ཡུན་ཐུང་མི་ཚེའི་ནང་དུ་དམངས་ལ་དོན་དངོས་མང་པོ་བསྒྲུབས།
2021.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 230

 — རྨ་སྟོད་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བསོད་ལྷ་ཡི་གནས་ཚུལ་བཀོད་པ།

ལོ་ངོ་ཉེར་བདུན་གྱི་ཡར་སྔོན་ཞིག་སྟེ་བསོད་ལྷ་ལོ་ན་བཅུ་གཉིས་སོན་པའི་ལོ་དེར།  ཚེ་གང་བོར་བྲེལ་འཚུབ་ཆེ་བའི་ཁོ་མོའི་ཕ་རྒན་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་བར་དུ་རླངས་འཁོར་ལ་དོན་རྐྱེན་བྱུང་ནས་གཞུང་དོན་ཏུ་ཚེ་ལས་འདས་སོང་བ་དང་། དུར་ལས་བྱེད་པའི་ཉིན་དེར། ཕྱོགས་བཞི་མཚམས་བརྒྱད་ཀྱི་མང་ཚོགས་རྣམས་སྤྱི་ལེ་བཅུ་ལྷག་གི་ཆོད་པའི་སར་ནས་གནས་དེར་ཡོང་སྟེ། དཔའ་བོ་ཇི་བཞིན་ཁོ་མོའི་ཕ་རྒན་ལ་སྐྱེལ་མ་མཛད།

2021ལོའི་ཟླ10བའི་ཚེས11ཉིན། བསོད་ལྷས་ནམ་རྒྱུན་དང་འདྲ་བར་གཞུང་སྒྲུབ་ཁང་དུ་མཚན་མོའི་དུས་ཚོད11བར་དུ་གཞུང་དོན་གཉེར་སྟབས། མགོ་བོ་ན་ནས་བསྲན་མི་ཐུབ་པའི་གནས་སུ་གྱུར་པས་ཕྱིར་རང་ཁྱིམ་དུ་སྨན་ལེན་དུ་མི་འགྲོ་ཐབས་མེད་བྱུང་། ཁོ་མོ་རང་ཁྱིམ་དུ་ཐོན་མ་ཐག་ཅི་ཡིན་འདི་ཡིན་མེད་པར་མགོ་ཡུམ་འཁོར་ནས་ས་རུ་འགྱེལ་སོང་བ་དང་། ཟླ10བའི་ཚེས14ཉིན་བསོད་ལྷ་སྨན་ཁང་དུ་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་སོང་བ་དང་། སྐབས་དེར་ཁོ་མོ་ལོ39རེད།

གུང་ཁྲན་ཏང་མིའི་མི་རབས་གཉིས་ཏེ་བསོད་ལྷ་དང་ཁོ་མོའི་ཕ་རྒན་གཉིས་ཀྱིས་དཀའ་སྡུག་མྱངས་ཐུབ་པ་དང་འཐབ་རྩོད་བྱེད་ཕོད་པ། བཟོད་སྒོམ་བསྲན་ཐུབ་པ། མཐུན་སྒྲིལ་བྱེད་ཐུབ་པ། བྱས་རྗེས་སྐྲུན་ཐུབ་པ་བཅས་ཀྱི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་ལྷུར་ལེན་བྱས།

                                          སློབ་སྦྱོང་བྱེད་བཞིན་པའི་བསོད་ལྷ།


 བསོད་ལྷ(གཡོན་གྱི་གཉིས་པ)འཚོ་བཞུགས་སྐབས་སུ། རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་རོགས་སྦྲེལ་ཅིར་མན་ན་སྡེ་བས་གོས་དར་ཕུལ་ནས་བཀའ་དྲིན་ཞུས།

ཆེས་མཐའ་མཇུག་གི་ལས་ཀ་ནི་ནམ་གུང་དུས་ཚོད11སྟེང་ཡུལ་དངོས་ལྟ་སྐུལ་གྱི་ལས་དོན་སྒྲུབ་པར་མཁོ་བའི་གྲོས་གཞི་གལ་ཆེན་དག་སྒྲིག་བྱེད་པ་དེ་ཡིན།

ཆེས་མཐའ་མཇུག་གི་ཁ་པར་ནི་ཕྱི་ཉིན་གྱི་ལས་ཀའི་ཁྲོད་མཐུན་སྦྱོར་བྱེད་དགོས་པའི་དོན་དག་གལ་ཆེན་དག་བཤད་རྒྱུ་དེ་ཡིན།

ཆེས་མཐའ་མཇུག་གི་མཁྲེགས་འཛིན་ནི“སྐྱོན་མེད། ངས་ད་དུང་བསྲན་ཐུབ། ཅུང་ཟད་བསྲན་པས་ཆོག”ཅེས་པ་དེ་རེད།

སུས་ཀྱང་ཡིད་ལ་མ་ཤར་བ་ཞིག་ནི། ལས་ཀའི་དུས་ཡུན་རིང་དྲགས་ཏེ་ངལ་དུབ་ཀྱི་དབང་གིས་གློ་བུར་དུ་ཀླད་ཁྲག་ཤོར་བའི་ཁོ་མོ་སར་འགྱེལ་བ་ནས་སླར་ལངས་མ་ཐུབ་པར་གྱུར་པ་དེ་རེད།……

2021ལོའི་ཟླ10པའི་ཚེས11ཉིན།  ལོ39ཡིན་པའི་རྨ་སྟོད་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བསོད་ལྷ་ལགས་ནི་ཁོ་མོས་མི་ལོ16རིང་བརྟན་སྲུང་བྱས་ནས་ཡོང་བའི་ལས་རྐང་དུ་ཚེ་ལས་འདས་སོང་།

ལས་ཁུངས་ནང་གི་བུ་མོ་མཛངས་མ་དང་།   སྡེ་བའི་མིག་ནང་གི་མནའ་མ་བཟང་མོ། དབུལ་ཕོངས་བྱིས་པ་རྣམས་ཀྱི་ཨ་ཅེ་ངོ་མ།  བོད་རིགས་མང་ཚོགས་ཀྱི་བུ་མོ་བཟང་མོ་འདིས། ཁོ་མོའི་ཨ་ཕ་དང་འདྲ་བར་མི་ཚེ་ཐུང་ངུར་གུང་ཁྲན་ཏང་ཡོན་གྱི་ཕངས་པ་མེད་པའི་བསྟོད་གླུ་ཞིག་བརྩམས་ཡོད།

ཨ་ཕ་ལྟ་བུའི་མི་ཞིག་བྱེད་དགོས།

1982ལོའི་ཟླ1པོར། བསོད་ལྷ་རྨ་སྟོད་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཨ་མ་ནི་ཞིང་སྡེའི་སྨན་པ་ཞིག་ཡིན་ལ། ཨ་ཕ་ནི་དམངས་སྲིད་ལས་བྱེད་པ་ཞིག་ཡིན། བསོད་ལྷས་བསམ་ཤེས་པ་ནས་བཟུང་ཨ་ཕ་ནི་ནམ་རྒྱུན་ཁོམ་ལོང་བྲལ་ཞིང་། ཡུལ་དངོས་དང་པོར་འགྲོ་བ་མིན་ན་གཞི་རིམ་དུ་སྐྱོད་པའི་ལམ་དུ་ཡོད་པ་ཤེས་ཡོད།

བསོད་ལྷ་ལོ12ཡིན་པའི་སྐབས་སུ། ཨ་ཕ་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་ཁར་རླངས་འཁོར་དོན་རྐྱེན་བྱུང་ནས་གཞུང་དོན་གྱི་ཆེད་དུ་གཤེགས་སོང་། སྐར་མའི་ཉིན་མོ་དེར། ཕྱོགས་ཡར་མར་གྱི་མང་ཚོགས་རྣམས་ལམ་ཐག་རིང་པོ་ནས་ཡོང་སྟེ་ཨ་ཕ་དཔའ་བོ་ཞིག་ལྟར་སྐྱེལ་མ་བྱས་སོང་།

བསོད་ལྷ་ནི་ཨ་ཕ་འདས་པའི་སྐྱོ་སྡུག་གི་ཁྲོད་ནས་ནར་སོན་ཞིང་། ཨ་ཕའི་གཏམ་རྒྱུད་ཀྱི་ཁྲོད་ནས་ཨ་ཕ་ལྟ་བུའི་ལྷག་བསམ་གྱི་ལས་བྱེད་པ་ཞིག་གིས་རྣམ་ཐར་བསྐྱང་ནས། འབྲོག་པ་མང་ཚོགས་རྣམས་གནོད་འཚེ་དང་དཀའ་སྡུག་ལ་འཕྲད་དུས་ཇི་ལྟར་འགན་འཁྲི་ཁུར་དུ་བླངས་ཤིང་། དཀའ་བའི་ལ་མོ་བརྒལ་ཞིང་ཚེགས་ཀྱི་ཆར་རླུང་འགམས་ནས་ཁོ་ཚོའི་སྐྱིད་སྡུག་གི་དཔུང་གྲོགས་བགྱིས་པ་ཡུན་གྱིས་རྟོགས་པར་གྱུར།

དེའི་སྟབས་ཀྱིས། བསོད་ལྷས་ཆུང་དུས་ནས་བཟུང་ཨ་ཕ་ལྟ་བུའི་འཁུར་སེམས་ལྡན་ཞིང་མང་ཚོགས་ཀྱིས་ཡིད་རྟོན་རུང་བའི་མི་ཞིག་བྱེད་དགོས་སྙམ་པའི་བསམ་བློའི་མྱུ་གུ་དེ་སེམས་སུ་བཏབ་ཡོད།

བསོད་ལྷ་ལགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་དང་།  2005ལོར་བྱ་བར་ཞུགས་ཤིང2007ལོར་གཟི་བརྗིད་ལྡན་པའི་ངང་ནས་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། སྔ་རྗེས་སུ་རྨ་སྟོད་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་སློབ་གསོ་ཚན་རིག་ཅུས་བཅས་སུ་བྱ་བ་བསྒྲུབས་མྱོང་།

རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། བསོད་ལྷ་ལགས་ཀྱིས་རྒྱལ་ཁབ་ཀྱི་གཞུང་ཞབས་པར་རྒྱུགས་འཕྲོད་ཅིང་། དྲུང་ཡིག་མི་སྣ་ཞིག་ནས་ལས་སྒོའི་རྐང་འཛིན་པ་ཞིག་ཏུ་གྱུར་པ་དང་། ཕྱིས་སུ་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་དུ་ལས་གནས་སྤར། ལས་གྲོགས་ཚོས་བཤད་ན། བསོད་ལྷའི་ལུས་སྟེང་ནས་ཞུམ་པ་མེད་པའི་གདེངས་ཤིག་མཐོང་ཐུབ་ཅིང་། ལས་རྐང་གང་ཞིག་ཏུ་ཡོད་ཀྱང་ཁོ་མོས་བླ་ལྷག་གིས་གཅེས་འཛིན་དང་ནན་ནན་ཏིག་ཏིག་བྱེད་པ་ཡིན་ལ། བྱ་བ་གང་ཞིག་ཡིན་རུང་ཡོད་ཚད་བློ་བདེ་མོས་ཁོ་མོར་སྤྲད་ཆོག་ཟེར།

             སེམས་འདུན་གྱང་ངོས་སུ། བསོད་ལྷས་ཏང་ལ་དམ་བཅའ་བརྟན་པོ་བཞག

བསོད་ལྷ(གཡོན་གྱི་གཉིས་པ)འཚོ་བཞུགས་སྐབས་སུ་རྨ་སྟོད་རྫོང་ཅིར་མན་ན་སྡེ་བ་རུ། “ཧྲང་ཧེ་དང་མཚོ་སྔོན་གྱིས་བྱམས་བརྩེའི་ལག་རྡང་སྦྲེལ་ནས་མགོ་ལོག་ཏུ་བསྐྱོད་པ”ཡི་མ་དངུལ་བཏང་བའི་གནས་ཚུལ་ཞིབ་བསྡུར་བྱེད་བཞིན་པ།

ཁོ་མོས་ལོ་སྣེར་ཟླ་མཐུད་ཀྱིས་ནམ་ཡང་བྱ་བར་ཞུགས་མ་ཐག་པའི་སྐབས་ཀྱི་སྤྲོ་སེམས་དང་ངར་ཤུགས་སྲུང་འཛིན་བྱས་ཡོད།  2021ལོའི་ཟླ7པར་རྫོང་སྲིད་གྲོས་ཀྱི་སྐབས་བརྗེའི་སྔ་ནུབ་ཀྱི་ནམ་གུང་ཞིག་ལ། བསོད་ལྷ་ལགས་ཀྱིས་གཞུང་སྒྲུབ་ཁང་དུ་ཚོགས་འདུའི་རྒྱུ་ཆ་གྲ་སྒྲིག་བྱས་ཏེ་ལས་སྣོན་བྱས་ནས་བསྡད་ཡོད་པ་ལ། ནུ་མོས་ཁ་པར་བཏང་ཡོང་སྟེ་ཨ་མ་གློ་བུར་དུ་ན་ནས་སྨན་ཁང་དུ་ཞག་སྡོད་བྱས་ཡོད་ཅེས་བཤད། ཁོ་མོ་མྱུར་ཏུ་སྨན་ཁང་དུ་ སོང་སྟེ་ཨ་མར་བདག་གཅེས་བྱེད་པའི་འགན་དེ་ནུ་མོར་བཅོལ་རྗེས། ནམ་གུང་ཆུ་ཚོད2པར་སླར་ཡང་གཞུང་སྒྲུབ་ཁང་དུ་ལོག་སྟེ་ཞོགས་པའི་བར་ལས་ཀ་སྒྲུབ་པ་དང་། ཚོགས་འདུ་གྲོལ་རྗེས་ད་གཟོད་མོ་རང་སྨན་ཁང་དུ་ཨ་མར་བལྟ་རུ་སོང་བ་རེད།

ལས་འགན་ཡོད་ཚད་ཁག་འཁུར་ཅི་ཐུབ་བྱེད་པ་ནི་བསོད་ལྷ་ལགས་ཀྱི་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཡིན་ཏེ།  ཁོ་མོས་རྟག་པར“ཁྱིམ་གྱི་དོན་དག་ནི་དོན་ཆུང་ཡིན་པས་དཀའ་ལས་ཅི་ཙམ་ཆེ་ཡང་སེལ་ཐབས་བྱེད་དགོས་པ་དང་། བྱ་བའི་སྟེང་གི་དོན་དག་ནི་དོན་ཆེན་ཡིན་པས་དོན་ཕྲན་ཚེགས་ཙམ་ཡིན་ཡང་སེམས་ཞིབ་མོས་བསྒྲུབ་དགོས”ཞེས་བཤད་ཅིང་།  ནམ་རྒྱུན“བྲེལ་དཀའ་ཉེན་ལྕི”ཡི་བྱ་བའི་ལས་འགན་ཅི་ལ་འཕྲད་ཀྱང་། ཁོ་མོས་རང་འགུལ་གྱིས་དཀའ་ཁག་ལ་འདང་རྒྱག་སྤུ་ཙམ་ཡང་མི་བྱེད་པར་དང་དུ་ལེན་པ་ཡིན་པས། ལས་གྲོགས་རྣམས་ཀྱིས་ཁོ་མོར་བུ་མོ་མཛངས་མ་ཞེས་འབོད་པ་རེད།

ད་ལོའི་ཟླ5པའི་ཚེས22ཉིན། རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་ཡོམ་བྱུང་དུས། ཁོ་མོར་ཁྱིམ་མིར་བདེ་འཚམས་ཀྱི་བརྡ་ཙམ་ཡང་གཏོང་ཁོམ་མ་བྱུང་བར་བྲེལ་མྱུར་གྱིས་ཡོམ་འགོག་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས་ཤིང་། རྫོང་ཏང་ཨུའི་བཀོད་འདོམས་བླང་བྱ་དང་རྫོང་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་ལྟར། ཁོ་མོས་མྱུར་ཏུ་སྲིད་གྲོས་ཀྱི་ལས་བྱེད་པ་དང་ལས་མི་རྩ་འཛུགས་བྱས་ཏེ་རྫོང་མི་རིགས་སློབ་འབྲིང་དུ་སློབ་མ་གནས་སྤོར་བྱེད་པར་བསྐྱོད་པ་དང་། ཉིན་རྒྱུན་ལས་གྲོགས་རྣམས་དང་ལྷན་དུ་ནམ་གུང་གི་དུས་ཚོད་གསུམ་ནས་བཞི་ཙམ་གྱི་བར་དུ་དངོས་ཟོག་སྡུད་ལེན་དང་སྙོམ་སྒྲིག གཏོང་སྤྲོད་བཅས་ཀྱི་བྱ་བ་བསྒྲུབས་པ་རེད།  ཡུན་རིང་བོར་འབད་འཐབ་བྱས་པས་བསོད་ལྷའི་ལུས་པོ་མི་བདེ་བར་གྱུར།  ལས་གྲོགས་ཚོས་མཐོང་རྗེས་ཁོ་མོར་ངལ་གསོ་བར་བསྐུལ་ཡང་། ཁོ་མོས་ལག་པ་གཡུག་བཞིན་སྨན་རིལ་འགའ་ཁའི་ནང་འཇོག་ཞོར་དུ་སྐྱོན་མེད། ངས་ད་དུང་བསྲན་ཐུབ། ཅུང་ཟད་བསྲན་པས་ཆོག་ཟེར།

བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དགོངས་དོན་ཡིན་ལ། བསོད་ལྷས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་གྱི་ལས་འགན་ལག་ཏུ་བསྟར་བའི་འཚོ་བའི་གཟུགས་རིས་ཀྱང་ཡིན།

བྱ་བའི་ལས་རྐང་དུ་ཞུགས་པའི་ཉིན་མོ་དེ་ནས་བཟུང་། ཁོ་མོས་སེམས་སུ་ཉར་ཡོད་པ་ནི་ཨ་ཕས་མོར་བཤད་པའི“ཁྱོད་ནར་སོན་རྗེས་ཀྱང་། དཀའ་ངལ་ཡོད་པའི་མང་ཚོགས་རྣམས་འཚོ་བ་བཟང་པོ་རོལ་བར་རོགས་འདེགས་བྱ་དགོས”ཞེས་པ་དེ་ཡིན་ཞིང་། འདི་ནི་ཁོ་མོའི་ཨ་ཕ་ལགས་ཀྱི་ཁ་དན་ཡིན་ལ། ཏང་ཡོན་ལས་བྱེད་པའི་འགན་འཁྲི་ཡང་ཡིན།

རྨ་སྟོད་རྫོང་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱེད་སྐབས། དེ་དུས་སྲིད་གྲོས་གཞུང་སྒྲུབ་ཁང་ཕྱོགས་བསྡུས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡིན་པའི་བསོད་ལྷ་ལགས་ནམ་རྒྱུན་ལས་ཁུངས་ཀྱི་གནས་འབྲེལ་སྡེ་བར་སོང་ནས། སུ་ཚང་གི་ལོ་ལོན་ཁེར་འདུག་གི་འཚོ་བར་དཀའ་ཁག་ཡོད་པ་དང་རང་མགོ་མི་ཐོན་པར་ཡོད་པ། སུ་ཚང་གིས་དགུན་ཟས་གྲ་སྒྲིག་བྱས་མེད་པ། སུ་ཚང་གི་བྱིས་པ་བྱིས་སྐྱོང་ཁང་དུ་འགྲོ་རན་ཡོད་པ་སོགས་དྲིས་ཏེ་ནམ་རྒྱུན་ཡིད་ལ་གསལ་བོར་བཟུང་ཡོད།

ཁོ་མོའི་ཕ་མ་གཉིས་ཀས་ཁོ་མོའི་མིང་ལ་བསོད་ལྷ་ཞེས་འདོགས་དོན་ནི“བདེ་ཞིང་སྐྱིད་པ”ཡི་བསམ་འདུན་མཚོན་ཡོད་ཀྱང་། གཞན་ལ་བདེ་སྐྱིད་བསྐྲུན་པ་ནི་ད་གཟོད་བདེ་སྐྱིད་ཀྱི་མཆོག་ཡིན་པ་ཁོ་མོས་རྟོགས་ཡོད་དེ། རོགས་སྐྱོར་ཁྱིམ་ཚང་དུ་གཏོགས་པའི་དབང་མོ་ཚང་གི་བྱིས་པས་མཐོ་འབྲིང་ལ་རྒྱུགས་འཕྲོད་ཡོད་པ་ཤེས་འཕྲལ། ཁོ་མོས་རང་འགུལ་གྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་འབྲེལ་གཏུག་བྱས་ནས་ཐབས་བཀོད་འཐེན་ཞིང་། རང་ཉིད་ཀྱིས་སྒོར2000ཞལ་འདེབས་ཕུལ་བ་རེད།

སྔོན་ཆད་དབུལ་ཁྱིམ་ཡིན་པའི་བཀྲ་ཤིས་ཚང་གིས་ཞོར་ལས་ཙག་ཙིག་ལ་བརྟེན་ནས་བྱིས་པ3པོ་སློབ་གྲྭར་བསྐྱལ་བ་ཡིན་ཞིང་།  ལག་ཤེས་མེད་པར་བརྟེན་ཁོ་ཚང་ལ་དཀའ་ཁག་ཆེ་བ་རེད།  བསོད་ལྷས་གནས་ཚུལ་དེ་ཤེས་རྗེས་བཀྲ་ཤིས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་བཀྲ་ཤིས་ལ་སྐུལ་མ་བྱས་ཤིང་། ཁང་པར་མཛེས་སྤྲས་བྱེད་པའི་སྦྱིན་བདག་ངོ་ཤེས་ཤིག་ལ་འབྲེལ་བ་བྱས་ཏེ་བཀྲ་ཤིས་དེའི་རྗེས་སུ་ཁང་ཁྱིམ་མཛེས་སྤྲས་དང་ཤིང་བཟོའི་ལག་ཤེས་སྦྱོང་བར་བཏང་པ་དང་། གཞི་རིམ་དུ་བསྐྱོད་ཐེངས་རེ་རེར་བཀྲ་ཤིས་ཀྱི་བྱིས་པ་གསུམ་ལ་སློབ་སྦྱོང་གི་ཡོ་བྱད་སོགས་བྱིན་པ་རེད།


 བསོད་ལྷ་འཚོ་བཞུགས་སྐབས་སུ་རྨ་སྟོད་རྫོང་འབྲོང་ལུང་བྱིས་སྐྱོང་ཁང་དུ་བྱིས་པ་ཚོར་བྱམས་བརྩེའི་དྲོད་ཁོལ་སྐྱེལ་བཞིན་པ།

ཉེ་བའི་ལོ་འདི་འགར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་དེ་ཡུལ་ཁོངས་ཡོངས་སུ་སྐུལ་སྤེལ་བྱས་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གོ་གནས་ཨང་དང་པོར་བཞག་སྟེ། ནུས་ཤུགས་གཅིག་སྒྲིལ་གྱིས“མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་བསྐྲུན་ཏེ། འགུལ་སྐྱོད་ལ་བརྟེན་ནས“ལྗང་མདོག་གི་མ་འོངས་པར” སྐུལ་འདེད་བཏང་།

ལོ་འགའ་འགོར་རྗེས། བཀྲ་ཤིས་ཀྱིས་ཤིང་བཟོའི་ལག་ཤེས་ལ་བྱང་ཆ་ཡོད་པར་གྱུར། ཁོས་སེམས་འགུལ་ཐེབས་པའི་སྒོ་ནས“བསོད་ལྷ་ནི་དངོས་གནས་རང་གི་ཨ་ཅེ་ངོ་མ་ནང་བཞིན་ངེད་ཚང་གི་དོན་དག་རྣམས་སེམས་སུ་ཉར་ནས་འདུག”ཅེས་བཤད།  སྲིད་གྲོས་སུ་བྱ་བ་སྒྲུབ་པའི་ལོ་འདི་དག་གི་རིང་ལ།  ཁོ་མོས“ཧྲང་ཧེ་དང་མཚོ་སྔོན་གྱི་དགེ་ལས་དཔུང་རྡང་སྦྲེལ་བ་མགོ་ལོག་ཏུ་བསྐྱོད་པ”ཞེས་པའི་ལས་གཞིའི་བྱེ་བྲག་གི་བྱ་བ་རྣམས་ཁག་འཁུར་དང་ལག་བསྟར་བྱས་ཤིང་། ལས་གཞི་དེ་ཉིད་སྲིད་གྲོས་སྡེ་ཁག་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་སའི་འགག་སྒོ་གལ་ཆེན་ཞིག་ཏུ་གྲུབ་པར་བྱས་ཡོད།

རོགས་སྐྱོར་གྱི་མ་དངུལ་དང་དངོས་ཟོག་རེ་རེས་སྤྱོད་གོ་ཆོད་པར་བྱ་ཆེད། ཁོ་མོས་ནམ་རྒྱུན་སུན་སྣང་མེད་པར་འབྲེལ་ཡོད་ཀྱི་ཞིང་གྲོང་དང་སྲིད་གཞུང་སྡེ་ཁག་ལ་འབྲེལ་བ་བྱས་ནས། སེམས་ཞིབ་མོས་རོགས་སྐྱོར་བྱེད་སའི་མང་ཚོགས་བསལ་འདེམས་བྱས་ཤིང་། དབུལ་སྐྱོར་དཀའ་སེལ་ལས་གཞིའི་མ་དངུལ་ཁྱོན་བསྡོམས་སྒོར་ས་ཡ་གཅིག་འབུམ་གཅིག་ལྷག་ དངོས་འབེབས་བྱས་པ་དང་། དཀའ་ཁག་ཡོད་པའི་ཁྱིམ་ཚང857དང་དཀའ་ཁག་ཡོད་པའི་སློབ་ཆེན་སློབ་མ180། “སྐྲན་ནད་གཉིས”བྱུང་བའི་བུད་མེད33། ཚབས་ཆེའི་ཐུམ་འབུའི་ནད་པ10བཅས་ལ་རོགས་སྐྱོར་བྱས་པ་རེད།

འུ་ཚང་གི་ཁྱིམ་སྲོལ་ནི་རང་ཉིད་ཁོ་ན་བསམ་མི་རུང་བ་དེ་ཡིན།

བསོད་ལྷ་ནི་ཁྱིམ་གྱི་བརྟེན་ས་དང་ཁེན་ས་ཡིན། ལོ་མང་པོའི་རིང་དུ་ཁོ་མོས་གྲོན་ཆུང་བསྲི་ཚགས་བྱས་ཏེ། ཕྱོགས་གཅིག་ནས་ནུ་བོ་ནུ་མོ་གཉིས་ཀ་སློབ་གྲྭར་བསྐྱལ་ཏེ་གཞི་འཁོར་བ་ཟིན་པའི་བར་དུ་བསྐྱངས་ཤིང་། ཕྱོགས་གཞན་ཞིག་ནས་ལོ་ན་བགྲེས་ཤིང་ན་ཚ་མང་བའི་ཨ་མར་བདག་སྐྱོང་བྱས་ལ། ཁོ་མོས་སྔོན་ཆད་ཨ་ཕའི་ཚབ་ཏུ་ཁྱིམ་མིར་ཆད་པའི་བརྩེ་བ་དེ་གསབ་རྒྱུ་ཡིན་ཞེས་བཤད་ཀྱང་། ཁོ་མོ་ཡང་ཨ་མ་ཞིག་ཡིན་པའི་ཆ་ནས། རང་གི་བུ་ལ་བདག་གཅེས་བྱས་པ་ནི་ཅི་ནས་ཀྱང་ཆད་འདུག་པ་རེད།

བུ་ཆུང་བྱིས་བཅོལ་ཁང་ནས་སློབ་ཆུང་ལོ་རིམ་བཞི་པ་འགྲིམས་པའི་བར་དུ་ཁོ་མོ་ཐེངས་གཅིག་ལའང་ཁྱིམ་བདག་ཚོགས་འདུར་ཞུགས་མ་མྱོང་ལ། ཁ་པར་གྱི་སྒོ་ཕྱེ་ཚེ་འཆར་ཤེལ་མ་གཏོགས་ཁ་པར་གྱི་པར་སྒམ་ནང་དུ་བྱ་བའི་སྐོར་གྱི་འདྲ་པར་ཁོ་ནས་བཀང་འདུག་སྟེ། བུ་ཆུང་དང་ལྷན་དུ་བསྐྱོན་པའི་པར་རིས་གཅིག་ཀྱང་མཐོང་མི་ཐུབ། བུ་ཆུང་གིས་ཀྱང་སྔོན་ཆད་ཨ་མས་ཅིའི་ཕྱིར་ཁོ་ལ་འདུག་རོགས་མི་བྱེད་པ་དང་། ཅིའི་ཕྱིར་ནམ་རྒྱུན་ལས་ཀ་རྐྱང་རྐྱང་བྱེད་དགོས་པ་རེད་ཅེས་དྲིས་མྱོང་བར།  ཁོ་མོས་བུ་ལ་ལན་དུ“འུ་ཚང་གི་ཁྱིམ་སྲོལ་ནི་རང་ཉིད་ཁོ་ན་བསམ་མི་རུང་བ་དེ་ཡིན་ལ། ང་ཚོ་མི་མང་པོ་ཞིག་གི་ཆེད་དུ་འཚོ་དགོས་ཏེ། ཁྱོད་རང་ནར་སོན་ན་ད་གཟོད་རྟོགས་ངེས་ཡིན”ཞེས་བཤད་པ་རེད།

ཁོ་མོས་དེ་ལྟར་བཤད་པ་ཡིན་ལ། དེ་ལྟར་བསྒྲུབས་པའང་རེད། ལུས་པོ་མི་བདེ་བའི་སྐབས་རེ་རེར་འགོ་ཁྲིད་དང་ལས་གྲོགས་རྣམས་ཀྱིས་ཁོ་མོར་ཞིང་ཆེན་གྱི་སྨན་ཁང་ཆེ་ས་ཞིག་ཏུ་སོང་སྟེ་བརྟག་དཔྱད་སྨན་བཅོས་བྱེད་པར་བསྐུལ་ནའང་། ཁོ་མོ་འཛུམ་ཙམ་གྱིས“ང་རང་རྨ་སྟོད་ཀྱི་མི་ཡིན་པས།  ངའི་སྲོག་སྲ་མོ་ཡིན”ཟེར་བའམ།“དུས་ཡུན་ཅུང་ཟད་འགོར་ན་ད་གཟོད་ངེས་པར་སོང་ནས་བརྟག་དཔྱད་བྱ”ཟེར།

ཡིད་ལའང་མ་དྲན་པ་ཞིག་ལ། དེ་ལྟར་བསྐྱུར་བའི་དབང་གིས་རྩ་བ་ནས་གོ་སྐབས་ཤོར་སོང་བ་རེད།  ཟླ10པའི་ཚེས11ཉིན། ཁོ་མོས་ནམ་རྒྱུན་ལྟར་གཞུང་སྒྲུབ་ཁང་དུ་ལས་ཀ་བྱེད་ཀྱིན་ཡོད་དེ། ཡུལ་དངོས་ལྟ་སྐུལ་ལས་དོན་སྒྲུབ་པར་མཁོ་བའི་གྲོས་གཞི་གལ་ཆེན་ལ་དག་སྒྲིག་བྱེད་ཀྱིན་ཡོད། ལས་ཀ་སྒྲུབ་ནས་དགོང་མོའི་དུས་ཚོད11གི་ཡས་མས་སུ། ཁོ་མོའི་མགོ་བོར་ན་ཟུག་དྲག་པོ་སྐྱེས་ཤིང་། ཧ་ཅང་ཐང་ཆད་ནའང་ཁོ་མོས་ད་དུང་ཨུ་ཚུགས་ཀྱིས་བྱ་བ་བསྒྲུབས་ཚར་བར་བྱས་རྗེས་ད་གཟོད་ཁྱིམ་དུ་ལོག་བསམ་ཡང་། མགོ་བོར་ན་ཟུག་ལངས་པ་ཇེ་སྡུག་ཏུ་སོང་ནས་བཟོད་དཀའ་བར་གྱུར་པས་ད་གཟོད་ཁྱིམ་དུ་སྨན་ལེན་པར་ཕྱིན་པ་རེད།

ཁྱིམ་དུ་ལོག་མ་ཐག་ཁོ་མོ་ས་རུ་འགྱེལ་སོང་། ཁྱིམ་མིས་མྱུར་ཏུ་ཁོ་མོ་སྨན་ཁང་དུ་བསྐྱལ་བར་གློ་བུར་རང་བཞིན་གྱི་ཀླད་ཁྲག་ཤོར་བའི་ནད་དུ་ངོས་འཛིན་བྱས། ཟླ10པའི་ཚེས14ཉིན་མྱུར་སྐྱོབ་བྱེད་མ་ཐུབ་པར་བསོད་ལྷ་ལགས་ལོ་ན39ཡི་སྟེང་ཚེ་ལས་འདས་སོང་།  བསོད་ལྷའི་བུ་ཆུང་ཡང་ལོ་ཆུང་བའི་དུས་ཀྱི་བསོད་ལྷ་ནང་བཞིན། ལོ་ན12སྟེ་ཕ་མ་མཁོ་བའི་ན་ཚོད་འདིར་ཤིན་ཏུ་སྙིང་བརྩེ་བའི་ཨ་མ་དང་འཆི་བྲལ་བྱེད་དགོས་སོང་།

ཁོ་མོ་འདས་སོང་། འོན་ཀྱང་ཁོ་མོ་ང་ཚོ་དང་གཏན་བྲལ་བྱེད་མི་སྲིད།

བསོད་ལྷ་ཡི་ཡུན་ཐུང་མི་ཚེའི་ནང་དུ། ཁོ་མོས་ཁ་རོག་གེར་ལས་གནས་དང་མང་ཚོགས་ཀྱི་ཕྱིར་དུ་སྟོབས་ཤུགས་ཕུལ་བ་རེད། ཁོ་མོ་དང་ཁོ་མོའི་ཨ་ཕ་སྟེ་གུང་ཁྲན་ཏང་ཡོན་རབས་གཉིས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་སྤྱད་དེ“དཀའ་ངལ་ཆེ་ཡང་སྡུག་རུས་ལ་མི་སྐྲག་ཅིང་། དབྱང་རླུང་ཟད་ཀྱང་སྙིང་སྟོབས་ལ་འཛད་མཐའ་མེད”ཅེས་པའི་རྨ་སྟོད་ཀྱི་སྙིང་སྟོབས་ མཚོན་པར་བྱས་ཤིང་། “ཤིན་ཏུ་སྡུག་རུས་བྱེད་ནུས་པ་དང་། ཤིན་ཏུ་འཐབ་འཛིང་བྱེད་སྤོབས་པ། ཤིན་ཏུ་བཟོད་བསྲན་བྱེད་ནུས་པ། ཤིན་ཏུ་མཐུན་སྒྲིལ་བྱེད་ཐུབ་པ། ཤིན་ཏུ་བློས་གཏོང་བྱེད་སྤོབས་པ”བཅས་ཀྱི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་གསལ་འགྲེལ་བྱས་པ་དང་། “ལང་ཚོ་ཆུད་ཟོས་སུ་མི་གཏོང་།  དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་”བའི་ཐོག་མའི་འགན་འཁྲི་ལག་ཏུ་བསྟར་ཡོད།

ཟླ11པའི་ཚེས12ཉིན། མགོ་ལོག་ཁུལ་ཏང་ཨུས་བསོད་ལྷ་ལགས་ལ“ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་གནངས་ཤིང་། “ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་མཐུན་བསོད་ལྷ་ལགས་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་གྲོས་འདོན་ཡི་གེ”འདོན་སྤེལ་བྱས་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།