ཡོན་ཏན་གྱིས་ཚང་མར་ཟམ་པ་སྲུང་མཁན་ཚོའི་གཏམ་རྒྱུད་བརྗོད་བཞིན་པ།
ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་ཉི་རྩེ་ཐོག་མ་འབྲི་ཆུའི་འགྲམ་རྒྱུད་དུ་འཕྲོས་པ་དང་ལྷན་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྗེས་དྲན་རྡོ་རིང་མདུན་གྱི་ཐང་ཆེན་དུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་གློག་འདོན་ཀུང་སིའི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱིས་ལས་གོས་གྱོན་ཞིང་། ཏང་རྟགས་བཏགས་ནས་ཏང་གི་དར་ཆར་གདོང་གཏད་དེ་གྲལ་སྟར་སྒྲིག་ཡོད། ཏང་ཀྲི་པུའུ་ཧྲུའུ་ཅི་བློ་དགེ་ཚེ་རིང་གི་སྣེ་ཁྲིད་འོག་ཁོ་ཚོས“ང་རང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་འདོད་ཡོད་ལ། ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་རྒྱུ་ཡིན” ཞེས་ཏང་ནང་དུ་ཞུགས་པའི་དམ་བཅའ་ཡང་བསྐྱར་བཞག་བྱུང་།
དམ་བཅའ་བཞག་ཚར་རྗེས། བློ་དགེ་ཚེ་རིང་གིས་དགེ་རྒན་ཁྱད་པར་བ་ཞིག་གདན་འདྲེན་བྱས་ཏེ་ཏང་ཡོན་ཚང་མར་དམིགས་བསལ་ཅན་གྱི་ཏང་གི་སློབ་ཁྲིད་ཅིག་ཞིག་བྱེད་དུ་བཅུག
ཤ་མདོག་སྨུག་ཅིང་མིག་མདངས་རྣོ་ལ། གཟུགས་པོ་དྲང་ཞིང་དམག་ལྭ་གྱོན་པའི་དགེ་རྒན་དེའི་མིང་ལ་ཡོན་ཏན་ཟེར་ཞིང། “འབྲི་ཆུའི་མགོ་ཁུངས་ཀྱི་སོ་ལྟ་བ་དང་པོ”ཞེས་པའི་མཚན་སྙན་ཐོབ་པའི་བོད་རིགས་དམངས་དམག་ཟམ་སྲུང་རྒན་པ་ཞིག་རེད།
1977ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན། ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྱི་བོད་རིགས་དམངས་དམག་བཅུ་ཡིས་གྲུབ་པའི་ཟམ་པ་སྲུང་མཁན་ཞིག་བཙུགས་ཏེ། “བཅིངས་འགྲོལ་དམག་མིའི”ལག་ནས་གངས་རླུང་སོ་ཁའི་ལས་འགན་དེ་བླངས་ནས་གཟི་བརྗིད་ལྡན་པའི་ཟམ་སྲུང་གི་ལས་འགན་འཁུར། ཡོན་ཏན་དང་ཁོའི་འཐབ་གྲོགས་དགུ་བོ་འབྲི་ཆུའི་ཟམ་སྲུང་དམངས་དམག་རབས་དང་པོར་གྱུར།
ཟམ་སྲུང་རྒན་པ་ཡོན་ཏན་གྱིས་རྒྱང་ཐག་མི་རིང་བའི་འབྲི་ཆུའི་སྟེང་གི་ཟམ་པར་བལྟས་ཏེ་ཏང་ཡོན་ལས་བྱེད་ཡོངས་ལ་ཁོ་དང་ཟམ་པ་དེའི་གཏམ་རྒྱུད་བབ་ཆགས་ཤིག་བཤད་བྱུང་། ཁོས“ང་རང་ལོ་ན་ཉེར་གཉིས་ལ་སོན་པའི་ལོ་དེར། ‘ལས་ཀ་པ་ཆུང་ཆུང’གི་ཚུལ་དུ་ཟམ་པ་འདིའི་འཛུགས་སྐྲུན་ལ་ཞུགས་མྱོང་། ལས་གླ་ཉུང་རུང་ངས་རང་ཉིད་ཀྱིས་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་སྒྲུབ་བཞིན་ཡོད་པ་ཤེས། ཟམ་པ་འདི་དང་ངེད་གཉིས་བར་གྱི་ལས་འབྲེལ་ཡང་སྐབས་དེ་ནས་མགོ་བརྩམས་པ་ཡིན། ད་བར་དུ་ལོ་ང་བརྒྱད་འགོར་སོང་། ངའི་སེམས་སུ་དེ་ནི་རྣོ་ལྕགས་དང་ཨར་འདམ་ལས་གྲུབ་པའི་ཟམ་པ་ཁོ་ན་མ་ཡིན་པར་མེད་དུ་མི་རུང་བའི་ཁྱིམ་མི་ལྟ་བུ་ཞིག་ཡིན། ཟམ་པ་འདི་ང་དང་འདྲ་བར་ལོ་མང་འགོར་བས་སྔོན་ཆད་ལྟ་བུའི་གོ་མི་ཆོད་ན་ཡང་། ང་སྔར་བཞིན་རྒྱུན་དུ་ཟམ་པ་དེ་ལ་བལྟ་རུ་འགྲོ་བཞིན་ཡོད”ཟེར།
དེར་ཡོད་ཀྱི་ཏང་ཡོན་ཚང་མས་ཟམ་སྲུང་རྒན་པའི་ཚིག་འབྲུ་རེ་རེ་ལ་ནན་གྱིས་ཉན་ནས་སྐབས་རེར་འཚུབ་ཆ་ལངས་པ་དང་མཚམས་རེར་སེམས་འགུལ་ཐེབས་ལ། ཡང་སྐབས་འགར་ཡིད་སྨོན་སྐྱེས། ཚང་མས་མིག་མདུན་གྱི་ལོ་ན་བརྒྱད་ཅུར་ཉེ་བའི་རྒན་པོ་དེའི་མིག་མདངས་བརྟན་པོ་ལས་སྐབས་དེའི་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་བོ་ཞིག་མཐོང་ཡོང་།
ཁྲི་འདུ་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་དཔལ་ཆེན་དབང་རྒྱལ་གྱིས་བཤད་རྒྱུར།“ང་ཚོའི་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ནི་སྔོན་གཤེགས་དཔའ་བོ་བགྲང་ལས་འདས་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྗེས་ནས་འཐོབ་པ་ཡིན་པས། ང་ཚོའི་ངེས་པར་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གསར་བརྗེའི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་བོ་བློ་ལ་བརྟན་པོར་ངེས་པར་བྱས་ནས། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱ་དགོས”ཟེར།
ཏང་ཡོན་ཚོས“དེང་ཐོག་ཟམ་པ་སྲུང་བའི་ལས་འགན་ཕྲག་ཏུ་འཁུར་དོན་ཅི་ཡིན་ནམ”ཞེས་དྲིས་པ་ན།
ཡོན་ཏན་གྱིས“དོན་དངོས་སུ་ཆེས་ཐོག་མར་ང་ནི་ཞེའུ་གྲོང་རྡལ་གྱི་རྡོ་ཐལ་བཟོ་གྲྭའི་འགོ་གཙོ་ཡིན་པས་གྲོང་རྡལ་གྱི་ཁྱིམ་ཚང་ཕྱུག་པོའི་གྲས་སུ་བརྩིས་ཆོག ཟམ་པ་སྲུངམཁན་སྒྲིག་འཛུགས་བྱེད་དུས། གོང་རིམ་གྱིས་ང་རང་ཟམ་པ་སྲུང་མཁན་གྱི་འགན་ཁུར་པ་བསྐོས་པ་ཡིན་ལ། ཟླ་རེར་དམངས་དམག་གཞན་པ་དགུ་དང་འདྲ་བར་གཞི་རྩའི་འཚོ་བའི་ཁ་གསབ་ཕྲན་བུ་ལས་མེད་རུང་། ངའི་ཚིག་གཅིག་ཀྱང་མ་བཤད་པར་དགའ་དགའ་སྤྲོ་སྤྲོའི་ངང་སོང་བ་ཡིན། སྐབས་དེར་མི་ལ་ཤས་ཀྱིས་ང་ལ་གླེན་པ། ལག་ཏུ་བཟུང་བའི་གསེར་གྱི་དཀར་ཡོལ་མི་དགོས་པར་སྐྱིད་ཐང་ལ་བཞག་ནས་སྡུག་ཐོད་ལ་བླངས་པ་རེད་ཟེར། འོན་ཀྱང་ཟམ་ཆེན་དེ་ནི་བོད་རིགས་མི་དམངས་བདེ་སྐྱིད་ལམ་དུ་འཇུག་པའི་འགྲིམ་འགྲུལ་གྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པ་རང་ཉིད་ཀྱིས་ཤེས་པས། རྩ་འཛུགས་ཀྱིས་ཀྱང་ང་རང་འདིར་ཟམ་སྲུང་གི་འགོ་གཙོ་བྱེད་དུ་བཅུག་ལ། སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་རྒྱལ་ཁབ་དང་ཡུལ་མི་ཚོ་ཕྱུག་པོར་འགྱུར་ཐུབ་ཚེ། རང་ཉིད་ཀྱིས་གྱོང་ཅུང་ཙམ་རེག་ཀྱང་རིན་ཐང་ལྡན་པར་འདོད”ཅེས་བབ་ཆགས་དང་བརྟན་བརླིང་གི་སྒོ་ནས་དེ་ལྟར་ལན་བཏབ་བྱུང་།
ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཟམ་སྲུང་སྒྲིག་འཛུགས་དེའི་ནང་གི་མི་སྣ་སྔ་གཞུག་ཏུ་སྐོར་བཅུ་ལྷག་བརྗེས་ལ། དམངས་དམག་བདུན་ཅུ་ལྷག་ཡོད་པའི་ནང་གི་ལ་ལར་ཚིགས་ནད་བྱུང་བ་དང་། ལ་ལར་རླུང་བརླན་རང་བཞིན་གྱི་སྙིང་ནད་བྱུང་མོད། འོན་ཀྱང་སྡུག་སྐད་འདོན་མཁན་དང་ཕྱིར་འཐེན་བྱེད་མཁན་གཅིག་ཀྱང་མེད་པ་འདི་ནི་ཟམ་སྲུང་སྙིང་སྟོབས་རེད།
ཏང་ཡོན་ཚོས་ཐལ་མོ་རྡེབ་ནས་ཟམ་སྲུང་དམག་མི་རྒན་པ་དེར་གུས་བཀུར་ཡི་རང་བྱེད་པའི་བསམ་འདུན་མཚོན་པར་བྱས། ཁྲི་འདུ་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཀྲོའུ་ཚུན་ཞའོ་ཡིས་བཤད་རྒྱུར།“ངས་གནས་འདི་གར་བྱ་བ་བསྒྲུབས་ནས་ལོ་མང་པོ་ཕྱིན་མོད། དེ་རིང་ཐེངས་དང་པོར་ཟམ་སྲུང་སྙིང་སྟོབས་དང་ཟམ་སྲུང་དམག་མིའི་གཏམ་རྒྱུད་ལ་རྒྱུས་ལོན་ཞིབ་མོ་བྱས་པས་དངོས་གནས་ཕན་པ་མི་ཉུང་བ་ཞིག་དང་མྱོང་ཚོར་མང་པོ་བྱུང་། དགེ་རྒན་ཡོན་ཏན་གྱི་གཏམ་རྒྱུད་ཀྱིས་ང་ཚོར་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན། གསར་གཏོད་ཅན་བཅས་ཀྱི་གློག་ཤུགས་མི་སྣ་ཞིག་བྱེད་པར་བརྩོན་ལེན་བྱས་ནས་ཕུགས་བསམ་དང་དད་མོས། དམིགས་ཡུལ་བཅས་ཀྱི་རྨང་གཞི་ཇེབརྟན་དུ་བཏང་ནས། ཏང་ཞེས་པའི་ཡིག་འབྲུ་འདི་སེམས་ཀྱི་གཏིང་དུ་ཉར་དགོས་པའི་སྐུལ་མ་བཏང་སོང”ཟེར།
ཏང་གི་སློབ་ཁྲིད་མཇུག་རྫོགས་རྗེས། ཡོན་ཏན་གྱིས་ཚང་མ་ཁྲིད་ནས་ཟམ་སྲུང་གི་སོ་ལྟ་ཁང་དུ་ཕྱིན། མུས་གྲུ་བཞི་མ་ལྔ་མི་ལོན་པའི་དམངས་དམག་ཟམ་སྲུང་གི་སོ་ལྟ་ཁང་དུ་ཚང་མས་མཉམ་དུ་འབྲེལ་ཡོད་གཟི་བརྗིད་དཔང་ཡིག་དང་ལས་སྒྲུབ་འདྲ་པར། ཚགས་པར་དང་དུས་དེབ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ནན་གྱིས་བལྟས། དམངས་དམག་སོ་ལྟ་ཁང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཚོ་བའི་གནས་ཚུལ་ཕྲན་བུ་དག་དངོས་བོ་རྙིང་པ་དེ་དག་ལས་གསལ་བོར་མངོན་ཞིང་། དེ་དག་ནི་རླབས་ཆེན་གྱི་དཔང་རྟགས་ཤིག་རེད།
གནས་དེ་གར་ཡོན་ཏན་གྱིས་སླར་ཡང་ཚང་མར་འགན་སྒྲུབ་སྐོར་གཡེང་དང་ལྐོག་འཚོང་ལ་ཞིབ་བཤེར་བྱས་པ། མི་ཧྲང་རྒན་རྒོན་ལ་རོགས་སྐྱོར་བྱས་པ་སོགས་མི་སེམས་འགུལ་བའི་འདས་དོན་རེ་རེ་བཞིན་བཤད།
ཁྲི་འདུ་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་ཆོས་བདེ་ཡིས་བཤད་རྒྱུར།“ང་ཚོས་འབྲི་ཆུའི་འགྲམ་རྒྱུད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དང་གཏམ་རྒྱུད་དག་སྔོག་འདོན་བྱས་ཏེ་གནད་གཅིག་ནས་ཁྱོན་ཡོངས་ལ་བསྒྱུར་ཏེ། བརྙན་རིས་དང་པར་རིས། ཡིག་རིགས་སོགས་ཀྱི་དཔྱད་གཞི་སྣ་ཚོགས་རྒྱུན་ཆད་མེད་པར་འཚོལ་སྡུད་བྱས་ནས་འདི་རུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་རིག་གནས་ཀྱི་སློབ་གསོའི་རྟེན་གཞི། ཏང་གཤིས་སློབ་གསོའི་རྟེན་གཞི་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སློབ་གསོའི་རྟེན་གཞི་ཞིག་བསྐྲུན་ནས་ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་མི་གླེང་བ་དང་། ཉེ་འགྲམ་གྱི་དོན་གྱིས་ཉེ་འགྲམ་གྱི་མིར་སློབ་གསོ་བཏང་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱས་སློབ་སྦྱོང་བྱེད་དུ་བཅུག་སྟེ་ཏང་གི་བཀའ་དྲིན་ཚོར་དུ་འཇུག་རྒྱུ་ཡིན”ཟེར།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་པད་མཚོ།