ་བའི་གྲས་སུ་ཞུགས་ཤིང་།ཉིན་འགའི་རིང་ལ་ཞལ་འདེབས་སྒོར་མོ་འབུམ་གཅིག་དང་ཁྲི་བདུན་འཛོམས་ཏེ་ནད་པའི་ལག་ཏུ་སྤྲད།འདི་དང་འདི་ལྟ་བུའི་ཡིད་སེམས་འགུག་པའི་གཏམ་རྒྱུད་མང་པོ་ཞིག་དཀོན་ལོ་གོང་མ་སྡེ་བའི་ནང་དུ་རྒྱུན་འབྱམས་སུ་སོང་ཡོད།

  སྔོན་ཆད་དཔལ་འབྱོར་གྱི་ཡོང་ཁུངས་མེད་ཅིང་འཕེལ་རྒྱས་ཀྱི་གོམ་ཁ་དལ་བ།མཐུན་སྒྲིལ་གྱི་དམུ་ཐག་ཆད་ཅིང་རྩོད་གཞི་ཡི་ཡོ་ལང་རྒྱས་པའི་མ་རབས་སྡེ་བ་ཞིག་ལོ་འདི་འགའི་རིང་ལ་གཉིད་ལས་སད་པ་ལྟར་འབྱོར་བ་མཚོ་ལྟར་རྒྱས་ཤིང་མཐུན་སྒྲིལ་རྣོ་ལྟར་སྲ་བ།ཁོར་ཡུག་ཁྱིམ་ལྟར་གཙང་ཞིང་མི་གཞི་མདའ་ལྟར་དྲང་བའི་ཡ་རབས་སྡེ་བ་ཞིག་ཏུ་འགྱུར་དོན་གྱི་རྒྱུ་རྐྱེན་གཙོ་བོ་ནི་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དུས་ལྟར་དངོས་འབེབས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བའི་མཚོན་རྟགས་ཡིན་པར་སྨོས་མ་དགོས།དེའི་སྐོར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ནོར་བཟང་རྒྱལ་གྱིས་བཤད་རྒྱུར།

༼བཅར་འདྲི།༽

 སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན་ངེས།དཀོན་ལོ་གོང་མ་སྡེ་བ་ནི་ལྗང་མདོག་གི་ཞིང་ཁམས་ཤིག་ཡིན་ཏེ།སྡེ་བའི་སྲང་ལམ་གྱི་གཡས་གཡོན་ཀུན་དུ་ལྗང་མདོག་གི་མྱུ་གུ་འབུས་ཤིང་མེ་ཏོག་གི་སྡིངས་ཆ་འཐེན་ཡོད་ལ།གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་གི་རྩེ་རུ་བྱ་བྱེའུ་སྣ་ཚོགས་ཀྱིས་གྲེ་འགྱུར་བར་མེད་སྒྲོག་ལ།སྡེ་བའི་ཕྱི་ནང་གི་ཁོར་ཡུག་ཀུན་ཏུ་དང་བླངས་ཁོར་སྲུང་པ་དག་གིས་སེམས་ཞིབ་མོས་གད་སྙིག་འཐུ་བཞིན་ཡོད་པས།ཁོར་ཡུག་གཙང་སྦྲ་བྱེད་རྒྱུ་ནི་དཀོན་ལོ་གོང་མ་སྡེ་བར་མཚོན་ན་ཉིན་གཅིག་གཉིས་ཀྱི་བྱ་འགུལ་ཙམ་མ་ཡིན་པར།ཉིན་རྒྱུན་གྱི་ལས་རིམ་ནང་ཚུད་ཡོད་པའི་རྒྱུན་རྣམ་རང་བཞིན་གྱི་འགན་ཁུར་ཞིག་ཡིན།དེའི་སྐོར་སྡེ་མི་སངས་རྒྱས་འབུམ་གྱིས་བཤད་རྒྱུར།

 ལོ་རེའི་གསུམ་བརྒྱད་བུད་མེད་དུས་ཆེན་ཉིན་ནི་དཀོན་ལོ་གོང་མ་སྡེ་བར་མཚོན་ན་ཁྱིམ་སྲོལ་བཟང་བོ་དར་སྤེལ་བྱེད་པའི་ཉིན་མོ་ཡིན་པས།སྡེ་མི་ཡོངས་ལྷན་གཅིག་ཏུ་འཛོམས་ནས་ཨ་ནེ་བཟང་མོ་དང་མནའ་མ་བཟང་མོ་ལ་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་ཏེ།ཁོ་མོ་ཚོའི་བླ་མེད་སྤྱོད་བཟང་ལ་བསྔགས་བརྗོད་དང་གཟེངས་རྟགས་གནང་པའི་སྲོལ་བཟང་ཆགས་ཡོད།དེའི་སྐོར་དཀོན་ལོ་གོང་མ་སྡེ་བའི་བུད་མེད་ཀྲུའུ་རིན་ལྷ་ཁོས་བཤད་དོན།

 ཉེ་བའི་ལོ་འགའི་རིང་ལ།དཀོན་ལོ་གོང་མ་སྡེ་བར་ཕྱོགས་གང་ཐད་ནས་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ཏང་ཀྲུང་དབྱང་གི་ཡང་དག་སྲིད་ཇུས་དང་འབྲལ་ཐབས་མེད་ལ།སྡེ་མི་ཡོངས་ཀྱིས་ཏང་གི་དར་ཆའི་འོག་ཏུ་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་དམ་པོར་བྱས་ཏེ།སྣ་མང་ཐོན་ལས་གཉེར་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་ལའང་འབྲལ་ཐབས་མེད།དེ་བས་དཀོན་ལོ་གོང་མ་སྡེ་བ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ཤིང་ཆབ་སྲིད་ལངས་ཕྱོགས་ཀྱི་སྲོག་རྩ་བརྟན་པ།རིག་གནས་སློབ་སྦྱོང་གི་མཐོ་རླབས་འཕྱུར་བ།སྤྱི་ཚོགས་འཛུགས་སྐྲུན་གྱི་རྨང་གཞི་མཐུག་པ།སྐྱེ་ཁམས་སྲུང་སྐྱོབ་ཀྱི་གོ་རྟོགས་མཐོ་བ་བཅས་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་ཀུན་ནས་རྒྱས་པའི་འབྲོག་སྡེ་ཆེན་པོ་ཞིག་ཡིན་སྟབས།ད་ལོའི་ཟླ6ཚེས8ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་སྡེ་བ་འདིར་ཕེབས་ནས་སྤྲོ་སེམས་རབ་ཏུ་རྒྱས་པའི་ངང་གནས་དེར་འཛོམས་པའི་སྡེ་མི་ཀུན་ལ་“ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན་ལ།ང་ཚོ་ཚང་མ་ཕུ་ནུ་མིང་སྲིང་ཡིན།སྡེ་བ་འདིར་འགྱུར་ལྡོག་ཧ་ཅང་ཆེ།ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་མཐོང་བས།ངའི་སེམས་རབ་ཏུ་སྤྲོ་སོང་།ཚང་མས་ཏང་དང་སྲིད་གཞུང་གི་བརྩེ་བ་ཟབ་མོ་ཉམས་སུ་མྱོང་བཞིན་ཡོད།ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ཀྲུང་ཧྭ་མི་རིགས་ངེས་པར་དུ་འཛམ་གླིང་མི་རིགས་ཁྲོད་དུ་བརྟན་པོར་འགྲེང་ཐུབ་དགོས། སྐབས་དེར་ཐོན་ན། བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་དང་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་ཐུབ་པ་ཁོ་ཐག་ཡིན། ཀྲུང་ཧྭ་མི་རིགས་ནི་སེ་འབྲུ་བཞིན་དུ་དམ་པོར་ཁྱུད་ནས་འདུག་དགོས། ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བྱེ་བྲག་གི་ཁག་ཅིག་ཡིན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་མི་རིགས་གཅིག་ཀྱང་ཆད་མི་རུང་། སང་ཉིན་སྔར་ལས་ལེགས་པའི་ཆོད་སེམས་བརྟན་པོ་ཡོད་དགོས།”ཞེས་ཞལ་བརྡ་དྲོན་མོ་གནང་བ་དེས་དཀོན་ལོ་གོང་མ་སྡེ་བའི་མང་ཚོགས་ལ་སྔར་ལས་སྤོབས་པ་དང་སྟོབས་ཤུགས་བསྩལ་བྱུང་།འོམ་ཆུ་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་བསོད་ནམས་ཚེ་བརྟན་གྱིས་ཡིད་ཆེས་ངང་བཤད་རྒྱུར།

  ཀྲུང་ཧྭ་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་ཀྱི་ཡོ་ལང་རྣམ་པར་རྒྱས་པའི་སྐབས་དེར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་ཞབས་རྗེས་ཀྱི་མི་འགྱུར་གཡང་དྲུང་རི་མོ་དཀོན་ལོ་གོང་མ་སྡེ་བར་བཀོད་ཐུབ་པར་བྱུང་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྟེན་འབྲེལ་ཀུན་འགྲིག་ཅིག་ཡིན་པས།སྡེ་མི་ཡོངས་ཀྱིས་བརྩོན་སེམས་སྔར་ལས་ཆེར་སྐྱེད་དང་མཐུན་སྒྲིལ་སྔར་ལས་ཇེ་དམ་དུ་བཏང་ནས་གྲོང་གསེབ་དར་སྤེལ་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ།འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེ་བའི་ལམ་ཁ་ཡངས་པའི་སྟེང་འབད་བརྩོན་ལྷོད་མེད་ཀྱིས་མདུན་བསྐྱོད་བྱེད་བཞིན་མཆིས། །         


 

           

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།