《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་གསུམ་རྩོམ་པོད་གསུམ་པ་ལས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་གཞི་རྩའི་ཇུས་གཞི་ནི་གནམ་ནས་ལྷུང་བ་དང་རང་སྣང་གི་བསམ་ཚོད་བྱས་པ་ཞིག་མིན་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཀྲུང་གོ་གསར་བ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དུ་ང་ཚོའི་ཏང་གིས་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱས་པའི་རྨང་གཞིའི་སྟེང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་ཀྱིས་གཞུང་ལུགས་འཚོལ་ཞིབ་བྱས་པའི་གྲུབ་འབྲས་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་གསར་གཏོད་དང་གསར་སྐྲུན་བྱས་པའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞེས་བསྟན་ཡོད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་གསུང་རྩོམ་པོད་གསུམ་པ་བཀླགས་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བཀྲག་མདངས་གང་སར་མཐོང་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ཀྲུང་གོར་སྣེ་ཁྲིད་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་དར་ཆ་དང་སྙིང་སྟོབས་ཀྱི་དར་ཆ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུས་ལོན་བྱས་ཚེ་དུས་རབས་གསར་བའི་ཀྲུང་གོར་ཡང་རྒྱུས་ལོན་བྱས་པ་རེད།
དུས་རབས་གསར་བའི་ཀྲུང་གོ་ནི་འདས་སོང་ནས་མ་འོངས་པའི་ཕྱོགས་སུ་བསྐྱོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། འདས་སོང་ནི་ད་ལྟའི་འབྱུང་རྩ་ཡིན་ཞིང་། རྒྱལ་ཁབ་གང་རུང་ཞིག་གི་ད་ལྟ་ཚང་མ་ཁ་སང་ནས་བྱུང་བ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ་དེས་ཉེ་རབས་ནས་བཟུང་དཀའ་སྡུག་ཚད་མེད་མྱངས་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ཡོད་པ་མཚོན་ཡོད། འཛམ་གླིང་གཡོ་འགུལ་ཐེབས་པར་བྱེད་པའི་ཀྲུང་གོའི་ངོ་མཚར་ནི་ཀྲུང་གོའི་བགྲོད་ལམ་ཡིན། བགྲོད་ལམ་འདི་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལག་ལེན་ལས་བྱུང་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་བསྟུད་མར་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་ཆེན་བྱས་པ་ལས་བྱུང་བར་མ་ཟད། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཉམས་རྒུད་ནས་དར་རྒྱས་བྱུང་བའི་བར་གྱི་ཀྱག་ཀྱོག་གི་ལོ་རྒྱུས་བགྲོད་ལམ་ལས་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་བོའི་ཤེས་རིག་རྒྱུན་འཛིན་དང་གོང་སྤེལ་ལས་བྱུང་བ་ཡིན།
དུས་རབས་གསར་བའི་ཀྲུང་གོ་ནི་འཕོ་འགྱུར་ཁྲོད་འབད་འབུངས་ཡར་བརྩོན་བྱེད་པའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཕུགས་འདུན་དང་དམ་པོར་འབྲེལ་ཡོད་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། འཛམ་གླིང་ཡོངས་གོང་དུ་སྤེལ་བར་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ། ང་ཚོར་ཉེན་ཁ་འགོག་ཟོན་གྱི་གྲ་སྒྲིག་དགོས་ལ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཇུས་བཟང་ཡང་དགོས། ཉེན་ཁ་འགོག་ཟོན་དང་བཀག་འགོག་བྱེད་པའི་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབ་དགོས་ལ། ཉེན་སེལ་བདེ་སྒྱུར་དང་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་འཐབ་ཇུས་དམག་འཐབ་ཡག་པོ་བརྒྱབ་ནས་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་སྟེ་འཛམ་གླིང་ལ་ལེགས་སྐྱེས་འབུལ་བ་དང་། དར་བའི་དུས་སུ་གནམ་འོག་ལ་ཕན་བཏགས་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་དགོས།
ཀྲུང་གོའི་ཁ་སང་ནི་མིའི་རིགས་ཀྱི་དེབ་ཐེར་དུ་བཀོད་ཡོད་པ་དང་། ཀྲུང་གོའི་ད་ལྟ་ནི་མི་དམངས་དུང་ཕྱུར་མང་པོས་གསར་སྐྲུན་བྱེད་བཞིན་ཡོད་ལ། ཀྲུང་གོའི་འབྱུང་འགྱུར་ནི་སྔར་ལས་མཛེས་སྡུག་ལྡན་ངེས། དུས་རབས་གསར་བའི་འགོ་ཚུགས་སར་གནས་པའི་སྐབས་འདིར། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་དང་ཉེ་བར་བཅར་ཡོད། ང་ཚོས་དུས་རབས་གསར་པའི་ཀྲུང་གོར་རྒྱུས་ལོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་བློ་བརྟན་འགྱུར་མེད་དང་སྙིང་རུས་ལྷོད་མེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཐབ་ལམ་གསར་བའི་འོད་སྟོང་འབར་བའི་ལེའུ་རྩོམ་དགོས།
ལོ་ཙཱ་བ། ཤ་བོ་གསེར་མཚོ།