ཀྲུང་གོ་གུང་ཁྲན་ཏང་གིས་གནམ་ས་གསར་བ་བཏོད།
2021.02.04 ཁུངས། ཀློག་གྲངས། 15

ཀྲུང་གོ་གུང་ཁྲན་ཏང་ནི1921ལོར་བཙུགས་ཤིང་། ད་ལྟའི་བར་དུ་ལོ་བརྒྱའི་དཀའ་སྤྱད་འབད་བརྩོན་དང་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་ཡོང་ལ། མི་འགྱངས་བར་ལོ་ངོ་བརྒྱ་ཡི་གཟི་དཔལ་ལྡན་པའི་འཁྲུངས་སྐར་བསླེབ་ལ་ཉེ། ཆེས་ཐོག་མའི་གྲོས་འགོ་འདོན་མཁན་གྱི་མི་བཅུ་ལྷག་དང་ཏང་ཡོན་མི་བཅུ་ཕྲག་དེ་ད་ལྟ་གུང་ཁྲན་ཏང་ཡོན་བྱེ་བ་དགུ་ལྷག་ལ་འཕེལ་ཡོད་པ་དང་། དབུལ་ཕོངས་ཉམས་ཆུང་དང་ཐར་ཐོར་སྟོབས་མེད་ཀྱི་ཀྲུང་གོ་རྙིང་བ་དང་རང་སྣང་གང་ཤར་དུ་མནར་གཅོད་མྱོང་བའི་མི་རིགས་ཤིག་ལ་སྣེ་ཁྲིད་བྱས་ཏེ། ཆེས་གཞི་རྩའི་སྟེང་ནས་ལས་དབང་ལ་ཁ་ལོ་བསྒྱུར་བ་དང་། མུ་མཐུད་དུ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལོ་རྒྱུས་ཀྱི་རྣམ་པ་གསར་བ་བཏོད་པར་མ་ཟད། རྒྱུན་ཆད་མེད་པར་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་དེ་ཏང་དང་མི་དམངས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ཏང་འདི་ཡིས་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ཡར་ལངས་པ་ནས་ཕྱུག་པོར་གྱུར་བ་དང་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་ལོ་རྒྱུས་བརྒྱུད་ཡོང་ལ། ང་ཚོས་འགྱུར་མེད་ཀྱི་ཁུངས་སྣེ་འདི་ལྟ་བུ་ཞིག་མཐོང་ཐུབ་པ་སྟེ། ཏང་འདི་ཡིས་དཀའ་ཁག་གི་ཁྲོད་ནས་དངོས་གཉེར་ཡར་བརྩོན་བྱེད་ཐུབ་པ་དང་རྙོག་དྲའི་འཐབ་འཛིང་གི་ཁྲོད་དུ་གསར་གཏོད་གསར་སྐྲུན་བྱེད་ཐུབ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པ། བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཚང་མ་ནི་འཐབ་འཛིང་གི་ཁྲོད་ནས་བྱུང་བ་དང་འཐབ་འཛིང་གི་ཁྲོད་ནས་འཕེལ་རྒྱས་དང་འཐབ་འཛིང་གི་ཁྲོད་ནས་སྟོབས་ལྡན་དུ་གྱུར་བ་རེད། དཀའ་ཁག་སྣ་ཚོགས་ལ་གདོང་གཏོད་པ་དང་དཀའ་ཁག་གང་ལའང་མི་སྐྲག་པ། འཐབ་འཛིང་གི་ཁྲོད་དུ་གནས་ཀྱང་འཐབ་འཛིང་གི་ཁྲོད་ནས་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་རྣམ་པ་གསར་བ་བསྐྲུན་ཐུབ་པ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་དཔེར་མཚོན་ཁྱད་ཆོས་རེད།

འཐབ་རྩོད་ཀྱི་ཁྲོད་ནས་རྣམ་པ་གསར་བ་གསར་སྐྲུན་བྱས།

ལོ་ངོ་བརྒྱ་ལྷག་གི་སྦྱོང་བརྡར་བརྒྱུད་ཡོང་བའི་ཏང་ཁག་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་པའི་ཉིན་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་ཁུར་དུ་ལེན་པ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། མི་དམངས་ཚང་མའི་བདེ་སྐྱིད་འཚོ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་ཏང་ཞིག་ཡིན། ང་ཚོའི་ཏང་བཙུགས་པའི་ཐོག་མའི་སྐབས་སུ་མའོ་ཙེ་ཏུང་གིས་དཔེ་དེབ་རིང་ལུགས་ལ་ངོ་རྒོལ་བྱེད་ཅེས་པའི་གསུང་རྩོམ་ནང་དུ་ཐོག་དང་པོར་ཏང་གི་བསམ་བློའི་ལམ་ཕྱོགས་ཀྱི་གནད་དོན་སྐོར་གླེང་སྐབས། འཐབ་འཛིང་གི་ཁྲོད་ནས་གསར་གཏོད་ཀྱི་རྣམ་པ་གསར་བ་གཏོད་དགོས་ཞེས་ཆེད་དུ་ཏང་འདིར་འདི་ལྟ་བུའི་བསམ་བློའི་ལམ་ཕྱོགས་ཤིག་གཏན་འཁེལ་བྱས་ཡོད། དེའི་རྗེས་སུ་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་འཛིང་གི་ཁྲོད་ནས་གསར་གཏོད་ཀྱི་རྣམ་པ་གསར་བ་བཏོད་པའི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་བརྒྱུད་ནས་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་གསར་སྐྲུན་བྱས་ནས། དུས་རབས་ཀྱི་དྲི་བ་རབ་དང་རིམ་པ་རེ་རེ་བཞིན་ཐག་བཅད་པར་མ་ཟད། རྣམ་པ་གསར་བ་རབ་དང་རིམ་པ་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནི་ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགོ་བརྩམས་པ་ཡིན། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག  ཀྲུང་གོའི་གསར་བརྗེ་ལ་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡོད་པ་དང་ཀྲུང་གོའི་མི་དམངས་ལ་སྟོབས་དང་ལྡན་པའི་བསམ་བློའི་སྟོབས་ཤུགས་ཡོད་པར་མ་ཟད། ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་ལྡན་པའི་མདུན་ལྗོངས་ཡོད་སོང་བ་རེད། མགོ་འཛུགས་ས་གསར་བ་འདི་ཡོད་པའི་དབང་གིས་གནའ་བོའི་ས་གཞི་ཆེན་མོ་འདིའི་སྟེང་དུ་གནམ་ས་འགུལ་བའི་མིའི་རིགས་ཀྱི་ལོ་རྒྱུས་སྙན་ངག་བྲིས་ལ། ཀྲུང་གོ་བ་རྣམས་ད་ལྟ་ནས་བཟུང་ཡར་ལངས་པ་ཡིན་ཞེས་པའི་རྒྱལ་ཁབ་གསར་བ་གསར་འཛུགས་བྱས་པ་རེད། དཀའ་སྤྱད་སྡུག་རིས་ཀྱི་ཁྲོད་ནས་གྲུབ་འབྲས་ཐོབ་པ་ཡིན་ཞེས་བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་ཡར་སྔོན་ལ་ཀྲུང་གོ་གུང་ཁྲན་ཏང་བརྒྱུད་ཟིན་པའི་བཞུད་ལམ་དང་འགྱུར་ལྡོག་གི་ངོས་ཐད་ནས་སྔོན་ཆད་འདི་ལྟ་བུའི་སྤྱི་བསྡོམས་གནང་མྱོང་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་ཡོད་པ་ནས་བཟུང་ཀྲུང་གོའི་གསར་བརྗེ་ཡི་རྣམ་པ་གསར་བསྒྱུར་བྱུང་ཡོད་ཅེས་དོན་དངོས་གསལ་བཤད་གནང་ཡོད། ཁོང་གིས་ད་དུང་འདི་ལྟར་གསུངས་ཡོད་དེ། ཀྲུང་གོ་བ་ཡིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་ལུགས་རྙེད་པ་དེས་ཀྲུང་གོའི་རྣམ་པར་འགྱུར་ལྡོག་བཏང་ཡོད་ཟེར། བློ་མཐུན་མའོ་ཙེ་ཏུང་གིས་འདིར་གསུང་གནང་མཛད་པ་ནི་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་སྟོན་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་མིས་གསར་གཏོད་རང་བཞིན་གྱི་རྣམ་པ་གསར་བ་བཏོད་པའི་གཞུང་ལུགས་ཀྱི་འགུག་ཤུགས་དང་། ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་ལུགས་དང་ཀྲུང་གོའི་བྱེ་བྲག་གི་དོན་དངོས་གཉིས་ཟུང་འབྲེལ་བྱེད་པར་གཅེས་འཛིན་བྱེད་པ། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འཐབ་འཛིང་གི་ཁྲོད་དུ་རྣམ་པ་གསར་བ་གསར་གཏོད་བྱེད་པའི་ལག་ལེན་གྱི་འགུག་ཤུགས་དེ་ཡིན། ང་ཚོའི་ཏང་གིས་འཐབ་འཛིང་གི་ཁྲོད་ནས་རྣམ་པ་གསར་བ་བཏོད་ཐུབ་པ་ནི་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་མཚོན་ཆ་ལག་ལེན་དུ་བསྟར་བ་ལས་གཞན། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་རང་འགུལ་གྱི་སྒོ་ནས་མི་དམངས་མང་ཚོགས་ནམ་ཡང་ཏང་རང་ཉིད་ཀྱི་སྟོབས་ཤུགས་འབྱུང་ཁུངས་སུ་བརྩི་བ་དང་། སེམས་ཁོངས་སུ་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡོད་པ། མང་ཚོགས་ལ་མཐུན་སྒྲིལ་དང་གཅེས་འཛིན་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་སྒྲུབ་ལས་སྐྲུན་བྱེད་པས་རྐྱེན་ཡིན། ང་ཚོའི་ཏང་གིས་མི་དམངས་ཡོད་ན་དེ་ནི་ད་གཟོད་འཛམ་གླིང་གི་ལོ་རྒྱུས་གསར་གཏོད་བྱེད་པའི་སྒུལ་ཤུགས་ཡིན་པ་དང་། མང་ཚོགས་ནི་དོན་དངོས་ཀྱི་དཔའ་བོ་ཡིན་པ་དང་མང་ཚོགས་ལ་རླབས་ཆེ་བའི་གསར་གཏོད་ཀྱི་སྟོབས་ཤུགས་ལྡན་པ་དེ་སེམས་གཏིང་ནས་ཤེས་ཡོད། ང་ཚོའི་ཏང་གིས་ལོ་ངོ་བརྒྱའི་རིང་ལ་རླབས་ཆེ་བའི་འཐབ་འཛིང་གི་ཁྲོད་ནས་གསར་གཏོད་བྱས་པའི་རྣམ་པ་གསར་བ་ཡོད་ཚད་ནི་མི་དམངས་ཀྱི་ཁྲོད་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་འབྲས་བུ་ཁོ་ན་ཡིན།

མི་ཡུལ་གྱི་ངོ་མཚར་གསར་གཏོད་མཛད།

གལ་ཏེ་འཐབ་འཛིང་གི་ཁྲོད་ནས་རྣམ་པ་གསར་བ་བཏོད་པ་ནི་ང་ཚོའི་ཏང་འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བའི་མདུན་སྐྱོད་ཀྱི་ཁུངས་སྣེ་དང་ལམ་ཕྱོགས་ཀྱི་སྣེ་སྟོན་ཡིན་སྲིད་ན། དཀའ་སྤྱད་མདུན་སྐྱོད་དང་དཀའ་ངལ་ཇི་ལྟར་ཆེ་ན་དེ་ལྟར་ལས་སྒྲུབ་བྱེད་ཐུབ་པ་ནི་ང་ཚོའི་ཏང་གི་ངོ་མཚར་གསར་གཏོད་ཀྱི་ཆོས་ཉིད་ཡིན་སྲིད། བདེན་པར་བཤད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན་ང་ཚོས་བསམ་བློ་བཅིངས་འགྲོལ་དང་དངོས་གཉེར་བདེན་འཚོལ་བྱེད་དགོས་ལ། སྤོབས་པ་ཆེན་པོས་ཚོད་ལྟ་བྱེད་པ་དང་དཔའ་ངར་ཆེན་པོས་སྒྱུར་བཅོས་བྱས་ཏེ། གནམ་ས་གསར་བ་ཞིག་བསྐྲུན་དགོས་པར་མ་ཟད། མི་ཡུལ་གྱི་ངོ་མཚར་གསར་གཏོད་བྱེད་དགོས་ཟེར་བ་ནང་བཞིན་རེད། གནམ་ས་གསར་བ་འདི་དང་མི་ཡུལ་གྱི་ངོ་མཚར་འདི་དག་ནི་ལས་སླ་མོ་ཞིག་མིན། མའོ་ཙེ་ཏུང་གིས་སྔོན་ཆད་ཀྲུང་གོ་གསར་བ་གསར་འཛུགས་བྱེད་པའི་རྒྱལ་ཁའི་ཉམས་མྱོང་ལ་སྤྱི་བསྡོམས་བྱེད་སྐབས་མཛུབ་སྟོན་གཏིང་ཟབ་གནང་ནས་བསྟན་དོན། འཐབ་རྩོད་དང་ཕམ་ཁ། ཡང་བསྐྱར་འཐབ་རྩོད་བྱེད་པ་དང་ཡང་བསྐྱར་ཕམ་ཁ་བྱུང་བ། ཡང་བསྐྱར་འཐབ་རྩོད་བྱེད་པ་བཅས་ལོ་བརྒྱ་དང་དགུ་ཡི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། ཐེངས་བརྒྱ་ཕྲག་འགའི་འཐབ་རྩོད་ཆེ་མ་ཆུང་གསུམ་གྱི་ཉམས་མྱོང་སྤྱི་བསྡོམས་བྱས་པ་སྟེ། དམག་དོན་དང་ཆབ་སྲིད། དཔལ་འབྱོར་དང་རིག་གནས། འཁྲུག་རྩོད་དང་ལྷིང་འཇགས་ཀྱི་ཉམས་མྱོང་བཅས་ལས་ད་གཟོད་དེ་རིང་གི་འདི་ལྟ་བུའི་གཞི་རྩའི་རྒྱལ་ཁ་བླངས་པ་རེད་ཟེར། ཁོང་གིས་ཆེད་དུ་བསྟན་དོན། ཕམ་ཁར་མི་སྐྲག་པ་དང་རང་སྲོག་ཤོར་བར་མི་འཛེམས་པ། བྱེད་ཐབས་སྣ་ཚོགས་པ་བརྒྱུད་པའི་འཐབ་རྩོད་ལས་མཇུག་མཐར་རྒྱལ་ཁ་བླངས་པ་འདི་ནི་མི་དམངས་ཀྱི་རིགས་ལམ་རེད་ཟེར། ང་ཚོའི་ཏང་གིས་ནང་གནས་ཀྱི་རིགས་ལམ་འདི་བརྒྱུད་ནས་མི་དམངས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ། རྒྱུན་ཆད་མེད་པར་དགའ་སྐྱོ་འདྲེས་མའི་འཐབ་རྩོད་སྤེལ་བར་མ་ཟད། རྣམ་པ་གསར་བ་གསར་གཏོད་དང་གནམ་ས་གསར་བ་གསར་གཏོད་མཛད་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གསར་བ་གསར་འཛུགས་གནང་བ་ནི་བློ་མཐུན་མའོ་ཙེ་ཏུང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་གསར་དུ་བཏོད་པའི་སྐོར་ཐེངས་དང་པོའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་གནམ་ས་གསར་བ་ཞིག་ཡིན། རྣམ་པ་གསར་བའི་འདིའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་གསར་བརྗེ་ཡི་བྱེ་བྲག་གི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། མའོ་ཙེ་ཏུང་གི་དགོངས་པ་གསར་སྐྲུན་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཡུན་རིང་གི་དཀའ་སྤྱད་འབད་འཐབ་བརྒྱུད་དེ། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ཡོངས་འགྲུབ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་རེད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་སྔར་ལས་གཏན་འཁེལ་གསལ་བོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བགྲོད་ལམ་འཚོལ་ཞིབ་བྱེད་པའི་འཕེལ་རིམ་ཁྲོད་དུ་གསར་གཏོད་ཀྱི་རྣམ་པ་གསར་བ་བཏོད་པར་མ་ཟད། ཀྲུང་གོའི་ལོ་རྒྱུུས་སྟེང་གི་ཆེས་གཏིང་ཟབ་པ་དང་ཆེས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱལ་ཁའི་ངང་མངོན་འགྱུར་བྱས་ཏེ། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ཐད་ལ་ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་གཞི་རྩའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་པ་རེད། ལྷག་པར་དུ་སྤྱི་ཚོགས་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ལམ་ལུགས་གསར་བའི་འཛུགས་སྐྲུན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བསམ་བློའི་རྣམ་པ་སོགས་ཀྱི་ཐད་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་དུས་རབས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འཚོལ་ཞིབ་ཀྱི་ཁྲོད་ནས་ཀྱག་ཀྱོག་ཚབས་ཆེན་ཀྱང་རབ་དང་རིམ་པ་བརྒྱུད་ཡོད་མོད། འོན་ཀྱང་ཏང་གིས་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་དུ་གསར་གཏོད་རང་བཞིན་གྱི་གཞུང་ལུགས་གྲུབ་འབྲས་རླབས་པོ་ཆེ་བླངས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ཁྲོད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་སྐྲུན་བྱེད་པའི་ཐད་ལ་རིན་ཐང་བྲལ་བའི་ཉམས་མྱོང་དང་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས་ཡོད། དེ་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་གཏན་འཁེལ་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རླབས་ཆེན་འཕེལ་རིམ་ལ་རྒྱུན་མཐུད་སྒོས་སྐུལ་འདེད་དང་སྒོ་འབྱེད་བྱས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པའི་གནམ་ས་གསར་བ་ཞིག་ཡིན་པར་མ་ཟད། རླབས་ཆེ་བའི་ལོ་རྒྱུས་ཀྱི་རྣམ་པ་གསར་བ་ཞིག་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་གསུམ་པའི་རྗེས་སུ་བློ་མཐུན་ཏིན་ཞའོ་ཕིང་འཐུབ་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་འཛིང་བྱེད་མཁས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་གཏིང་ཟབ་སྒོས་སྤྱི་བསྡོམས་བྱས་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལོ་རྒྱུས་ཀྱི་ཉམས་མྱོང་ལ་དཔེ་ལྟ་བྱས་ནས་ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་མཛད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནད་ས་དེ་དཔལ་འབྱོར་འཛུགས་སྐྲུན་སྟེང་བཞག་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཇུས་ཆོད་ལག་བསྟར་དངོས་འབེབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་སྒོས་གསལ་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ་རེད། རང་ཉིད་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུ་གསལ་བོར་བཏོན་ཡོད། ཚན་རིག་གི་ལམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་ལ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་དུ་རིམ་པ་གསུམ་དུ་བགར་ནས་བགྲོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རྒྱས་འཐབ་ཇུས་རྩ་བའི་ཆ་ནས་མངོན་འགྱུར་འབྱུང་རྒྱུ་གཏན་འབེབས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་གསར་འབྱེད་བྱས་པ་རེད། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་འགུལ་སྐྱོད་ལོ་རྒྱུས་སྟེང་གི་རླབས་ཆེན་གསར་གཏོད་ཅིག་རེད། བློ་མཐུན་ཅང་ཙེ་མེན་འཐུབ་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཞིག་ལ་སྤྱི་ཚོགས་རིང་ལུགས་ཟེར་བ་དང་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཏང་ཅི་ལྟ་བུ་འཛུགས་པ། ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་གནད་དོན་གལ་ཆེན་ལ་ངེས་ཤེས་གཏིང་ཟབ་དང་ལན་གསལ་བོ་བཏབ་ནས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྲུབ་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་དམིགས་འབེན་དང་རྩ་བའི་སྒྲོམ་གཞི་གཏན་འཁེལ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་སྒྲིག་གཞི་དང་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་པ་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཁྱོན་ཡོངས་ནས་གསར་གཏོད་བྱས་ཏེ། ཏང་གི་འཛུགས་སྐྲུན་གསར་བའི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་དུས་རབས་ཉེར་གཅིག་པར་བསྐྱོད་པར་སྐུལ་འདེད་བཏང་། བློ་མཐུན་ཧུའུ་ཅིན་ཐའོ་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གསར་བའི་འཐབ་རྩོད་གསར་བའི་ལག་ལེན་རེ་བ་བཞིར་བཟུང་ནས། གནས་བབ་གསར་བའི་འོག་ཏུ་འཕེལ་རྒྱས་ཇི་ལྟ་བུ་ཞིག་མངོན་འགྱུར་བྱེད་པ་དང་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་སོགས་གནད་དོན་གལ་ཆེན་ལ་ངེས་ཤེས་གཏིང་ཟབ་དང་ལན་ཁ་གསལ་བཏབ་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་གྲུབ་པར་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དུ་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་སྒྲིག་གཞི་གྲུབ་པར་བྱས་ནས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་ནས་ཡང་བསྐྱར་གནམ་ས་གསར་བ་ཞིག་བསྐྲུན་པར་མ་ཟད། རླབས་ཆེ་བའི་ལོ་རྒྱུས་ཀྱི་རྣམ་པ་གསར་བ་ཞིག་ཡང་བསྐྱར་མངོན་པར་བྱས། བློ་མཐུན་ཞི་ཅིན་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་གསར་བར་ཞིབ་ལྟ་བྱས་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་བ་རེད། ལག་ལེན་ལ་སྤྱི་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱས་པ་བརྒྱུད་ནས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟ་བུ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་ཀྱི་བརྗོད་གཞི་ཆེན་པོ་འདི་ཇི་ལྟར་རྒྱུན་འཁྱོངས་འཕེལ་རྒྱས་སུ་གཏོང་བར་ལན་གཏིང་ཟབ་བཏབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གྲུབ་པར་བྱས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་རྒྱུན་འཁྱོངས་མཐུན་སྦྱོར་བྱེད་པར་སྐུལ་འདེད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་ཡར་སྐུལ་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་གནམ་ས་གསར་བ་དང་ལོ་རྒྱུས་ཀྱི་རྣམ་པ་གསར་བ་མངོན་པར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྣང་བརྙན་གསར་བ་གྲུབ་པར་བྱས་ནས། རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་འཕེལ་རྒྱས་ཤིག་འཛམ་གླིང་ཡོངས་ཀྱི་མིག་མདུན་དུ་བསྟར་བ་རེད།

གདོང་ལེན་པ་བྱེད་ཕོད་པ་དང་གདོང་མཆོང་བྱེད་ཕོད་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་སྒོས་བསྟན་དོན། བྱ་གཞག་ཇི་ལྟར་རླབས་ཆེན་ཡིན་ན་དེ་བཞིན་དུ་དཀའ་ཁག་དང་འཕྲད་སྲིད་ལ། དེ་བས་ཀྱང་གསར་གཏོད་གསར་སྐྲུན་བྱེད་དགོས་ཞེས་གསུངས་པར་མ་ཟད། ང་ཚོས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་བར་དུས་ངེས་མེད་དུ་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན་ཡོད། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱ་ལ་འཕྲད་མ་མྱོང་བའི་འགྱུར་ལྡོག་དང་འཕྲད་ཡོད་པ་དང་། ང་ཚོ་སྔར་ལས་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་སྔ་ན་མེད་པའི་འགྲན་རྩོད་དང་འཕྲད་ཡོད་པས། འདི་ནི་ངེས་པར་དུ་བགྲོད་དགོས་པའི་ལྡོག་ཐབས་མེད་པའི་མདུན་སྐྱོད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་གནས་ཡུལ་སོ་སོ་ནས་དུས་རྒྱུན་དུ་དྲན་སྐུལ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ལས་སླ་མོའི་ངང་ནས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན་ལ། རླབས་ཆེན་གྱི་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་རླབས་ཆེན་འཐབ་རྩོད་སྤེལ་དགོས་པ་དང་། རླབས་ཆེན་འཐབ་རྩོད་དེའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་ཁག་རང་བཞིན་བཅས་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་དགོས་ཟེར། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཁྱབ་རྒྱ་ཆེ་བའི་སྒོ་ནས་རྒྱལ་ནང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་སྟངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་པར་མ་ཟད། ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བོར་བསྟན་དོན། ཏག་ཏག་འདིའི་སྐབས་སུ་ཁྱོན་ཡོངས་དང་རྩོད་སྒྲུབ། ཡུན་རིང་བཅས་ལ་དམིགས་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། ཡིད་ཆེས་ཇེ་དྲག་དང་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཟེར། ཁོང་གིས་རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་འགྲན་རྒྱལ་གྱི་སེམས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དགྲ་བོ་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་དགྲ་བོ་སུ་དང་གང་གིས་ཀྱང་འགྲན་ཟླ་མེད་པའི་ཞུམ་མེད་ཀྱི་གསར་བརྗེའི་བློ་སྟོབས་བཅངས་ནས། གདོང་ལེན་པ་བྱེད་ཕོད་པ་དང་གདོང་མཆོང་བྱེད་ཕོད་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་རང་བཞིན་མཚོན་པར་བྱེད་དགོས་པའི་རེ་བ་བཏོན། ཁོང་གིས་ནན་གྱིས་བསྟན་དོན། གནད་འགག་གི་སྐབས་སུ་རྒྱུག་ཐུབ་པ་དང་ཉེན་ཁར་ཐུག་ན་སྐྲག་སྣང་མེད་པ་ནི་དོན་ངོ་མའི་གུང་ཁྲན་ཏང་མི་ཡིན་ཟེར། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་སོང་ཟིན་པའི་འཐབ་རྩོད་ལོ་རྒྱུས་ཀྱིས་སྔར་ལས་གསལ་བཤད་གང་ལེགས་བྱས་ཡོད་པ་ནི། ང་ཚོའི་ལས་དོན་ནི་ཐོག་མ་ཉིད་ནས་བདེ་བླག་ཀུན་འགྲུབ་ཅིག་གཏན་ནས་མིན་ལ། དེ་ནི་འཐབ་རྩོད་ཀྱི་ཁྲོད་ནས་བྱུང་བ་དང་འཐབ་རྩོད་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་སོང་ལ། འཐབ་རྩོད་ཀྱི་ཁྲོད་ནས་སྟོབས་ལྡན་དུ་གྱུར་བ་རེད། ང་ཚོའི་མི་རིགས་འདི་ཡང་ལོ་རྒྱུས་ཀྱི་དཀའ་ཁག་གང་མང་བརྒྱུད་པའི་མི་རིགས་ཤིག་ཡིན་མོད། འོན་ཀྱང་དཀའ་ཁག་གང་གིས་ཀྱང་གནོན་ཐུབ་མེད་ལ། དཀའ་ངལ་ཇི་ལྟར་ཆེ་ན་མདུན་སྐྱོད་ཀྱི་སེམས་ཤུགས་དེ་ལས་ཆེ་བ་དང་། དཀའ་ཁག་གི་ཁྲོད་ནས་རྒྱུན་ཆད་མེད་པར་ནར་སོན་པ་དང་དཀའ་ཁག་གི་ཁྲོད་ནས་འབད་འཐབ་བྱས་ཏེ་ཡོང་བ་རེད། ང་ཚོར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ཁྲོད་ནས་གདོང་ལེན་པ་བྱེད་ཕོད་པ་དང་གདོང་མཆོང་བྱེད་ཕོད་པའི་སྙིང་སྟོབས་ཡོད་ན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ངེས་པར་དུ་སྔར་ལས་ལྷག་པའི་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རྒྱས་བགྲོད་ལམ་སྔར་ལས་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་ངེས་རེད།

ལོ་ཙཱ་བ། དཔའ་བརྟན་རྒྱལ།