མདོ་འཛིན་པ། ཉན་མཁན་རྣམ་པ།ཐེངས་འདིའི་བརྩོན་པའི་རྔུལ་ཆུས་ལོ་བརྒྱའི་ལམ་བུ་བསྐྲུན། རྒྱང་སྐྱོད་གསར་བའི་སྒོ་མོ་ངང་གིས་འབྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བསམ་འདུམ་ཏང་ལ་བཅོལ།འགན་འཁྲི་ཕྲག་ཏུ་ཁུར། ཞེས་པ་དེ་གཏང་རྒྱུ་ཡིན་པས་རྣམ་པ་ཚོས་ཞིབ་ཏུ་ཉན་རོགས།
གསར་འགོད་པས་བུམ་པ་སྡེ་བའི་ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ་ལས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
མདོ་འཛིན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་གུང་ཧོ་རྫོང་ནས་ནུབ་བྱང་ཕྱོགས་ཀྱི་ཤ་ལ་ཞེས་པའི་རི་ལམ་དེ་བརྒལ་ནས་བསྐྱོད་ན།མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་འགྲམ་རྒྱུད་དུ་སླེབས་ཐུབ། སྤྱིར་ནམ་ཟླ་དབྱར་ལ་སླེབས་ཡོད་པའི་དབང་དུ་བཏང་ན། མཐོ་སྒང་གི་མུ་ཏིག་ཏུ་གྲགས་པའི་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ཁ་ཞེང་དང་དཀྱེལ་ཡངས་ཀྱིས་མི་རྣམས་ཀྱི་སེམས་སུ་དབུགས་དབྱུང་གི་ཁྲུས་གསོལ་ཐེངས་ཤིག་བྱེད་སྲིད་ནའང་། ཏག་ཏག་སྐབས་འདི་ནི་དཔྱིད་ཟླ་གསུམ་པར་འཁེལ་འདུག་པས་མཐོ་སྒང་གི་ནམ་ཟླ་ནི་ལྟོས་བཅས་ཀྱིས་ཅུང་འཁྱགས་ཤིང་། ལྷག་པར་དུ་ཉིན་འདི་ཚོར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་བྱེ་རླུང་གི་ནམ་ཟླའི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་སྐབས་དང་འཁེལ་འདུག་པས།རྒྱང་རིང་ནས་བལྟས་ན་གཡུ་ཡི་མེ་ལོང་ཞིག་དང་འདྲ་བའི་མཚོ་མོའི་མཛེས་པ་དེ་རོལ་མྱོང་ཐེངས་གཅིག་བྱེད་པའི་གོ་སྐབས་ཤིན་ཏུ་ཉག་ཕྲ་བར་གྱུར། མཚོ་འགྲམ་བརྒྱུད་ནས་འགྲོ་དུས་མཚོ་མོའི་ཁ་ཞེང་ཧྲིལ་པོ་སང་རས་དཀར་པོ་ཞིག་དང་འདྲ་བའི་འཁྱགས་དར་སྲབ་མོ་ཞིག་གིས་ཡོངས་སུ་བཀླུབས་འདུག་པ་ནི་བྱེ་རླུང་གི་ནམ་ཟླ་བཙོག་པ་འདིའི་ཤུགས་རྐྱེན་འགོག་པ་དང་འདྲ་ཞིང་། རྒྱང་རིང་ནས་འཕུར་འོངས་སྔ་བའི་ངང་ངུར་སོགས་མིང་མི་ཐོགས་པའི་བྱ་རིགས་མང་པོ་ཞིག་གིས་མཚོ་མོའི་མཁའ་དབྱིངས་སུ་འཕུར་ལྡིང་མངོན་པར་གཡོ་ཞིང་གསུང་སྐད་སྣ་ཚོགས་སྒྲོག་བཞིན་མཚོ་མོའི་དར་ཁ་འབྱེད་པར་རེ་སྒུག་བྱེད་ཀྱིན་འདུག ང་ཚོས་ཀྱང་གོས་དཀར་གྱི་ལྭ་བ་ལྟ་བུའི་འཁྱགས་དར་སྲབ་མོ་དེའི་འོག་གི་མཚོ་མོའི་ཁ་ཞེང་དང་རླབས་སྒྲ་ལ་སེམས་ཀྱིས་ཉན་ཞོར་མུ་མཐུད་དུ་ཐེངས་འདིའི་བཅར་འདྲི་ས་ཚིགས་རྟ་ནག་མའི་ཕྱོགས་སུ་བསྐྱོད་པ་ཡིན།
ང་ཚོ་རྟ་ནག་མ་གྲོང་རྡལ་དུ་ཐོན་དུས་བྱེ་རླུང་གི་ནམ་ཟླའི་ཤུགས་རྐྱེན་འོག རྩྭ་ཐང་གི་གྲོང་རྡལ་ཆུང་ཆུང་དེ་སྨུག་པ་སྲབ་མོ་ལྟ་བུ་ཞིག་གིས་ཡོངས་སུ་བསྒྲིབས་འདུག་ལ་གྲང་ངར་ཤིན་ཏུ་ཆེ་བར་འདུག་པས་དཔྱིད་དུས་སུ་ཐོན་པའི་ཉམས་སྣང་ཅི་ཡང་མི་འདུག ཡིན་ནའང་མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་། རྟ་ནག་མ་གྲོང་རྡལ་བཅས་ས་གནས་སྲིད་གཞུང་གི་འབྲེལ་ཡོད་མི་སྣའི་བཀོད་སྒྲིག་ཞིབ་མོའི་འོག རྟ་ནག་མ་གྲོང་རྡལ་སྲིད་གཞུང་དུ་ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ་དང་ཐོག་མར་འཕྲད་ཅིང་།མི་རྒན་པའི་གཏམ་ལ་ཉན་རྒྱུ་ཡོད་ཅེས་པ་ནང་བཞིན་ཁོ་དང་ཁ་བརྡ་བྱས་པའི་བརྒྱུད་རིམ་ཁྲོད།འཇིག་རྟེན་གསར་རྙིང་གཉིས་ལ་མཁས་པའི་ཏང་ཡོན་རྒན་པ་འདིས་ངའི་སེམས་རྩ་རིམ་བཞིན་དྲོད་ཀྱིས་ཁེངས་པར་བྱས་ལ།དེ་དང་བསྟུན་ནས་ང་ལ་མི་སྣའི་ཆེད་དོན་བཅར་འདྲིའི་སྐོར་གྱི་ལེ་ཚན་ཞིག་བསྒྲུབ་རྒྱུའི་ཀུན་སློང་ཞིག་ཀྱང་ངང་གིས་སྐྱེས། ཡིན་ནའང་ཐེངས་འདིའི་དུས་ཚོད་ཀྱི་བྲེལ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཨ་ཁུ་ཀ་བོ་དང་མཉམ་གཤིབ་མཉམ་བགྲོ་བྱེད་པའི་དུས་ཡུན་ཤིན་ཏུ་ཐུང་བའི་སྟབས་ཀྱིས། ད་ལོ་ལོ་ན་དོན་གསུམ་ལ་སོན་པའི་རྒན་པོ་ཁོང་ཏང་ནང་དུ་ཞུགས་ནས་ལོ་ངོ་ཞེ་དགུ་འགོར་བའི་རིང་གི་སྐྱིད་སྡུག་འདྲེས་མའི་མི་ཚེ་འཚོ་བ་དང་།གསོན་ཉམས་ལྡན་ལ་མི་སེམས་སྒུལ་བའི་གཏམ་རྒྱུད་མང་པོ་ཞིག་ལྷན་རྒྱས་ཀུན་ལ་མཉམ་སྤྱོད་བྱེད་རྒྱུའི་གོ་སྐབས་ཕྲ་ནའང་། དུས་ཚོད་ཐུང་ངུའི་ནང་ཨ་ཁུ་ཀ་བོ་དང་འབྲེལ་འདྲིས་བྱས་པའི་གནས་ཚུལ་རགས་བསྡུས་ཤིག་འདི་ནས་མགོ་བརྩམས་པ་ཡིན་ཏེ། ཨ་ཁུ་ཀ་བོ་ནི་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་ཡིན་ལ་ད་ལོ་ལོ་ན་དོན་གསུམ་ལ་བུད་ཡོད་ཀྱང་། ད་དུང་ལུས་ཟོར་ཡང་ཞིང་རིག་པ་ཤིན་ཏུ་གསལ་བའི་རྒན་པོ་ཞིག་ཡིན་ལ། གཏམ་བཤད་པའི་ཚེ་ན་རིག་ལམ་གསལ་ཞིང་བརྗོད་པ་ཤིན་ཏུ་དག་པས་ང་ཚོར་ཉན་སྤྲོ་ཞིང་གོ་བདེ་བའི་སྣང་བ་ཞིག་དབང་མེད་དུ་སྟེར་གྱི་འདུགགཅིག་སྟོང་དགུ་བརྒྱ་དོན་གཉིས་ལོ་སྟེ་ཨ་ཁུ་ཀ་བོ་ཏང་ནང་དུ་ཞུགས་པའི་སྐབས་སུ། ཁོ་རང་ལོ་ན་ཉི་ཤུའི་ནང་དུ་ཡོད་པའི་ན་གཞོན་ཞིག་ཡིན་ནའང་། ཁོ་ནི་འདས་མ་ད་གསུམ་ལ་སྔ་འདང་ཕྱི་འདང་གསལ་བོར་རྒྱག་ཤེས་མཁན་ཞིག་ཡིན་པས།སྐབས་དེར་ཁོ་ལ་མཚོན་ན་མ་འོངས་འཚོ་བར་དམིགས་ཡུལ་ཅི་ཡང་མེད་པར་ཏང་ནང་དུ་ཞུགས་པ་ཞིག་གཏན་ནས་མིན་ཏེ། སྐབས་དེར་ཁོས་ནམ་རྒྱུན་དུ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྡུག་གི་ལོ་ཟླའི་བརྒྱུད་རིམ་ལ་ཞིབ་ཏུ་རྒྱུས་ལོན་བྱེད་མྱོང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་མ་འོངས་པའི་རླབས་ཆེ་བའི་ཁ་ཕྱོགས་ནི་ཁོ་དང་ཁོ་ལྟ་བུའི་ན་གཞོན་ཕུགས་འདུན་ཅན་དག་གི་གདམ་གསེ་ཀྱི་ཁ་ཕྱོགས་ཡང་དག་པ་དེ་ཡིན་པ་གསལ་བོར་རྟོགས་ནས་ཡི་རང་དང་སྤྲོ་དགའི་ཁྲོད་ནས་ཏང་ནང་ལ་ཞུགས་པ་ཞིག་རེད། ཨ་ཁུ་ཀ་བོས་ཁ་བརྡ་བྱེད་པའི་ཁྲོད་དུ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་འདས་ཟིན་པའི་ལོ་རྒྱུས་རགས་རིམ་ཞིག་ཆུ་བཞུར་བཞུར་ངང་བཤད་བྱུང་བས་ཁོ་ནི་སྤྱིར་བཏང་གི་འབྲོག་པ་རྒད་པོ་ཞིག་ཡིན་པའི་ཆ་ལ་བསམས་ན་དངོས་ནས་ཡི་རང་བྱེད་དགོས་པ་ཞིག་བྱུང་སོང་།བཅར་འདྲི་དངོས་ཀྱི་བརྒྱུད་རིམ་ཁྲོད་དུ་སྤྱིར་བཏང་གི་ཏང་ཡོན་རྒན་པ་དེས་ཚིག་གསུམ་བསྡུ་མའི་སྒོ་ནས་སྤྱིར་བཏང་མ་ཡིན་པའི་སྐད་ཆ་ཐུང་ངུ་ཞིག་འདི་ལྟར་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་ཕུལ་བྱུང་།
ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ།ད་ལོ་ཡིན་ན་རླབས་ཆེན་གྱི་ཏང་འདི་བཙུགས་ནས་ལོ་བརྒྱ་འགོར་བའི་ལོ་རེད།དེས་ན་ལོ་ངོ་བརྒྱ་བོ་འདི་ནི་རང་དགར་འདས་པ་ཞིག་མིན་པར་རླབས་ཆེ་བའི་ཏང་གིས་དཀའ་ཚེགས་དང་ཀྱག་ཀྱོག་གི་བརྒྱུད་རིམ་ཤིན་ཏུ་མང་པོ་ཞིག་བརྒྱུད་དེ་ཡོང་བ་རེད།ད་ལྟ་ཡང་རང་གིས་ཏང་གི་འདས་ཟིན་པའི་ལོ་རྒྱུས་བཤུད་ལམ་ལ་རྒྱང་ལྟ་བྱས་ན།ཏང་གིས་ལོ་ངོ་བརྒྱ་ཡི་རིང་ལ་དཀའ་བ་ཁྱད་གསོད་ཀྱིས་མི་རིགས་ང་དྲུག་གི་སྣེ་ཁྲིད་བཞིན་ཡོང་བར་བསམས་ན་ཏང་འདི་ནི་དངོས་གནས་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་རེད།
མདོ་འཛིན་པ། གོ་ཐོས་ལྟར་ན་ཨ་ཁུ་ཀ་བོ་ནི་ལོ་ན་ཆུང་ངུའི་དུས་ནས་བཟུང་དོན་དག་ཅི་ཞིག་སྒྲུབ་དུས་ཀྱང་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲུབ་མཁན་ཞིག་ཡིན་ཏེ། སྤྱིར་ན་ཁོ་རང་ཏང་ནང་དུ་ཞུགས་པའི་སྐབས་དེར་ཕོ་ལོ་ཉི་ཤུའི་ནང་ན་ཡོད་པའི་གཞོན་ནུ་ཞིག་ཡིན་ཀྱང་། ཁོ་ཏང་ནང་ལ་ཞུགས་པའི་དམིགས་ཡུལ་དང་འདུན་པ། ཏང་ལ་ཞུགས་པའི་ལོ་ཚིགས་བཅས་ནི་ཤིན་ཏུ་གསལ་བོ་ཡིན་ཏེ།
ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ།ང་རང་ཏང་ནང་དུ་ཞུགས་པའི་ལོ་དེ་གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོ་རེད།སྐབས་དེར་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཁག་གཞན་པ་དག་དང་མི་འདྲ་སྟེ།སྔོན་ཆད་བཙན་གནོན་དང་བཤུ་གཞོགཁ་འཐོར་གྱི་རྣམ་པའི་སྤྱི་ཚོགས་དེ་ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་བསྡུས་སྒོས་སྣེ་ཁྲིད་བྱས་པ་དེས་རང་ཉིད་ལ་ཡིད་ཆེས་དང་རེ་བ་བསྩལ་སོང་།གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འདུན་དུ་བསྐྱོད་བཞིན་ཡོད་པ་དང་།གྲུང་གོ་གུང་ཁྲན་ཏང་ནི་སྐབས་དེར་ཀྲུང་གོའི་ལས་ཁུངས་སོ་སོའི་སྒྲིག་གཞིའི་ཁྲོད་རིམ་པ་མཐོ་ཤོས་རེད།སྐབས་དེར་ང་རང་ཉིད་ཀྱང་ན་གཞོན་མང་པོའི་ཁྲོད་དུ་བསམ་བློ་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད་པས་ཏང་རྩ་འཛུགས་ཀྱིས་ཏང་ནང་དུ་ཞུགས་རྒྱུར་སྐུལ་སློང་བྱས་པ་ནང་བཞིན།རང་ཉིད་ཀྱིས་ཀྱང་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུས་ཏེ།ཏང་རྩ་འཛུགས་ཀྱི་ཚོགས་འདུའི་སྟེང་དུ་ཡིད་ཆེས་དང་སྤྲོ་དགའི་སྒོ་ནས་ཏང་ནང་དུ་ཞུགས་པ་ཡིན།
མདོ་འཛིན་པ། དེ་ལྟར་ཨ་ཁུ་ཀ་བོའི་བསམ་བློ་དང་བྱ་སྤྱོད་གང་ཅིའི་ཐད་ནས་ཀྱང་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞིར་སླེབས་ཏེ། ཏང་གི་དར་ཆ་དམར་པོའི་འོག་ཏུ་གཟི་བརྗིད་ལྡན་པའི་སྒོ་ནས་ཏང་ནང་ལ་ཞུགས་ཐུབ་སོང་བ་ནི།ཁོ་ལ་མཚོན་ན་ཁོའི་མི་ཚེའི་འཚོ་བའི་ཁྲོད་དུ་ཡུན་རིང་འཚོལ་སྙེག་བྱས་པའི་གདམ་གསེས་དེ་མངོན་འགྱུར་བྱུང་བ་ཡིན་ལ། ཡང་གཅིག་བཤད་ན་ཁོའི་མི་ཚེའི་རིང་མོའི་ཁྲོད་ཀྱི་དཀའ་སྡུག་དང་དགའ་སྐྱོ་ཆགས་སྡང་འདྲེས་མའི་འགྲུལ་བཞུད་གསར་བ་ཞིག་གི་མགོ་ཡང་འདི་ནས་ཐོག་མར་བརྩམས་པས། ཁོའི་འཚོ་བའི་བརྒྱུད་རིམ་རིང་མོའི་ཁྲོད་གུང་ཁྲན་ཏང་ཡོན་ཞིག་གིས་བླ་ན་མེད་པའི་བདག་པས་གཞན་གཅེས་ཀྱི་རླབས་ཆེན་བསམ་བློར་བརྟེན་ནས།མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་པའི་ཡིད་དུ་འོང་ལ་མི་སེམས་འགུལ་བའི་གཏམ་རྒྱུད་ཤིན་ཏུ་མང་ཞིང་། གཏམ་རྒྱུད་དེ་དག་གི་ཁྲོད་ཀྱི་དོན་དག་རེ་འགའ་ཞིག་ད་ལྟ་ཡང་ཁོའི་སེམས་ན་གསལ་གྱིལ་ལེར་ཡོད་དེ།
ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ།དེ་ནས་ང་རང་ཏང་གི་ནང་དུ་ཞུགས་རྗེས་སུ།སྐབས་དེར་སྤྱི་ཚོགས་འཚོ་བའི་རྣམ་པའི་ཆ་ནས་ཡར་རྒྱས་ཆེན་པོ་བྱུང་མེད་པས་འགྲུམ་འགྲུལ་སོགས་ཀྱང་ཤིན་ཏུ་སྟབས་བདེ་མིན།ཡིན་ནའང་རང་ཉིད་ནི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི་ཁྲོད་དུ་གཞན་ལ་ན་ཚ་འདྲ་བྱུང་དུས།རང་གི་ལུས་ཤུགས་ལ་བརྟེན་ནས་རྒྱང་ཐག་རིང་བོའི་སྨན་ཁང་དུ་ཐེངས་མང་པོར་ཁུར་ནས་འགྲོ་མྱོང་བ་དང་།ཐོན་སྐྱེད་རུ་ཁག་གི་འཚོ་བའི་ཡོ་བྱད་རྣམས་རྟ་དང་གཡག་ལ་བཀལ་ནས་རྒྱང་ཐག་རིང་བོར་སྐྱེལ་འདྲེན་བྱས་པ།ལྷག་པར་དུ་ཐོན་སྐྱེད་རུ་ཁག་གི་ངལ་རྩོལ་བའི་ཁྲོད་ཀྱི་ན་ཚ་བྱུང་བའི་ནད་པ་རྣམས་ཀྱི་ལས་ཀ་དེ་མ་སྐུལ་དང་བླངས་སྒོས་རང་ཉིད་ཀྱིས་ལས་པ།དེ་མིན་གཞན་བྱ་བ་སྣ་ཚོགས་ཀྱི་དབང་གིས་ད་དུང་ཉིན་རྒྱུག་མཚན་རྒྱུག་བྱེད་དགོས་སའི་དོན་དག་ཀྱང་མང་པོ་ཞིག་ཡོད།རང་གིས་བསྒྲུབས་པའི་དོན་དག་འདི་དག་ཚང་མ་ནི་རང་ཉིད་ཏང་ལ་ཞུགས་རྒྱུའི་ཐོག་མའི་བསམ་འདུན་དེ་ཁོ་ནའི་ཆེད་དུ་ཡིན།
མདོ་འཛིན་པ། དུས་ཚོད་གཅིག་ཙམ་གྱི་རིང་དུ་ཨ་ཁུ་ཀ་བོ་དང་ཁ་བརྡ་བྱས་པའི་བརྒྱུད་རིམ་ཁྲོད། ཏང་ཡོན་རྒན་པ་ཁོ་ལ་འདི་དང་འདི་འདྲ་བའི་ཡིད་དབང་འགུག་པའི་གཏམ་རྒྱུད་མང་པོ་ཞིག་ད་དུང་མུ་ནས་མུ་རུ་བཤད་རྒྱུ་ཡོད་ནའང་། ལམ་ཐག་རིང་བ་སོགས་ཀྱི་དབང་གིས་གསར་འགོད་པའི་ལམ་གྱི་དུས་ཚོད་ནི་ནམ་ཡང་ཅུང་བྲེལ་བ་ཆེ་བའི་དབང་གིས་བཅར་འདྲི་འདི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ།ཏང་ཡོན་རྒན་པ་ཨ་ཁུ་ཀ་བོས་མུ་མཐུད་དུ་རང་གི་སེམས་གཏམ་དྲོན་མོ་ཞིག་འདི་ལྟར་བཤད།
ཏང་ཡོན་རྒན་པ་ཨ་ཁུ་ཀ་བོ།ཏང་གི་ནང་དུ་ཞུགས་རྗེས་སུ་ངས་ནམ་ཡིན་ཡང་ཕྱིན་ཆད་ཀྱི་བྱ་བ་ནི་བཟང་བོ་ཞིག་ཡོང་རྒྱུ་དང་ཏང་ནི་ནམ་ཡང་ཡིད་ནས་མི་བརྗེད་པར་རང་གི་ཡོད་ཚད་ཏང་གི་ཆེད་དུ་འབུལ་བའི་དམ་བཅའ་ཡོད།རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་མཚོན་ན་ད་ལྟ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་།ད་ལྟ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་བཅུ་བཞི་ཡོད་པའི་མི་རིགས་ང་དྲུག་གི་སྣེ་ཁྲིད་དེ།འཆམ་མཐུན་འབྱོར་འབྲིང་གི་སྤྱི་ཚོགས་ཕྱོགས་སུ་སྐྱོད་བཞིན་པ་མཐོང་ཚེ་རང་གི་སེམས་སུ་སྔར་ལས་ཀྱང་ཏང་འདི་ནི་རླབས་ཆེ་ཞིང་དྲིན་ཆེ་བ་གསལ་བོར་རྟོགས་ཡོད།དེ་ཡིན་ན་ད་ལྟ་རང་ཉིད་ནི་ལོ་བདུན་ཅུ་དོན་གསུམ་ལ་སོན་ཡོད་ཀྱང་མུ་མཐུད་དུ་ཏང་གི་བཀའ་དྲིན་བསམས་ཏེ་ཏང་གི་བྱ་བ་སྣ་ཚོགས་ལ་ཧུར་བརྩོན་བྱེད་རྒྱུ་ཡིན།
མདོ་འཛིན་པ།བརྩེ་ལྡན་གྱི་ཉན་མཁན་རྣམ་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་བན་དེ་སྐྱབས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བསམ་འདུན་ཏང་ལ་བཅོལ།འགན་འཁྲི་ཕྲག་ཏུ་ཁུར་ཞེས་པ་དེ་ཡིན།ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།
གསར་འགོད་པ་དང་རྩོམ་སྒྲིག་པ། གཡང་འབུམ་རྒྱལ། བན་དེ་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།