མོ་སི་ཁོ་ཧོང་ཁྲང་ནས་རླངས་འཁོར་ལ་བསྡད་དེ་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བཞི་ཅུ་ཙམ་སོང་ན། མོ་སི་ཁོ་གྲོང་ཁྱེར་འདབས་ཀྱི་ཧྲེང་སན་དབྱི་ཆུས་ཀྱི་ཝུའུ་ཡཱི་ཡུལ་ཚོ་ཝུའུ་ཡཱི་སྡེ་བར་ཐོན་ཐུབ་ལ། དེར་སེར་ལ་སྐྱ་ཤས་འདྲེས་པའི་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་གཞིས་ཀ་ཞིག་ཡོད་ལ། ཡར་རྩིས་ཀྱི་ལོ་གོ་གཉིས་སྔོན་ཀྱི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་བརྒྱད་ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ནས་ཟླ་བདུན་པའི་ཚེས་བཅུ་གཅིག་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་གསང་བའི་ངང་གཞིས་ཀ་འདི་རུ་འཚོགས།
དེ་དུས་ས་དེར་ཙི་ཝེ་ནི་ཀོ་རོ་ཏི་གྲོང་རྡལ་དུ་འབོད་ལ། ཐོག་ཁང་དེའི་མིང་ལ་དངུལ་མདོག་གི་གཞིས་ཀ་ཞེས་འབོད། ད་ལྟ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་རྒྱུན་བཙུགས་འགྲེམས་སྟོན་ཁང་ཡིན་པ་རེད།
ཏང་གི་ཚོགས་ཆེན་ཐེངས་དྲུག་པ་ནི་ལོ་རྒྱུས་སྟེང་རྒྱལ་ཁབ་ཕྱི་ནས་བསྡུས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གཅིག་པུ་ཡིན་ལ། ཉེན་ཁ་ཆེ་ཞིང་དཀྱོག་མཚམས་རང་བཞིན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཞིག་ཀྱང་ཡིན་པ་རེད།
སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་བདུན་ལོར་གསར་བརྗེར་ཕམ་ཁ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ཏང་ནང་ཁུལ་དུ་ཀྲུང་གོའི་སྤྱི་ཚོགས་ཀྱི་ངོ་བོ་དང་གསར་བརྗེའི་ངོ་བོ། སྒུལ་ཤུགས་དང་མདུན་ལམ་སོགས་གནད་དོན་ཐད་ལྟ་ཚུལ་མི་མཐུན་པས་གང་མྱུར་སྒོས་ཏང་གི་འཐུས་མིའི་ཚོགས་ཆེན་ཞིག་བསྡུས་ཏེ་རྩ་བའི་གནད་དོན་ཁ་ཤས་ལ་ཁ་ཚ་དགོས་གཏུགས་ཀྱི་ལན་འདེབས་དགོས་པ་རེད། དེ་བཞིན་ཀྲུང་གོ་ནང་ཁུལ་དུ་ཏག་ཏག་དཀར་པོའི་འཇིགས་སྐུལ་གྱི་རྣམ་པ་ཚབ་ཆེ་བས་ཚོགས་འདུ་ཚོགས་སའི་བདེ་འཇགས་ཀྱི་གནས་ཤིག་རྙེད་ཐབས་བྲལ། དེ་བཞིན་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་བརྒྱད་ལོར། ཀྲུང་གུང་འཐུས་མི་བརྒྱ་དང་ཞེ་གཉིས་ཀྱིས་དཀའ་ངལ་ཁྱད་དུ་བསད་ནས་ལེ་བར་ཁྲི་ཕྲག་བརྒལ་ཏེ་མོ་སི་ཁོར་ཐོན་ནས་དེ་རུ་ཏང་གི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཁྲོད་མཚར་སྡུག་གི་ལེའུ་གཅིག་བྲིས་པས་གཞིས་ཀ་དེ་ཏང་གི་ལོ་རྒྱུས་ཁྲོད་དུ་དོན་སྙིང་གལ་ཆེན་ལྡན་པའི་འཛུགས་སྐྲུན་ཞིག་ཏུའང་གྱུར་བ་རེད།
ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་འགྲེམས་སྟོན་ཁང་གི་འགོ་གཙོ་གཞོན་པ་ལི་ཧྲོའུ་ཡི་ཡིས་ཀྲུང་གོའི་ན་གཞོན་ཚགས་པར་དང་ཀྲུང་གོའི་ན་གཞོན་དྲ་རྒྱའི་གསར་འགོད་པར་ངོ་སྤྲོད་བྱས་དོན། འགྲེམས་སྟོན་ཁང་ཡོད་སའི་འཛུགས་སྐྲུན་དང་འདབས་ཀྱི་ས་ནི་དུས་རབས་བཅུ་བདུན་པའི་སྨད་ལ་བསྐྲུན་པའི་སྐུ་དྲག་གི་གཞིས་ཀ་ཞིག་ཡིན་ལ། རྗེས་སུ་རིམ་བཞིན་གནའ་གཞུང་རིང་ལུགས་ཀྱི་སྐྱེད་ཚལ་གྱི་རྣམ་པར་བསྒྱུར་བ་རེད། ཟླ་བཅུ་བའི་གསར་བརྗེའི་རྗེས་སུ་འདི་ཉིད་རྒྱལ་ཁབ་ཀྱིས་གཞུང་བཞེས་བྱས་པ་དང་དམག་སྒར་བྱས་མྱོང་བ་རེད། དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བར། གཞིས་ཀ་འདི་སུའུ་ལེན་རྒྱལ་གཉེར་ཞིང་རའི་ལས་བཟོ་པའི་སྡོད་ཁང་དུ་བྱས་ལ། རྗེས་སུ་གཏོར་བརླག་ཐེབས། ཉིས་སྟོང་དགུ་དང་ཉིས་སྟོང་བཅུ་ལོར། གཞིས་ཀ་འདིར་ཐེངས་གཉིས་ལ་མེ་སྐྱོན་ཐེབས་ཏེ་ཡུན་རིང་ཞིག་གསོ་མ་ཐུབ་པར་དོར་བས་གཞིས་ཀ་འདི་ཉིད་ལ་སྔར་ལས་ཉམས་ཆག་ཆེན་པོ་ཐེབས་པ་རེད།
ཉིས་སྟོང་བཅུ་ལོར། སྐབས་དེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་བྱེད་སྐབས། ཨུ་རུ་སུའི་ཙུང་ལི་ཕུའུ་ཅིང་ལ་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་སུ་རྗེས་དྲན་ཁང་འཛུགས་རྒྱུའི་རེ་འདུན་བཏོན་པར་རྒྱབ་སྐྱོར་ཐོབ་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཨུ་རུ་སུར་འཚམས་འདྲི་བྱས་པ་ལ། དེ་ནི་ཁོང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཀྱི་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།
ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་རྗེས་དྲན་ཁང་འཛུགས་པར་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཨུ་རུ་སུ་མཉམ་འབྲེལ་་རྒྱལ་ཚོགས་ཀྱི་སྲིད་གཞུང་གིས་ཕན་ཚུན་ལ་རིག་གནས་ལྟེ་གནས་འཛུགས་པའི་ཆོད་ཡིག་ཁྲོད་ཀྱི་འབྲེལ་ཡོད་དོན་ཚན་ལྟར་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་བཙུགས་ཚར་རྗེས་མོ་སི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཡན་ལག་ཏུ་བརྩིས་ནས་གཉེར་སྐྱོང་དང་དོ་དམ་བྱ་རྒྱུ་བྱས། ལོ་དེའི་ཟླ་དགུ་བའི་ཚེས་ལྔ་ཉིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་གླས་པའི་གན་རྒྱ་བཞག་པ་དང་། གཞིས་ཀ་འདི་ཨུ་རུ་སུའི་རིག་གནས་གནའ་ཤུལ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་གླས་ཏེ་བཀོལ་སྤྱོད་བྱེད་བཞིན་རྒྱུ་གཏན་ཁེལ་བྱས་ཤིང་གླ་ཡུན་ལོ་ཞེ་དགུ་གཏན་ཁེལ་བྱས་པ་དང་ཨུ་རུ་སུའི་ཕྱོགས་ཀྱིས་ལོ་རེར་གླ་རིན་ལ་ཚབ་མཚོན་རང་བཞིན་གྱི་ལུའུ་པི་གཅིག་རེ་ལེན་གྱིན་ཡོད་པ་རེད།
ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ཞིག་གསོའི་བྱ་བ་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ལ་ཕྱོགས་ཡོངས་ནས་མཇུག་གྲུབ་པ་དང་ཟླ་བདུན་པའི་ཚེས་བཞི་ཉིན་ནས་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད།
ལི་ཧྲོའུ་ཡི་ཡིས་གསར་འགོད་པར་བཤད་རྒྱུར། ཚོགས་ཆེན་དྲུག་པའི་ཚོགས་གནས་ཞིག་གསོའི་གོ་རིམ་ཁྲོད་དུ། ཀྲུང་གོའི་ཕྱོགས་ཀྱིས་མོ་སི་ཁོ་ཤུལ་བཞག་རིག་གནས་ཅུའུ་ཡིས་མཁོ་སྤྲོད་བྱས་པའི་གཞིས་ཀ་དེའི་སྔར་གྱི་རྣམ་པའི་པར་རིས་ལྟར་གཞིས་ཀའི་ཡོངས་སུ་ཞིག་གསོ་བྱས་པ་དང་ཐོག་ཁང་གཙོ་ཤས་དེའི་ཕྱིའི་རྣམ་པ་སྔར་གྱི་གནའ་གཞུང་རིང་ལུགས་ཀྱི་སྐྱེད་ཚལ་གྱི་རྣམ་པ་ཕལ་ཆེར་སོར་བཞག་བྱས་པ་དང་ནང་གི་རྣམ་པར་འགྲེམས་སྟོན་ཁང་གི་དོན་དངོས་ཀྱི་དགོས་མཁོ་དང་བསྟུན་ནས་ལེགས་སྒྲིག་བྱས། ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ཞིག་གསོའི་བྱ་བར་ཨུ་རུ་སུའི་གནའ་ཤུལ་ཞིག་གསོའི་ཁོངས་གཏོགས་ཀྱི་བྱ་དགའ་མང་པོ་ཐོབ།
ཞིག་གསོ་བྱས་ཏེ་ལེགས་འགྲུབ་བྱུང་བའི་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་རྒྱུན་བཙུགས་འགྲེམས་སྟོན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་སྟོང་ཉིས་བརྒྱ་རེ་དྲུག་ཡོད་ལ། དེའི་ཁྲོད་དུ་གཞིས་ཀའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་སྟོང་བདུན་བརྒྱ་ཞེ་གཅིག་དང་གྲངས་ཆུང་གཉིས་ཡོད་ཅིང་སྤྱིའི་ཁང་བརྩེགས་གསུམ་ཡོད། རྒྱུན་བཙུགས་འགྲེམས་སྟོན་ཁང་དེ་ཁག་གསུམ་གྱིས་གྲུབ་ཅིང་། ཁག་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་འགྲེམས་སྟོན་དང་། ཁག་གཉིས་པ་ནི་ཚོགས་ཁང་གཙོ་བོའི་སྔར་གྱི་རྣམ་པ་སླར་གསོ་དང་ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མི་འགའི་སྡོད་གནས་ཀྱི་རྣམ་པ་སླར་གསོ་བྱས་པ། ཁག་གསུམ་པ་ནི་ཉེ་བའི་ལོ་འགའི་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་ཀྱི་མཛའ་མཐུན་མཚོན་པའི་འགྲེམས་སྟོན་གྱི་རྣམ་པ་བཅས་ཡིན་པ་རེད།
ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ཞིག་གསོ་བྱས་པས་ས་དེའི་ཝུའུ་ཡཱི་སྡེ་བའི་སྡེ་མི་རྣམས་ཀྱིས་ཀྱང་ཁེ་ཕན་མང་པོ་རེག་པ་རེད། ལི་ཧྲོའུ་ཡི་ཡིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱི་ཧུར་ཐག་འབད་བརྩོན་བརྒྱུད་ཨུ་རུ་སུ་རང་བྱུང་སོལ་རླངས་བཟོ་ལས་ཀུང་སིས་རང་བྱུང་སོལ་རླངས་ཀྱི་སྦུ་གུ་ཝུའུ་ཡཱི་སྡེ་བར་འདྲེན་པ་དང་དེའི་ཞོར་ལ་ཚོགས་གནས་ཉེ་འདབས་ཀྱི་ལམ་ཡང་གསར་དུ་ལས།
ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་རྒྱུན་བཙུགས་འགྲེམས་སྟོན་ཁང་ནི་ཀྲུང་གོའི་སྲིད་གཞུང་གིས་ཕྱི་ནས་བཙུགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་རང་བཞིན་གྱི་རྗེས་དྲན་ཁང་ཐོག་མ་ཡིན་ལ། དེ་ནི་བརྗེད་པར་དཀའ་བའི་ལོ་རྒྱུས་ཤིག་ཟིན་ཐོ་བཀོད་ཡིན་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་མཚོན་པའི་དཔང་བོར་ཆགས་ཡོད་པ་རེད། དེ་བཞིན་འགྲེམས་སྟོན་ཁང་དེ་ཀྲུང་གོའི་ཡུལ་སྐོར་བའི་ཆེས་དགའ་བསུ་ཐོབ་པའི་ཨུ་རུ་སུའི་དམར་པོའི་ཡུལ་སྐོར་ས་གནས་ཤིག་ཡིན་པ་རེད།
ལི་ཧྲོའུ་ཡི་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ནི་ཀྲུང་གོ་གུང་ཁྲན་ཏང་གི་དམར་པོའི་སློབ་གསོའི་རྟེན་གཞི་ཡིན་པ་མ་ཟད། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་བར་གྱི་རིག་གནས་བརྒྱུད་སྒྲོག་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་གྱི་ནུས་པ་ཐོན་ཡོད་ལ། མོ་སི་ཁོའི་ཉེ་འདབས་ཀྱི་སློབ་གྲྭ་དག་གིས་རྒྱུན་པར་སློབ་མ་རྩྭ་འཛུགས་བྱས་ཏེ་ལྟ་སྐོར་བྱེད་དུ་ཡོང་གི་ཡོད་པ་རེད། ཉིས་སྟོང་ཉེར་གཅིག་ལོར། ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་རྒྱུན་བཙུགས་འགྲེམས་སྟོན་ཁང་གིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་འཁོར་བར་ཏང་གི་ལོ་རྒྱུས་མཚོན་པའི་འགྲེམས་སྟོན་ཞིག་བྱེད་འཆར་ཡོད་པ་དང་། སྔར་ལས་ཀྱང་ལྟ་སྐོར་བ་གང་མང་ཞིག་གི་འདུན་པ་འདྲེན་པར་ཡིད་ཆེས་ཀྱིས་ཕྱུག་ཡོད་པ་རེད།
མི་ཕམ་མགོན་པོས་བསྒྱུར།