དམག་དར་བསྒྲེངས་བའི་ས་ཁུལ།
2021.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ནན་ཁྲང་ནི་དམག་དར་བསྒྲེངས་བའི་ས་ཁུལ་ཡིན།

1927ལོའི་ཟླ8པའི་ཚེས1ཉིན། ནན་ཁྲང་མཁར་མགོ་རུ་མེ་མདའི་སྒྲ་གྲགས་པ་དང་ལྷན་དུ། ང་ཚོ་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མགོ་བརྩམས། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་དོན་རྐྱེན་ཞིག་དང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་དོན་རྐྱེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་དོན་རྐྱེན་ཞིག་ཀྱང་རེད།

དཔའ་བོའི་མཁར་གྲོང་སྟེ། ནན་ཁྲང་གྲོང་ཁྱེར་ཀྲང་ཧྲན་ལམ་་གྱི་ཨང་རྟགས380རུ་ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་ཡོད་པ་དང་། གནས་འདི་ནི་སྐབས་ཐོག་དེར་ཅང་ཞིའི་མགྲོན་ཁང་ཆེན་མོ་ཡིན་ལ། ནན་ཁྲང་འོས་ལངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྡོད་གནས་ཀྱང་ཡིན། ལོ་དགུ་བཅུ་གོ་བཞི་ཡི་སྔོན་ལ། གནམ་ས་བརྟོལ་བའི་མེ་མདའ་དང་པོ་དེ་གནས་འདི་ནས་གྲགས་པ་ཡིན།

ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་གི་འགོ་བ་ཝང་ཞའོ་ལིན་གྱིས་དྲན་གསོ་ཁང་དེ1959ལོར་བཙུགས་པ་མ་ཟད་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་དང་། ལོ་ངོ60ལྷག་གི་རིང་ལ། ལྟད་མོ་བ་བྱེ་བ་གཉིས་ལྷག་སྔ་གཞུག་དུ་གནས་འདིར་སླེབས་ནས། འདས་ཟིན་པའི་མེ་མདའི་སྒྲ་དང་ནམ་མཁར་འཁྲིགས་པའི་དུ་ཞགས། “བརྒྱད་གཅིག” དམག་དར་གྱི་འོག་གཅིག་ཏུ་བསྡུས་པའི་གཟི་བརྗིད་དང་ཕུགས་འདུན་འཚོལ་ཞིབ་བྱས་ཅེས་བཤད།

1927ལོའི་ཀྲུང་གོའི་ག་ས་གང་དུ་དཀར་པོའི་འཇིགས་སྐུལ་གྱིས་ཁེངས། ཅང་ཅེ་ཧྲིའི་ཚོགས་ཁག་དང་། ཝང་ཅིན་ཝེ་ཚོགས་ཁག་གཉིས་ཀྱིས་སྔ་གཞུག་ཏུ་ངོ་ལོག་བྱས་པ་དང་བསྟུན་ནས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་མཉམ་འབྲེལ་གསར་བརྗེ་ཆེན་མོར་ཕམ་ཉེས་བྱུང་བ་ཁྱབ་སྒྲོག་བྱས།

ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞིན་ཡའེ་ཡིས་གསར་འགོད་པར་གྲངས་ཀ་འདི་འདྲ་ཞིག་མཁོ་འདོན་བྱས་པ་སྟེ།1927ལོའི་ཟླ3པ་ནས1928ལོའི་ལོ་སྟོད་བར། དམར་གསོད་བཏང་བའི་གུང་ཁྲན་ཏང་ཡོན་དང་གསར་བརྗེའི་མང་ཚོགས་འབུམ་གསུམ་དང་ཁྲི་གཅིག་ལྷག་ཡོད་པ་དང་། དེའི་ནང་གུང་ཁྲན་ཏང་ཡོན་ཁྲི་གཉིས་དང་སྟོང་དྲུག་ལྷག་ཡོད་པ་རེད།

གསར་བརྗེ་སྐྱོབ་པའི་ཆེད་དུ།1927ལོའི་ཟླ7པར། ཀྲུང་གུང་གནས་སྐབས་ཀྲུང་དབྱང་གིས་ཝུའུ་ཧན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ནན་ཁྲང་ནས་དྲག་ཆས་འོས་ལངས་བྱེད་རྒྱུ་ཐག་བཅད་པར་མ་ཟད། ཀྲིག་ཨེན་ལའེ་ནན་ཁྲང་དུ་མངགས་ནས་ཀྲུང་གུང་མདུན་ཕྱོགས་གཡུལ་སའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་རྒྱུ་ཐག་བཅད།

ཟླ7པའི་ཚེས27ཉིན། འོས་ལངས་འགོ་ཁྲིད་པས་ཅང་ཞིའི་མགྲོན་ཁང་ཆེན་མོ་ནས་གྲོས་ཚོགས་བསྡུས་ཏེ། ཀྲིག་ཨེན་ལའེ་ཧྲུའུ་ཅི་རུ་བསྐོས་པ་དང་། ལི་ལིས་སན་དང་། ཡུན་ཏའེ་ཡིང་། ཕིན་ཕའེ་བཅས་ཀྱིས་ཨུ་ཡོན་གྱི་འགན་བཞེས། གྲོས་ཚོགས་ནས་ཟླ7པའི་ཚེས་30ཉིན་གྱི་དགོང་མོར་དྲག་ཆས་འོས་ལངས་བྱེད་རྒྱུ་ཐག་བཅད།

ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་གི་ཉར་ཚགས་ཚན་ཁག་དོ་དམ་ཁང་གི་འགོ་བ། ཞིབ་འཇུག་པ་གཞོན་པ་ལིག་ཞའོ་ཧྭ་ཡིས་རྗེས་སུ་འོས་ལངས་ཀྱི་དུས་ཚོད་ཟླ8ཚེས1ཉིན་གྱི་ཞོགས་པའི་དུས་ཚོད་བཞི་བར་ནར་འགྱངས་བྱས་ཀྱང་། འོས་ལངས་བྱེད་པའི་དུས་ཚོད་ཀྱི་གསང་བ་ཕྱིར་ལ་ཤོར་བའི་རྐྱེན་གྱིས་མདུན་ཕྱོགས་དགྲ་བོ་འགོག་པའི་ཨུ་ཡོན་ལྷན་ཁང་གིས་འོས་ལངས་དུས་ཚོད་དེ་དུས་ཚོད་གཉིས་ཀྱི་སྔོན་ལ་སྤེལ་རྒྱུའི་ཐག་བཅད། སྐབས་དེར་ནན་ཁྲང་མཁར་ནང་དུ་གོ་མིན་ཏང་གི་དྲག་ཆས་སྟོབས་ཤུགས་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་ལྷག་ཡོད་པ་དང་། གུང་ཁྲན་ཏང་གིས་ཐད་ཀར་ཁོང་དུ་ཆུད་པ་དང་ཤུགས་རྐྱེན་ཐེབས་པའི་དྲག་ཆས་སྟོབས་ཤུགས་ལ་ཧི་ལུང་དང་། ཡའེ་ཐིན། ཀྲུའུ་ཏེ་བཅས་ཀྱིས་འགོ་ཁྲིད་པའི་རྒྱལ་དམངས་གསར་བརྗེ་དམག་ཡོད་པ་དང་། བསྡོམས་པས་མི་ཁྲི་གཉིས་ཙམ་ཡོད་ཅེས་བཤད།

ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་པར་ནན་ཁྲང་མཁར་མགོ་རུ་མེ་མདའི་སྒྲ་གློ་བུར་དུ་གྲགས། ཀྲིག་ཨེན་ལའེ་འགོ་གཙོ་ཡིན་པའི་མདུན་ཕྱོགས་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཧི་ལུང་དང་། ཡའེ་ཐིན། ཀྲུའུ་ཏེ། ལིག་པའོ་ཁྲིན་སོགས་ཀྱིས་དམག་དཔུང་ཁྲིད་དེ་འོས་ལངས་བྱས་པ་དང་། དུས་ཚོད་བཞིའི་རིང་ལ་དྲག་པོའི་འཐབ་འཛིང་བྱས་པ་བརྒྱུད། དགྲ་བོ་སྟོང་ལྷག་རྩ་མེད་དུ་བཏང་སྟེ། འོས་ལངས་དཔུང་སྡེ་ཡིས་ནན་ཁྲང་མཁར་བཟུང་།

ཟླ8ཚེས1ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ནན་ཁྲང་གྲོང་ཁྱེར་དུ་ཀྲུང་གོ་གུང་ཁྲན་ཏང་མི་དང་གོ་མིན་ཏང་གི་གཡོན་ཕྱོགས་མི་སྣ་ཞུགས་པའི་མཉམ་འབྲེལ་ཚོགས་འདུ་བསྡུས་ནས་སུང་ཆིན་ལིན་དང་། ཏིན་ཡན་ཏཱ། ཧི་ཞང་ཉིན་སོགས་བདམས་ཐོན་བྱུང་བའི་མི་སྣ་ཉེར་ལྔས་གྲུབ་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། འོས་ལངས་དམག་དཔུང་གིས་སྔར་བཞིན་རྒྱལ་དམངས་གསར་བརྗེའི་དམག་ཕྱོགས་ཁག་གཉིས་པའི་མིང་བཀོལ་བ་དང་། གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཧི་ལུང་གིས་སྤྱི་ཁྱབ་བཀོད་འདོམས་པའི་ལས་ཚབ་ཀྱི་འགན་ཁུར་དུ་བཅུག་པ་དང་། ཡའེ་ཐིན་གྱིས་མདུན་ཕྱོགས་གཡུལ་སའི་སྤྱི་ཁྱབ་བཀོད་འདོམས་པ་ཡི་ལས་ཚབ་ཀྱི་འགན་ཁུར་དུ་བཅུག་ལ། ལིག་པོ་ཁྲིན་ཚན་མོ་ཚོགས་པའི་ཚན་མོ་ཀྲང་ལ་བསྐོས།

ནན་ཁྲང་འོས་ལངས་ཀྱི་རྗེས་སུ་། ཝང་ཅིན་ཝེ་ཡིས་ཀྲང་ཧྥ་ཁོས་དང་། ཀྲུའུ་ཕེ་ཏི་གཉིས་ལ་ནན་ཁྲང་ལ་ཚུར་རྒོལ་བྱེད་དགོས་པའི་བཀའ་ཕབ་པ་དང་། འོས་ལངས་དམག་གིས་སྔར་གྱི་འཆར་གཞི་ལྟར་ལྷོ་ཕྱོགས་སུ་དཔུང་འཇུག་བྱས། ཟླ8པའི་ཚེས3ནས་ཚེས5བར་དུ། འོས་ལངས་དམག་དཔུང་སྔ་གཞུག་ཏུ་ནན་ཁྲང་ནས་ཕྱིར་འཐེན་བྱས།

འོས་ལངས་ཀྱིས་ས་ཆ་དེའི་ཞིང་བའི་ལས་འགུལ་དང་མཉམ་འབྲེལ་བྱས་མེད་པའི་ཁར། དགྲ་དམག་མང་ཞིང་རང་ཕྱོགས་ཉུང་བ་དང་། ངལ་རྩོལ་དམག་གིས་རྒྱང་སྐྱོད་བྱེད་པ། འཐབ་ཇུས་ཀྱི་ཐད་ནས་ནོར་འཁྲུལ་ཤོར་བ་སོགས་རྐྱེན་གྱིས་ཟླ9བའི་ཟླ་སྨད་བར་དུ། འོས་ལངས་དམག་དཔུང་ཀོང་ཀྲིག་ཁྲའོ་ཧྲན་ས་ཁུལ་དུ་སྟོབས་ལྡན་དམག་དཔུང་གིས་སྐོར་བཅོམ་བྱས་པས། གཙོ་ཤུགས་དམག་གཏོར་བ་དང་། འོས་ལངས་ཕམ་པར་གྱུར། ཤུལ་དུ་ལུས་པའི་འོས་ལངས་དམག་དཔུང་ཁག་གཅིག་ཀྲུའུ་ཏེ་དང་ཁྲེན་དབྱི་སོགས་ཀྱི་སྣེ་ཁྲིད་འོག་ཀོང་ཏུང་དང་། ཅང་ཞི། ཧུའུ་ནན་འབྲེལ་མཚམས་ས་ཁུལ་དུ་གནས་སྤར་བ་དང་། རྗེས་སུ་ཅིན་ཀང་རི་བོར་བསྐྱོད་པ་དང་། ཁག་གཞན་ཞིག་ཧའེ་ལུའུ་ཧྥིན་ས་ཁུལ་དུ་བསྐྱོད་དེ་མུ་མཐུད་འཐབ་རྩོད་བྱས་པ་རེད།

1928ལོའི་ཟླ4བའི་ཟླ་སྨད་ལ། ཀྲུའུ་ཏེ་དང་ཁྲེན་དབྱི་གཉིས་ཀྱིས་ནན་ཁྲང་འོས་ལངས་ཀྱི་དམག་དཔུང་ལྷག་མའི་སྣེ་ཁྲིད་དེ། མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་སྟོན་བསྡུའི་འོས་ལངས་དམག་དཔུང་དང་མཉམ་དུ་ཅིང་ཀང་རི་བོ་ནས་རྒྱལ་ཁའི་ངང་མཉམ་འཛོམས་བྱས།

དམག་དཔུང་གཉིས་མཉམ་འཛོམས་བྱས་པ་ལས་ཀྲུང་གོའི་གསར་བརྗེ་གྱི་དྲག་ཆས་སྟོབས་ཤུགས་ཇེ་ཆེར་སོང་།

ནན་ཁྲང་འོས་ལངས་ཕམ་མོད། འོན་ཀྱང་དེའི་དོན་སྙིང་ནི་རླབས་ཆེ་བ་ཞིག་རེད།

དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧྲི་པོ་པོ་ཡིས་ནན་ཁྲང་མཁར་གྱི་མེ་མདའི་སྒྲ་དེ་ནི་མཚན་མོའི་མཁའ་དབྱིངས་སུ་གློག་འཁྱུག་པ་ལྟར་ཀྲུང་གོ་མི་དམངས་ཀྱིས་མུན་ནག་ཁྲོད་ནས་གསར་བརྗེའི་རེ་བ་མཐོང་བ་དང་གནས་བབ་ངན་པའི་ཁྲོད་ནས་དཔའ་ངར་ཆེར་བསྐྱེད་ཀྱི་སྟོབས་ཤུགས་མཐོང་ཡོད་ཅེས་བཤད། ནན་ཁྲང་འོས་ལངས་དང་སྟོན་བསྡུའི་འོས་ལངས། ཀོང་ཀྲིག་འོས་ལངས། དེ་མིན་ས་ཁུལ་མང་པོ་རུ་དྲག་པོའི་འོས་ལངས་བསྟུད་མར་ལངས་པ་དེས། ཀྲུང་གོ་གུང་ཁྲན་ཏང་གིས་རང་བཙན་གྱི་ཀྱི་སྒོ་ནས་གསར་བརྗེའི་དམག་འཁྲུག་ལ་འགོ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས་བྱེད་འགོ་བརྩམས་པ་མཚོན་ཞིང་། ཀྲུང་གོའི་གསར་བརྗེའི་དུས་རབས་གསར་བའི་འགོ་བརྩམས།

རྗེས་སུ། ཟླ8པའི་ཚེས1ཉིན་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་འཛུགས་དུས་ཆེན་དུ་གཏན་འཁེལ་བྱས།

དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ལས་ལ་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད།

ལོ་ངོ་དགུ་བཅུ་ལྷག་གི་རིང་ལ། མི་དམངས་དམག་དཔུང་དམག་འཁྲུག་གི་དུ་ཞགས་དང་དམག་འཁྲུག་གི་མེ་ལྕེ་བརྒྱུད་དེ་དཀའ་ངལ་ཁྱད་བསད་དང་། རང་སྲོག་བློས་བཏང་བར་བརྟེན། འོད་སྟོང་འབར་བའི་རྒྱལ་ཁ་ཡང་ཡང་ཐོབ་པ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།

ལོ་རྒྱུས་ཀྱིས་མི་རྣམས་ལ་རྒྱལ་ཁ་ཐོབ་པ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་རླབས་ཆེན་སྟོབས་ཤུགས་མངོན་ཡོད་པ་ཁྱབ་བསྒྲགས་བྱས་ཡོད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་ནན་ཁྲང་འོས་ལངས་ལས་བྱུང་བ་དང་། སན་ཝན་བཅོས་སྒྲིག་བྱས་ནས་རྨང་གཞི་བཏིང་བ་ཡིན་ཞིང་། ཀུའུ་ཐན་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པ་ཞིག་ཡིན་པས། མི་དམངས་དམག་དཔུང་ལ་དམག་དཔུང་རྙིང་པ་དང་གཏན་ནས་མི་འདྲ་བའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་ཁྱད་སྟོབས་ཤིག་ཡོད་པ་རེད།

ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་བསླབ་བྱ་ནི། རྒྱལ་སྲུང་སྲ་བརྟན་ཡོང་བ་དང་། སྟོབས་དང་ལྡན་པའི་དམག་དཔུང་ཞིག་ཡོད་པ་དེ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་ཀྱི་བདེ་འཇགས་དང་བདེ་སྐྱིད་ཀྱི་བློས་འགེལ་ཆོག་པའི་ཁག་ཐེག་ཤིག་ཡིན།

ད་ལྟ་མི་དམངས་དམག་དཔུང་དེ་སྔོན་ཆད་དམག་སྣ་གཅིག་རྐྱང་གི་དམག་དཔུང་ནས་དམག་དཔུང་རིགས་མང་པོ་མཉམ་འབྲེལ་བྱས་པའི་དམག་དཔུང་སྟོབས་ཆེན་ཞིག་ཏུ་འཕེལ་རྒྱས་བྱུང་བ་དང་། སྔོན་ཆད་ཀྱི་ཆེས་སྟབས་བདེའི་མེ་མདའ་ཡིས་དྲག་ཆས་དམག་དཔུང་ནས་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན་གྱི་ཕྱོགས་སུ་བསྐྱོད་པའི་དམག་དཔུང་སྟོབས་ཆེན་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག གོམ་སྟབས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྐྱོད་བཞིན་པའི་མི་དམངས་དམག་དཔུང་གིས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ལྡན་གྱི་འཐབ་ཇུས་འདེགས་སྐྱོར་མཁོ་འདོན་བྱེད་ངེས་ཡིན།

ལོ་ཙཱ། ཚེ་རིང་སྒྲོལ་མ།