འབྱུང་རྩ་ནས་འགན་འཁུར་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱ་དགོས།
2021.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 106

 མཚོ་སྔོན་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ། ལོ་རེར་དབུས་རྒྱུད་དང་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་མཁོ་འདོན་དང་མི་གྲངས་དུང་ཕྱུར་དྲུག་ལྷག་ལ་ཕན་ཁེ་བསྐྲུན་པའི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཡོད་པས།   ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ་དང་།  ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་དང་ཕན་འབྲས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྒྱ་ཆེ་ཚད་དང་། གཏིང་ཟབ་ཚད། ཤུགས་ཚད་བཅས་ལ་ཞིབ་དཔྱད་བྱས་ཡོད།

བསམ་བློའི་ཐད་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་དང་ཆབ་སྲིད་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཕྱོགས་གཅིག་ནས་སློབ་སྦྱོང་རྨང་གཞིར་བྱས་ནས་དོན་སྙིང་རྟོགས་པ་དང་། ཕྱོགས་གཞན་ཞིག་ནས་གོང་གིས་འོག་ལ་དཔེ་སྟོན་སྣེ་ཁྲིད་བྱེད་པ།  ཏང་ཨུའི་ཚོགས་འདུ་དང་། ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ།“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”  བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་བྱེད་སྒོ་སྣ་ཚོགས་བརྒྱུད་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ཞིབ་ཚགས་དང་ཞིབ་འཇུག་གཏིང་ཟབ་བྱས་ཤིང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་འགུལ། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དམིགས་ནས།  རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པས་དུས་ཐོག་ཏུ་རང་འགུལ་ངང་སློབ་སྦྱོང་དང་།  གཏིང་ཟབ་ཏུ་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་པར་མ་ཟད། གཅིག་སྡུད་རང་སྦྱོང་དང་། སྣེ་ཁྲིད་ཀློག་འགྲེལ། ཆེད་དོན་བགྲོ་གླེང་སོགས་ཀྱི་རྣམ་པའི་ཐོག་ནས་དོན་སྙིང་དང་ལག་ལེན་གྱི་བླང་བྱར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཤིང་།  མཚོ་སྔོན་གྱི་རི་ཆུ་ཀླུང་གསུམ་དང་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཡིན་པ་དང་།  སྐྱེ་ཁམས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པར་ངོས་ཟིན་ཟབ་མོ་བྱུང་ཡོད།

གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ཁྲོད་དམ་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བྱས་ནས། སྤྱི་ཚོགས་ཡོངས་སུ་ཡང་དག་པའི་སྐྱེ་ཁམས་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས།   “རྟ་ཐོག ”སྒྲོག་འགྲེལ་ཚོགས་པ་དང་སློབ་ཆེན་སློབ་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་ཡན་ལག་རུ་ཁག་ཆུང་བ་སོགས་ཁྱད་ཆོས་ཅན་གྱི་སྒྲོག་འགྲེལ་ཚོགས་པ་བཙུགས་པར་མ་ཟད།   སྡེ་བ་རིམ་པའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་མི་སྣ་གཞི་རིམ་གྱི་སྒྲོག་འགྲེལ་པར་གདན་དྲངས་སྟེ།  གསོན་ཉམས་དོད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་ཡོངས་ཁྱབ་ཏུ་སྒྲོག་འགྲེལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མིའི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཡོད།  ཁོར་ཡུག་ཉིན་མོ་དང་། རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་སྟོན་ཚོགས་འདུ།  སྐྱེ་ཁམས་དཔལ་ཡོན་གྱི་པར་རིས་འགྲེམས་སྟོན་སོགས་ཀྱི་མཚན་སྙན་དང་སྐད་གྲགས་ཆེ་བའི་བྱེད་སྒོ་ཆེ་གྲས་ལ་བརྟེན་ནས།   རྒྱུན་ཆད་མེད་པར་མཚོ་སྔོན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཀྱི་གྲོགས་པོའི་ཚོགས་པ་རྒྱ་བསྐྱེད་དེ།  སྐྱེ་ཁམས་བཟང་བའི་མཚོ་སྔོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་མཐོར་བཏང་ཡོད།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་བྱ་སྤྱོད་དང་།  མཛེས་སྡུག་གི་རྩྭ་ཐང་ནི་ངའི་ཕ་ཡུལ་ཡིན་པ།  སློབ་རའི་མཁོ་མེད་དངོས་པོ་བརྗེ་རེས་སོགས་ཀྱི་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་ནས།  ལྗང་མདོག་ལ་དགའ་ཞིང་ལྗང་མདོག་སྲུང་སྐྱོབ་ཀྱི་སྐྱེ་ཁམས་འདུ་ཤེས་དེ་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ཚོའི་སེམས་སུ་ཟུག་པར་བྱས་ཡོད།

མིག་དཔེའི་སྟོབས་ཤུགས་མངོན་ནས།  དུས་རབས་ཀྱི་མིག་དཔེ་སྐལ་བཟང་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག་རྒྱས་བཟང་བསོད་ནམས་དར་རྒྱས། ཆེས་མཛེས་པའི་འབད་འཐབ་པ་ལིས་ཧུང་ཀྲན་བཅས་ཀྱི་སྔོན་ཐོན་བྱས་རྗེས་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས། སྤྱི་ཚོགས་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད།

ལྗང་མདོག་གི་ཁྱད་སྟོབས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ཁྱབ་ཁོངས་དོ་དམ་ལེགས་པོ་བྱས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྒྱུན་མཐུད་ངང་ལེགས་སྒྲིག་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་ས་བསྐྲུན་པ་བཅས་འབད་འཐབ་དམིགས་འབེན་དུ་བརྩིས་ནས།  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་།   བྱང་གསུམ་འགོག་སྲུང་ནགས་ཚལ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱས་ཏེ། བྱེ་མའི་ཁུལ་གཙོ་བོའི་ལྗང་བསྒྱུར་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དེ་གནད་དོན་དངོས་ཐག་གཅོད་བྱེད་པ་དང་ཟུང་དུ་འབྲེལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་གིས་བཙུགས་པ་དང་། མང་ཚོགས་རྒྱལ་ཁོངས་ལྗང་བསྒྱུར་སོགས་སྐྱེ་ཁམས་བཟོ་སྐྲུན་ཁྲོད་ཞུགས་པར་བསྡུ་ལེན་བྱས་ཤིང་།  སྐྱེ་ཁམས་ཕན་འབྲས་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་དང་།   སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་བཙུགས་ཏེ།  མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས།  སྐྱེ་ཁམས་དམངས་ཕན་སྲིད་ཇུས་རྒྱུན་འཁྱོངས་དང་། སྐྱེ་ཁམས་བཟོ་སྐྲུན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ། དོ་དམ་སྲུང་སྐྱོབ་དང་ལས་ཞུགས། སྐྱེ་ཁམས་ཁ་གསབ། ལས་གཉེར་ཡོང་འཕར། དམིགས་འཛུགས་རོགས་སྐྱོར་སོགས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཡོད།  སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་། རྩྭ་ཐང་། བརླན་ས། དོ་དམ་སྲུང་སྐྱོབ་ལས་གནས་སོགས་སྐྱེ་ཁམས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རོང་འབྲོག་པའི་མ་དངུལ་སྣ་ཚོགས་སྒོར་ཐེར་འབུམ་གཅིག་དང་དྲུང་ཕྱུར་བརྒྱད་བྱེ་བ་བདུན་ལྷག་ཐད་ཀར་ཁ་གསབ་བྱས་པ་དང་། རྩྭ་ཐང་དང་། ནགས་ཚལ། བརླན་ས་བཅས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ལྷག་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་རྣམ་པ་མངོན་འགྱུར་བྱས་ནས།  སྐྱེ་ཁམས་ལྟ་སྲུང་བ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་ཡི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ཟིན་ཡོད་པ་རེད། སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་འབུམ་གཅིག་ཁྲི་བརྒྱད་ལ་སླེབས་པ་དང་།  ལོ་རེའི་འཕང་འབྲས་ཀྱི་ཐོན་རིན་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་ལྷག་ཟིན་ནས།  འཕང་འབྲས་ཐོན་ལས་ཀྱིས་མི་འབུམ་གཅིག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ལྗང་མདོག་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ།  འཕང་འབྲས་དང་གླ་སྟར། བོད་ཇ་སོགས་ཁྱད་ལྡན་ཐོན་རྫས་ཚད་ལྡན་ཅན་དང་། སྐྱེ་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  སྐྱེ་ཁམས་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་ཁམས་གསོའི་རྟེན་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མང་ཚོགས་སྔར་ལས་མང་པོར་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།