གསར་བརྗེའི་སྐད་སྒྲ་གྲུ་དམར་ནང་ནས་མཆེད་དེ་ཀྲུང་གོ་གུང་ཁྲན་ཏང་སྐུ་བལྟམས་པར་བརྟེན། བཟོ་ཞིང་མང་པོས་རྟེན་འབྲེལ་ཞུས། ཀྲེ་ཅང་ཅཱ་ཞིན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་དང་པོ་སྟེ་ནན་ཧུའུ་གྲོས་ཚོགས་བསྡུ་ཡུལ་ཡིན་ལ། ཀྲུང་གོའི་གསར་བརྗེ་ཡི་གྲུ་དམར་རྒྱང་དུ་ཆས་སའི་ས་ཆ་ཡང་ཡིན། ཚེ་ཚེ་རབས་རབས་ཀྱི་གྲུ་དམར་སྲུང་མཁན་རྣམས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་གྲུ་དམར་ལ་གཅེས་སྐྱོང་བྱས་པ་དང་། བརྩེ་དུངས་རྣམ་དག་ལ་བརྟེན་ནས་གྲུ་དམར་གྱི་གཏམ་རྒྱུད་བཤད།
གཅིག་དགུ་ཉེར་གཅིག་ལོའི་དབྱར་ཁར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་ནས་ཅཱ་ཞིན་ནན་ཧུའུ་རུ་བསྒྱུར་བའི་གྲུ་ཐོག་ནས་བསྡུས་ཏེ། གཟི་ཉམས་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་སྐུ་བལྟམས་པ་བསྒྲགས། དེའི་དབང་གིས་གྲུ་དམར་གྱི་མིང་བྱང་ཀྲུང་གོའི་གསར་བརྗེའི་མིང་ཐོའི་ཁྲོད་ཉམས་མེད་གསོན་པོར་གནས་ཡོད་པར་མ་ཟད། ཀྲུང་གོའི་གསར་བརྗེ་མཆེད་ཁུངས་ཀྱི་མཚོན་རྟགས་སུ་གྱུར།
གྲུ་དེ་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་གར་སོང་ཤུལ་མེད་དུ་གྱུར། གཅིག་དགུ་ང་དགུ་ལོར་ནན་ཧུའུ་གསར་བརྗེ་དྲན་གསོ་ཁང་དངོས་སུ་འཛུགས་སྒྲུབ་བྱས། ད་ལྟའི་དྲན་གསོ་ཁང་གི་འགོ་གཙོ་ཀྲང་ཞན་ཡུས་ཀྱིས་རྗེས་དྲན་བྱས་ཏེ་བཤད་རྒྱུར། དྲན་གསོ་ཁང་གི་དཀའ་གནད་ནི་གྲུ་དེའི་དབྱིབས་ངོ་མ་བསྐྱར་བཞེངས་བྱེད་རྒྱུ་དེ་ཡིན། ཕྱོགས་མང་པོའི་ཐད་ནས་ཁུངས་འཚོལ་ར་སྤྲོད་དང་ཞིབ་ཚགས་སྒོས་བསྐྱར་བཞེངས་ཀྱི་དཔེ་རིས་བྲིས་པ་པེ་ཅིང་དུ་བསྐུར་བར་ཁས་ལེན་ཐོབ། ཨར་ལས་ཀྱི་གོ་རིམ་ངེས་ཅན་ཞིག་བརྒྱུད་རྗེས་ཀྱི་གཅིག་དགུ་ང་དགུ་ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་སྔོན་ལ། ནན་ཧུའུ་གྲུ་དམར་གནམ་སྔོན་ཞུན་མ་འཁྱིལ་འདྲའི་མཚོ་སྟེང་ནས་བསྐྱར་དུ་མངོན་སྐལ་བྱུང་ཟེར།
ཅཱ་ཞིན་གྲུ་ལས་བཟོ་གྲྭའི་སྔོན་ཆད་ཀྱི་འགོ་གཙོ་ཞའོ་ཧའེ་ཀུན་གྱིས་དེང་མའི་གྲུ་སྐྲུན་སྐབས་ཀྱི་རྣམ་པར་ཕྱིར་དྲན་བྱེད་སྐབས་བཤད་རྒྱུར། ངའི་ཕ་དམ་པ་དང་ཨ་ཅེ་གཉིས་ཀྱི་སྐྱེས་པ་གཉིས་ཀ དགེ་གྲོགས་དང་ང་བཅས་ཚང་མ་གྲུ་བསྐྱར་སྐྲུན་གྱི་གོ་རིམ་མང་ཆེ་བའི་ཁྲོད་ཞུགས། ཚང་མས་ལས་སྣོན་གང་མང་བྱས་པ་དང་ཉིན་རེའི་དགོང་མོའི་སྐབས་སུའང་ཡུལ་ལ་མ་ལོག་པར་ཐང་ཆད་ན་ཁང་མིག་ཆུང་ཆུང་ཞིག་གི་ནང་ནས་ངལ་གསོས་པ་ཡིན་ཟེར།
ཞའོ་ཧའེ་ཀུན་གྱིས་བཤད་རྒྱུར། ཀོང་ཞི་ནས་ཅོག་ཤིང་སྐྱེལ་འདྲེན་བྱས་པ་དང་། ཅང་སུའུ་ནས་ཆེས་ལེགས་པའི་རི་མོ་རྐོ་མཁན་གདན་དྲངས། སྦ་ཤིང་སོགས་བཀོལ་ཏེ་སེམས་ཞིབ་མོས་བརྐོ་བཟོ་བྱས། གྲུའི་སྟེང་དུ་འོད་མདངས་རྣམ་པར་བཀྲ་བའི་སྨུག་མདོག་གི་རྩི་བྱུགས་པ་དང་། སྨུག་རྩི་དེ་བྱུགས་པར་ཁོར་ཡུག་དང་དྲོད་ཚད་ཀྱི་བླང་བྱ་ཧ་ཅང་མཐོ་ལ། ཅིས་ཀྱང་ཧྲེ་ཧྲི་ཏུའུ་ཉེར་ལྔའི་གཡས་གཡོན་ཡིན་དགོས་ནའང་། སྐབས་དེར་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་ལྟ་ཅི་རླུང་གཡབ་ཀྱང་མེད་པས་བྱ་ཐབས་ཟད། ཚང་མས་ཐབས་སྡུག་ཐུག་འགའ་འཐེན་པ་ནི། སོལ་རླངས་ཐབ་ཀའི་སྟེང་སླ་ང་བཞག་སྟེ་ནང་དུ་ཆུ་བསྐོལ་ནས་ཁང་བའི་ནང་དུ་སྨུག་བསྐྱིལ་ཐབས་ལ་བརྟེན་ཏེ་ཁང་བའི་ནང་གི་དྲོད་སྲུང་འཛིན་བྱས་པ་ཡིན་ཟེར།
ལོ་བཅུ་གྲངས་ཤིག་འདས་ཡོད་ནའང་ནམ་ཡང་མི་འགྱུར་བ་ནི་ཐོག་མའི་ཆོད་སེམས་རེད། ཞའོ་ཧའེ་ཀུན་གྱིས་མུ་མཐུད་དུ་བཤད་རྒྱུར། སྐབས་དེར་སྒོར་མོའི་ཆེད་དུ་གྲུ་ལས་མཁན་གཅིག་ཀྱང་མེད་ལ། ཀུན་གྱིས་ལས་དོན་དེ་ནི་གཟི་བརྗིད་དང་ང་རྒྱལ་སྒོམ་དགོས་པ་ཞིག་ཏུ་བལྟས། གྲུ་དམར་གླེང་མ་ཐག ངའི་སེམས་སུ་སྤྲོ་བ་ནོན་མི་ཐུབ་པ་རྒྱས་པར་བྱེད། ངའི་མི་ཚེ་གང་བོའི་རིང་ལ་གྲུ་རིགས་མི་འདྲ་བ་སུམ་ཅུ་ལྷག་ལས་པ་དང་། ང་རང་གྲུ་དམར་བཟོ་སྐྲུན་ཁྲོད་ཞུགས་པ་ནི་ལས་སྐལ་ཆེན་པོ་ཞིག་ལ་བལྟས་ཡོད་ཟེར།
ཞའོ་ཧའེ་ཀུན་གྱིས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་དུ། གྲུ་དམར་གྱི་གམ་ནས་ནན་ཧུའུ་གསར་བརྗེ་དྲན་གསོ་ཁང་གི་ལས་དོན་མི་སྣར་བྱ་བའི་སྙན་ཞུ་འབུལ་སྐབས་སུ། ལྟད་མོ་བའི་ཁྲོད་དུ་ལོ་ན་གཞོན་པའི་གྲུ་སྲུང་སྐྱོབ་པ་ཞིག་ཡོད་ཅིང་། ཁོའི་མིང་ལ་ཀྲང་ཞིན་ཀྲིར་འབོད། འདས་པའི་ལོ་སུམ་ཅུའི་རིང་ལ། ཁོ་དུས་རྟག་པར་ནན་ཧུའུ་མཚོ་འགྲམ་གྱི་གྲུ་དམར་སྲུང་སྐྱོབ་པ་རྣལ་མ་ཞིག་ཡིན།
ཀྲང་ཞིན་ཀྲི་ཡིས་བཤད་རྒྱུར། ཤིང་ལས་བྱས་པའི་གྲུ་ཞིག་དུས་ཡུན་རིང་བོར་མ་ཉམས་པར་སོར་འཇོག་བྱེད་རྒྱུ་ནི་དཀའ་བའི་ལས་ཞིག་ཡིན་ནའང་། ནན་ཧུའུ་གྲུ་དམར་ནི་གྲུ་དཀྱུས་མ་ཞིག་མ་ཡིན་པར། ང་ཚོའི་གྲུ་ཡུམ་དང་འདྲ་བར་བརྟེན། ཐབས་ཤེས་གང་ཡོད་བཏོན་ནས་གྲུ་དམར་ལ་སྲུང་སྐྱོབ་བདག་གཅེས་བྱེད་དགོས་ཟེར། གཅིག་དགུ་གྱ་ལྔ་ལོར། ཀྲང་ཞིན་ཀྲི་ནན་ཧུའུ་གསར་བརྗེ་དྲན་གསོ་ཁང་གི་ལས་ཀར་ཞུགས་རྗེས། ཁོའི་འོས་འགན་གཙོ་བོ་ནི་གྲུ་དམར་ཞིག་གསོ་དང་སྲུང་སྐྱོབ་སོགས་ཀྱི་ལས་ཀ་གཉེར་རྒྱུ་དེ་ཡིན།
ལོ་གཅིག་གི་ནང་དུ་ཞིག་གསོ་ཆུང་ངུ་རེ་དང་ལོ་གཉིས་ཀྱི་ནང་དུ་ཞིག་གསོ་ཅུང་ཆེ་གྲས་རེ་བྱས་ཏེ། ཀྲང་ཞིན་ཀྲི་དང་ལས་གྲོགས་ཚོས་གྲུ་དམར་གྱི་ལྷུ་ལག་སྟོང་གཅིག་ལྷག་ཡོད་པ་གཅིག་ཀྱང་མི་བསྐྱུར་བར་ཞིབ་བཤེར་ཐེངས་རེར་བྱེད་དགོས། ཚ་བ་ཆེ་བའི་དུས་ཚིགས་སུ། ཁོ་ཚོས་ཉི་འོད་ཀྱི་ཚ་དྲོད་འཁོལ་བའི་འོག་ཏུ་གྲུ་དམར་ལ་བཀྲག་རྩི་བྱུགས་དགོས། དམར་གྲུའི་རིམ་པ་རེ་རེར་བཀྲག་རྩི་བསྐུས་ཏེ་བསྐུས་པའི་རིམ་པ་སྐམ་ཐད་ཆོད་རྗེས། ཡང་བསྐྱར་གྲུའི་སྟེང་གི་གནས་གཞན་ལ་བསྐུས་ནས། ཤིང་གི་བར་གསེང་ཐམས་ཅད་ལ་བཀྲག་རྩི་འཐིམ་པར་འགན་ལེན་བྱེད་དགོས། ཀྲང་ཞིན་ཀྲི་ཡིས་མུ་མཐུད་དུ་བཤད་རྒྱུར། དབྱར་ཁའི་དུས་སུ་མི་གཞན་གྱིས་ཆར་བབས་ཏེ་ཚ་དྲོད་མར་འབབ་པར་རེ་ལྟོས་རྒྱག་གིན་ཡོད་ནའང་། ང་ཚོས་ཆར་བབས་ཏེ་ཞིག་གསོའི་ལས་རིམ་ལ་འགོར་འགྱངས་གཏོང་བར་སེམས་ཁྲལ་བྱེད་ཀྱིན་ཡོད། རྒྱུ་མཚན་བཀྲག་རྩི་བསྐུ་བའི་ལས་རིམ་དེར་ཧ་ལམ་ཉིན་ལྔ་བཅུ་ལྷག་གི་དུས་ཚོད་དགོས་ཟེར།
དྲག་རླུང་སླེབས་ལ་ཉེ་དུས་ཀྲང་ཞིན་ཀྲི་དང་ལས་གྲོགས་ཚོས་མཚོ་འགྲམ་ནས་གྲུ་དམར་བརྟན་སྲུང་བྱས། རླུང་གི་རྒྱུ་ཕྱོགས་དང་ཆུའི་མཐོ་དམའ་གཞིར་བཟུང་ནས། གྲུ་དམར་ཅུང་བདེ་འཇགས་ཡིན་པའི་སར་དྲུད་དེ་སྲུང་སྐྱོབ་བྱས། གྲང་ངར་གྱིས་རབ་ཏུ་གཙེས་དུས། ཁོ་ཚོས་གྲང་ངར་རུས་པར་ཟུག་པའི་མཚེའུ་བརྒལ་ནས་གྲུ་དམར་གྱི་སྟེང་དུ་ཆགས་པའི་ཁངས་དང་ཆབ་རོམ་གཙང་ཕྱགས་བྱས།
ཉིས་སྟོང་བཅོ་བརྒྱད་ལོར་ཀྲང་ཞིན་ཀྲི་གཟི་བརྗིད་ལྡན་པའི་སྒོ་ནས་ལས་འཁྱུར་ངལ་གསོ་བྱས་ནའང་། ཁོས་དུས་རྒྱུན་མགྲོན་པོ་དང་གྲོགས་པོ་གང་མང་ཁྲིད་དེ་གྲུ་དམར་གྱི་གམ་དུ་ཡོང་ནས་གྲུ་དམར་དང་འབྲེལ་བའི་གཏམ་རྒྱུད་བཤད། ཀྲང་ཞིན་ཀྲི་ཡིས་བཤད་རྒྱུར། གནས་གང་དུ་སོང་ནའང་ངས་ཁོ་ཚོར་ང་ནི་གྲུ་དམར་ཞིག་གསོ་མཁན་ཡིན་ཞེས་བཤད་པ་ཡིན་ལ། གྲུ་དམར་གྱི་སྟེང་ནས་ཏང་ཆེན་པོ་བལྟམས་པར་མ་ཟད། གྲུ་དམར་གྱི་སྙིང་སྟོབས་ཀྱིས་ཀྲུང་གོར་སྣེ་འདོམས་བྱས་པས། གྲུ་དམར་ལ་སྲུང་སྐྱོབ་བྱེད་རྒྱུའི་ལས་ཀ་ནི་ཅི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་ཨང་ཟེར།
ཀྲང་ཞིན་ཀྲིའི་ཆུང་མ་དང་བུ་མོ་གཉི་ག་ནན་ཧུའུ་དྲན་གསོ་ཁང་གི་སྒྲོག་འགྲེལ་པ་ཡིན། ཁོའི་ཆུང་མ་ཞུའེ་ཅིན་ཆའོ་ནི་སྔོན་ཆད་ཅཱ་ཞིན་ས་ཁུལ་གྱི་པེ་ཅིན་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་གཙོ་བོ་ཡིན་ལ། གཅིག་དགུ་གྱ་བཞི་ལོར་ནན་ཧུའུ་གསར་བརྗེ་དྲན་གསོ་ཁང་དུ་ལས་ཀ་རེག ཁོའི་བུ་མོ་ཀྲང་ཡུས་ནི་ཆུང་དུས་ནས་བཟུང་ནན་ཧུའུ་མཚོ་འགྲམ་ནས་འཚར་ལོངས་བྱུང་བར་མ་ཟད། དུས་ད་ལྟའང་གྲུ་དམར་འགྲམ་གྱི་སྒྲོག་འགྲེལ་པ་ཕུལ་དུ་བྱུང་བ་ཞིག་ཡིན།
ཀྲང་ཡུས་ཀྱིས་བཤད་རྒྱུར། ཕ་མ་གཉིས་ནི་ངའི་ལས་ཀའི་ངོས་ཐད་ནས་བཤད་ན་དགེ་རྒན་བཟང་བོ་དང་གྲོགས་པོ་སྙིང་ཉེ་ཤོས་ཡིན་ལ། ངེད་ཅག་གསུམ་པོས་གླེང་མོལ་ཅི་ཞིག་བྱས་རུང་། ནན་ཧུའུ་དང་གྲུ་དམར་མི་གླེང་བའི་དུས་སྐབས་ཐེངས་གཅིག་ཀྱང་མེད། ཨ་མས་ང་ལ་བཤད་དོན། སྒྲོག་འགྲེལ་པ་ནི་ཕྱི་ཚུལ་ནས་བལྟས་ན་ཉམས་འགྱུར་དོད་པོ་འདྲ་ཡིན་ནའང་སྡུག་ཐེག་ཐུབ་པའི་གྲ་སྒྲིག་དགོས་པར་མ་ཟད། མི་སྒེར་གྱི་སྤུས་ཚད་ཐད་བླང་བྱ་ཧ་ཅང་མཐོ་ཞེས་ཞལ་གདམས་གནང་མྱོང་། དེ་བཞིན་དུ་ཨ་ཕ་ལགས་ཀྱིས་ཀྱང་གྲུ་དམར་གྱི་གཏམ་རྒྱུད་ལེགས་པོ་འཆད་རྒྱུ་ནི་གཟི་བརྗིད་སྐྱེས་འོས་པ་ཞིག་དང་དཀའ་ངལ་ཆེ་བའི་འོས་འགན་ཞིག་ཡིན་པས། གླིང་ཕྲན་ཆུང་ཆུང་འདི་དང་དྲན་གསོ་ཁང་འདི་ལ་རང་ཁྱིམ་དངོས་ཀྱི་འདུ་ཤེས་འཛིན་དགོས་ཟེར།
ལོ་འདི་དག་གི་རིང་ལ། ཀྲང་ཡུས་ཀྱིས་གྲུ་དམར་ལ་ཆེད་དུ་ལྟ་རུ་ཡོང་མཁན་གྱི་མགྲོན་པོ་མང་པོ་སྣེ་ལེན་བྱས། ལྟ་སྐོར་པས་ཁོ་མོའི་འགྲེལ་བརྗོད་ལ་ཉན་གྱིན་ཡོད་ཅིང་། ཁོ་མོས་ཀྱང་ལྟ་སྐོར་པར་འབྲེལ་འདྲིས་བྱས་པ་བརྒྱུད་དེ་ཉམས་མྱོང་མང་པོ་བསགས། ཁོ་མོས་སྔོན་ཆད་དགུང་གྲངས་བརྒྱད་ཅུར་སོན་པའི་དམར་དམག་རྒན་པ་ཞིག་སྣེ་ལེན་བྱས་མྱོང་། དམར་དམག་རྒན་པ་དེ་རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་དུ་བསྡད་ནས་གྲུ་དམར་ལ་རིང་ཙམ་བལྟས་རྗེས་ཡིད་སེམས་རྨང་ནས་སྒུལ། ཁོས་ཀྲང་ཡུས་ལ་བཤད་རྒྱུར། ང་རང་ལོ་ན་ཆེ་ནའང་། ངའི་རེ་འདུན་ཉག་གཅིག་པུ་ནི་ཅཱ་ཞིན་ནན་ཧུའུ་འགྲམ་དུ་སོང་ནས་དངོས་སུ་གྲུ་དམར་ལ་ཡང་བསྐྱར་ཐེངས་གཅིག་ལ་བལྟ་རྒྱུ་དེ་ཡིན་ཟེར།
ཀྲང་ཡུས་ཀྱིས་བཤད་རྒྱུར། སྔོན་རབས་པ་རྣམས་ཀྱིས་ང་ཚོར་མིག་དཔེ་བཟང་བོ་བསྟན་ཡོད་ལ། ངས་ཕྱི་རབས་པ་རྣམས་ལ་མིག་དཔེ་སྟོན་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།