སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་ཨན་ཧོས་ཞིང་ཆེན་དུ་གཟིགས་ཞིབ་མཛད་སྐབས་བསྟན་དོན། མི་དམངས་ནི་ང་ཚོའི་ཏང་གི་སྲིད་འཛིན་རྨང་གཞི་ཡིན་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་ཆུ་ལོག་ཉེན་འགོག་འཐབ་རྩོད་ལས་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་སྲིད་བཟུང་བ་དང་། མི་དམངས་ལ་བརྟེན་ནས་སྲིད་བཟུང་ན། ཀུན་ལས་རྣམ་པར་རྒྱལ་ཐུབ་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་ཏང་གི་དམིགས་བྱ་ལག་ལེན་དུ་བསྟར་བ་དང་མང་ཚོགས་གཙོ་འཛིན་གྱི་ལྟ་ཚུལ་སྲ་བརྟན་དུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གལ་ཆེན་ཡིན་པ་དང་། མི་དམངས་ནི་ང་ཚོའི་ཏང་གིས་སྲིད་འཛིན་པའི་བློ་སྤོབས་ཡིན་པའི་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཀྲུང་གོའི་མི་ཚང་མ་འཚོ་བ་སྔར་ལས་སྐྱིད་པོ་རོལ་དུ་འཇུག་པའི་དམངས་ལ་བཅངས་པའི་བརྩེ་སེམས། སྒེར་སེམས་ཅི་ཡང་མེད་པར་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླ་མེད་གོ་རྟོགས་བཅས་ལ་དམ་དུ་སྦྲེལ་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལས་ང་ཚོའི་ཏང་འདི་མི་དམངས་ཀྱི་ཆེད་དུ་བྱུང་བ་དང་མི་དམངས་ཀྱི་ཆེད་དུ་དར་རྒྱས་སུ་སོང་བ་གསལ་བོར་མཚོན་ཡོད།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ནི་མར་ཁེ་སི་རིང་ལུགས་ཀྱི་དམངས་གཙོ་ཚོགས་པའི་བསམ་བློའི་གསར་གཏོད་འཕེལ་རྒྱས་དང་དུས་རབས་ཀྱི་དགོངས་འཆར་ཡིན།
བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ང་ཚོའི་ཏང་གི་གཞི་རྩའི་དམིགས་བྱ་ཡིན། མི་སུའི་ཆེད་དང་མི་སུ་ལ་བརྟེན་པའི་གནད་དོན་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཞིབ་བཤེར་བྱེད་སྤྱད་ལྟ་བུ་ཡིན། མར་ཁེ་སི་དང་ཨིན་ཀི་སི་ཡིས་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ནི་མི་མང་ཆེ་བའི་ཡིན་ལ། མི་མང་ཆེ་བའི་ཁེ་ཕན་བརྩོན་ལེན་བྱེད་པའི་སྒེར་ཚུགས་ཀྱི་ལས་འགུལ་ཞིག་ཡིན་པ་དང་། མ་འོངས་པའི་སྤྱི་ཚོགས་སུ་ཐོན་སྐྱེད་ལས་མི་ཚང་མ་ཕྱུག་པོར་འགྱུར་བའི་དམིགས་འབེན་འགྲུབ་སྲིད་པར་བསྟན། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བས་ཀྲུང་གོ་གུང་ཁྲན་ཏང་མིས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་འཛམ་གླིང་ལ་བཅོས་སྒྱུར་བྱེད་པའི་བདེན་ལུགས་འདོན་སྤྲོད་བྱས་ཏེ། མངོན་པར་གསལ་བའི་མི་དམངས་རང་བཞིན་གྱིས་ཀྲུང་གོའི་བཟོ་བ་གྲལ་རིམ་དང་ཀྲུང་ཧྭ་མི་རིགས་ཀྱི་གོ་རྟོགས་བསྐྱེད་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མི་དམངས་ཀྱི་ལངས་ཕྱོགས་དེ་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་སུ་བྱས་པ་དང་། ལངས་ཕྱོགས་དེ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ལྷན་སྐྱེས་སུ་མངའ་བའི་ཁྱད་གཤིས་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ལས་བཟོ་བ་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་ཅི་ཡང་མེད་པ་གཏན་འཁེལ་གསལ་བོ་བྱས་འདུག ཏང་གིས་དུས་ནམ་ཡང་མང་ཚོགས་ཀྱི་ཁེ་ཕན་གོ་གནས་དང་པོར་བཞག་ཡོད་ཅིང་། ཅཱ་ཞིན་མཚེའུ་ལྷོ་མའི་སྟེང་གི་གྲུ་ཆུང་ཞིག་ནས། མི་དམངས་དུང་ཕྱུར་བཅུ་བཞིའི་རེ་བ་ཐེག་པའི་གྲུ་གཟིངས་ཆེན་མོའི་བར། ལོ་ངོ་བརྒྱའི་རྦ་རླབས་དྲག་ཏུ་འཕྱོ་བའི་འགྲུད་བཞུད་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྱག་ཀྱོག་ལོ་ཟླའི་ཁྲོད་ནས་འབད་འབུངས་བྱས་པ་དང་། དཀའ་སྡུག་མང་བོར་འཕྲད་ཀྱང་རྣོ་ལྕགས་ལྟ་བུའི་གཤིས་ཀ་ལྡན་པར་གྱུར་བའི་གཞི་རྩའི་རྒྱུ་རྐྱེན་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་དུ་སྦྲེལ་ནས། མི་དམངས་བར་གཅིག་སེམས་གཅིག་ལ་སྦྲེལ་བ་དང་མི་དམངས་བར་དཀའ་སྡུག་མཉམ་མྱོང་བྱས་པར་མ་ཟད། མི་དམངས་བར་མཐུན་སྒྲིལ་འབད་འཐབ་བྱས་པས་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་མི་དམངས་གཙོར་འཛིན་གྱི་དགོངས་པ་ཕུན་ཚོགས་དང་འཕེལ་རྒྱས་སུ་བཏང་ཞིང་། ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་འབེན་གསལ་རྗེན་དུ་མཚོན་ཡོད་ལ། འཕེལ་རྒྱས་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་དེ་མི་དམངས་ལ་བརྟེན་པ། འཕེལ་རྒྱས་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པའི་གཞི་རྩའི་གནད་དོན་ལ་ལན་གསལ་བོ་བཏབ་སྟེ། ཏང་དང་མི་དམངས་ཀྱི་ཉ་ཆུ་ལྟ་བུའི་འབྲེལ་བ་ཚད་མཐོན་པོས་ཕྱོགས་བསྡུས་བྱས་ཡོད། དེའི་ནང་མི་དམངས་མང་ཚོགས་ནི་མཛེས་སྡུག་འཚོ་བའི་རིན་ཐང་དགོས་མཁོ་དང་ཏང་གི་མགོ་ཁྲིད་འོག་གི་ལག་ལེན་གསར་གཏོད་མཁན་ཡིན་ལ། ཏང་ནི་མི་དམངས་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བའི་རིན་ཐང་གསར་གཏོད་བྱེད་པའི་འཚོལ་སྙེག་མཁན་དང་འབད་འཐབ་ལྷོད་མེད་བྱེད་མཁན་ཡིན་པས། དེ་གཉིས་འོ་ཆུ་ལྟར་དུ་གཅིག་སེམས་གཅིག་ལ་འདྲེས་ཡོད།
ཡོད་ཚད་མི་དམངས་ལ་བརྟེན་པ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་བྱེད་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ལོ་རྒྱུས་དངོས་གཙོ་རིང་ལུགས་ལས་མི་དམངས་མང་ཚོགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་མཇུག་མཐའི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཡིན་པ་དང་། ལོ་རྒྱུས་ཀྱི་གསར་གཏོད་མཁན་དང་རྩོམ་འབྲི་བ་ཡིན་པ་གསལ་བོར་བརྗོད་ཡོད། མར་ཁེ་སི་དང་ཨིན་ཀི་སི་ཡིས་ལོ་རྒྱུས་ཀྱིས་དོན་ཅི་ཡང་བསྒྲུབས་མེད་པས། དེར་བློ་ཡུལ་ལས་འདས་པའི་ཕུན་ཚོགས་རང་བཞིན་ཅི་ཡང་མེད་ལ། འཐབ་འཁྲུག་གང་ཡང་སྤེལ་མྱོང་མེད། དངོས་ཡོད་ཀྱི་མི་གསོན་པོ་དག་གིས་འདི་ཡོད་ཚད་གསར་གཏོད་བྱས་པ་དང་། དེ་ཡོད་ཚད་བདག་གིར་བྱས་ཏེ་འཐབ་རྩོད་སྤེལ་བ་ཡིན་པར་བསྟན། བློ་མཐུན་མའོ་ཙེ་ཏུང་གིས་ངེས་པ་དོན་གྱི་ཤ་ཡི་གཟུགས་ལ་ལྕགས་ཀྱི་སྲོག་ཐོགས་པ་ཅི་ཡིན་ཟེར་ན། དེ་ནི་མང་ཚོགས་ཡིན་པ་དང་། བློ་སེམས་གཉིས་མེད་ཀྱིས་གསར་བརྗེ་ལ་གོང་བཀུར་བྱེད་པའི་མང་ཚོགས་ཁྲི་སྟོང་མང་བོ་ཡིན། དེ་ནི་ངེས་པ་དོན་གྱི་ཤ་ཡི་གཟུགས་ལ་ལྕགས་ཀྱི་སྲོག་ཐོགས་མཁན་ཡིན་ཞིང་། སྟོབས་ཤུགས་གང་གིས་ཀྱང་གཏོར་མི་ཐུབ་ལ་དུས་ནམ་ཡང་གཞོམ་གཞིག་བྲལ་བར་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་མཁན་དང་མི་དམངས་ནི་ངེས་པ་དོན་གྱི་དཔའ་བོ་ཡིན། ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་ནས་འབྱོར་ཕྱུག་ཏུ་གྱུར་བ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་འཕུར་སྐྱོད་བྱུང་བ་ནི་ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་ལས་བྱུང་བ་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་འགྲན་རྩོད་མདུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་བར་ང་ཚོར་སྟོབས་ཤུགས་དང་ཡིད་ཆེས་སྦྱིན་མཁན་ནི་ཀྲུང་གོའི་མི་དམངས་ཡིན། རིམས་ནད་ཀྱི་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པར་གཅིག་གྱུར་བཀོད་འདོམ་བྱེད་པར་མི་དམངས་ལ་ཉེ་བར་བརྟེན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་བར་འབྲེལ་འདྲིས་དམ་པོ་བྱེད་པ། མི་དམངས་ལ་ཉེ་བར་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབུར་ཐོན་ཁྱད་སྟོབས་མངོན་པར་མཚོན་ཡོད་པ་དང་། དཀའ་ཁག་དང་འགྲན་རྩོད་གང་འདྲ་ཞིག་ལ་འཕྲད་ཀྱང་། མི་དམངས་ཀྱི་རྒྱབ་སྐྱོར་དང་ཟབ་ཞུགས་ཡོད་ན་ཁྱད་དུ་སེལ་མི་ཐུབ་པའི་དཀའ་ཁག་དང་བརྒལ་མི་ཐུབ་པའི་འགག་སྒོ་ཞིག་མེད་པ་གསལ་བོར་བསྟན་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་གཏན་འབེབས། འཕེལ་རྒྱས་དམིགས་འབེན་གང་ཡིན་ཡང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་བྱེད་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གཏོང་དགོས་པ་གསལ་བོར་བསྟན་ཡོད།
ཀྲུང་གོའི་མི་ཚང་མར་སྔར་ལས་བཟང་བའི་འཚོ་བ་རོལ་དུ་འཇུག་པ་ནི་ང་ཚོའི་ཏང་གི་འབད་འཐབ་དམིགས་འབེན་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོའི་དམིགས་འབེན་རླབས་ཆེན་ཡིན་ཡང་ལྷག་ཏུ་བབ་ཆགས་ཡིན། དེ་མདོར་དྲིལ་ན་ཀྲུང་གོའི་མི་ཚང་མར་སྔར་ལས་བཟང་བའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན། ཏང་གིས་མི་དམངས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་དམིགས་ཡུལ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་པ་དང་། འགྲན་རྩོད་དང་གནོན་ཤུགས་ཅི་འདྲའི་ཆེན་པོར་འཕྲད་པ་དང་། རིན་དོད་ཅི་འདྲའི་མང་བོ་གཏོང་དགོས་ཀྱང་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་སྤུ་ཙམ་ཡང་འབྱུང་མི་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མི་དམངས་ཀྱི་འབོད་སྐུལ་དང་དུ་བླངས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དུས་ཡུན་ཐུང་ངུའི་ནང་གཞི་རྒྱ་ཧ་ཅང་ཆེ་བའི་མི་གྲངས་དབུལ་ཐར་བྱས་པའི་ཀྲུང་གོའི་ཁྱད་མཚར་མངོན་འགྱུར་བྱུང་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད་ཅིང་། འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་བ་བཙུགས་ཡོད་ལ། སྟག་དང་སྦྲང་ནག་ལ་མཉམ་དུ་ཆམ་ཕབ་གཏོང་བ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་ཉེ་འགྲམ་ནས་བྱུང་བའི་རུལ་སུངས་གནད་དོན་ལ་དག་ཐེར་བཅོས་སྐྱོང་ནན་མོ་བྱས་ཏེ། གཙོ་བོ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྲེལ་མྱུར་གནད་དོན་ཐག་གཅོད་བྱས་པ་སོགས་གང་ཡིན་ཡང་མི་དམངས་མང་ཚོགས་ཀྱི་རྒྱང་རིང་ཁེ་ཕན་དང་དོན་དངོས་ཁེ་ཕན་དམིགས་སུ་བཟུང་ཡོད་པ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དངོས་ཡོད་ཀྱི་ཐད་ཀའི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པར་དམིགས་ཡོད། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བླ་རུ་བཀུར་བ་དང་། ཚེ་སྲོག་བླ་རུ་བཀུར་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་རིན་དོད་ཅི་འདྲ་གཏོང་དགོས་ཀྱང་ཕངས་བ་མེད་པ་ནན་གྱིས་བསྟན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིད་འགུལ་ཐེབས་པའི་སྒོ་ནས་ངས་ཚེ་གང་བོར་འདི་འདྲའི་སྐུལ་སློང་ཞིག་མཐོང་མ་མྱོང་ཞེས་བརྗོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་སུ་མི་དམངས་བཅངས་ཡོད་ཅིང་། འཐབ་ཇུས་ཆེན་མོ་གང་ཡིན་ཡང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ལ་འབྲེལ་བར་བྱས་ཡོད། ཡིད་སེམས་འགུལ་བའི་ཞིབ་ཆ་རེ་རེ་ལས་མི་དམངས་བླ་རུ་བཀུར་བའི་སྲིད་འཛིན་འདུ་ཤེས་རྒྱས་བཤད་བྱས་ཡོད་ལ། གསོན་ཉམས་ལྡན་པའི་དོན་དངོས་རེ་རེ་ལས་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་སེམས་ཁུར་ཆེན་པོ་བྱེད་པ་མཚོན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ནི་གཞུང་ལུགས་ཡིན་ལ་ལག་ལེན་ཀྱང་ཡིན། དངོས་ཡོད་ཡིན་ལ་རྒྱང་རིང་ཡང་ཡིན། དུས་རབས་ནི་རྒྱུགས་གཞི་འདོན་མཁན་ཡིན་པ་དང་ང་ཚོ་ནི་རྒྱུགས་ལན་སྤྲོད་མཁན་ཡིན་ལ། མི་དམངས་ནི་རྒྱུགས་ཤོག་ལ་ལྟ་མཁན་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད། ང་ཚོས་ངེས་པར་དུ་དུས་ཚོད་ཀྱི་སྔ་གཞུག་བརྩད་དེ་ལོ་རྒྱུས་དང་མཉམ་སྐྱོད་བྱེད་དགོས། དེང་རབས་ཀྲུང་གོ་གུང་ཁྲན་ཏང་མི་མི་རིགས་བསྐྱར་དར་ནང་ཞུགས་པ་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་འདི་ལྟར་བྲག་རི་ལས་བརྟན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མདུན་ལམ་ལས་དབང་དང་ཀྲུང་ཧྭ་མི་རིགས་དང་། ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་ལས་དབང་འདི་ལྟར་དམ་པོར་སྦྲེལ་ཡོད།
གཟབ་ནན་གྱི་རྩ་འཛུགས་མ་ལག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཀྱི་དངོས་འབེབས་ལ་སྐུལ་འདེད་བཏང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གཟབ་ནན་གྱི་རྩ་འཛུགས་མ་ལག་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཁྱད་སྟོབས་དང་སྟོབས་ཤུགས་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་དངོས་འབེབས་བྱེད་ན། ཏང་གི་གཟབ་ནན་གྱི་རྩ་འཛུགས་མ་ལག་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས།
མི་དམངས་ཀྱི་གཙོ་འཛིན་གྱིས་གྲུ་གཟིངས་ལ་ཁ་ལོ་བསྒྱུར། ཨིན་ཀི་སི་ཡིས་དབང་གྲགས་སྨྲ་བ་ཞེས་པའི་དཔེ་ཆའི་ནང་བསྟན་དོན། དབང་གྲགས་མཁོ་བ་གསལ་བཤད་གསལ་བོ་བྱེད་ཐུབ། རྒྱ་མཚོ་ཆེན་མོར་བགྲོད་པའི་གྲུ་གཟིངས་ཤིག་ལ་ཆ་བཞག་ཚེ། ཉེན་ཁའི་གནད་འགག་གི་སྐབས་སུ་ཚང་མའི་ཚེ་སྲོག་སྐྱོབ་དགོས་ན། མི་ཚང་མས་མྱུར་མོར་མི་གཅིག་གི་བསམ་ཚུལ་མཐའ་གཅིག་ཏུ་དང་ལེན་བྱེད་དགོས་ཟེར། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལག་ལེན་ལས་རྒྱལ་ཁབ་ཅིག་དང་སྲིད་ཏང་ཞིག་ལ་མཚོན་ན་སྲོག་ཤིང་མགོ་ཁྲིད་གལ་འགངས་ཧ་ཅང་ཆེ་བ་བདེན་དཔང་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་གྱུར་བཀོད་འདོམས་མཛད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཆེ་ཕྱོགས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོར་གནད་དུ་འཁེལ་བའི་དཔྱད་བརྗོད་སྤེལ་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བགྲོད་ལམ་གསལ་བོར་བསྟན་ཡོད་པ་དང་། མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པར་རླབས་ཆེན་འཆར་འགོད་མཛད་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱང་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཏན་ཚིགས་ཀྱི་མགོ་རྩོམ་ས་དང་མདུན་སྐྱོད་ཁ་ཕྱོགས་གསལ་བོར་བསྟན་ཡོད་པར་མ་ཟད། ཏང་གི་རླབས་ཆེ་བའི་རང་སྟེང་གི་གསར་བརྗེ་ལས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པར་བྱེད་ཐབས་དང་བཀོད་སྒྲིག་གལ་ཆེན་བྱས་ཡོད། དེ་ལས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ཞིབ་དཔྱོད་གཏིང་ཟབ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་དམ་འཛིན་གང་ལེགས་བྱེད་པ། ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ལ་བསམ་བློ་ཞིབ་ཏུ་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ལ་དོ་སྣང་ཟབ་མོ་བྱེད་པ་བཅས་གཅིག་བསྡུས་ཀྱིས་མཚོན་ཡོད། དེའི་ནང་མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་ནི་མགོ་རྩོམ་ས་དང་རྐང་འཛུགས་ས་ཡིན། ཏང་ཡོན་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་དངོས་འབེབས་བྱེད་དགོས་ན། ངེས་པར་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ཏེ། ཏང་ལ་བློ་དཀར་བའི་ཆབ་སྲིད་ཀུན་སྤྱོད་གཏན་སྲུང་དང་། དུས་རྒྱུན་མཉམ་ལྟ་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་བཏང་ནས། བློ་ཐག་རྦད་ཆོད་ཀྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་བར་ཚད་མཐོན་པོའི་གཅིག་གྱུར་སྲུང་འཛིན་བྱས་ཤིང་། སེམས་རྣལ་མས་མི་དམངས་ལ་བརྩི་འཇོག་དང་ལྷག་བསམ་རྣམ་དག་གིས་མི་དམངས་ལ་ཡིད་ཆེས་པ། ངེས་པ་དོན་གྱིས་མི་དམངས་ལ་སྐྱབས་བཅོལ་བ་བཅས་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་འཛད་མེད་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་པར་ཤུགས་སྣོན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་དེ་རང་གིས་བསྐོས་པ་མིན་པར་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་མཇུག་འབྲས་དང་། ཀྲུང་གོའི་མི་དམངས་ཀྱི་རང་རྟོགས་དང་ལུགས་མཐུན་གྱི་གདམ་གསེས་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་གཞི་རྩ་དང་སྲོག་རྩ་ཡིན་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན། མགོ་ཁྲིད་པའི་སྒྲིག་ལུགས་ཐད་ནས་བརྗོད་ན། ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་ཡིན་པ་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདག་པོའི་གོ་གནས་ལ་འགན་སྲུང་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་བྱེད་པ་དེ་བྱེད་ཕྱོགས་སྲིད་ཇུས་གཏན་འབེབས་བྱེད་པའི་རྩ་བའི་རིན་ཐང་ཁྱེར་ཕྱོགས་སུ་བྱས་ཏེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ད་གཟོད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་ཁག་ཐེག་སྟོབས་ལྡན་འདོན་སྤྲོད་བྱེད་ཐུབ། ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱེད་པའི་ཐད་ནས་བསམ་བློ་ནི་ལག་ལེན་གྱི་ཕྱོགས་སྟོན་སྒྲོན་མེ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་དར་ཆ་དང་སྙིང་སྟོབས་དར་ཆ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློའི་ཚན་རིག་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ན། ད་གཟོད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་བྱས་ཏེ་སྲ་བརྟན་གྱི་ཆབ་སྲིད་ངོས་ལེན་དང་བསམ་བློའི་ངོས་ལེན། གཞུང་ལུགས་ངོས་ལེན། བརྩེ་བའི་ངོས་ལེན་བཅས་ལྡན་པར་བྱེད་ཐུབ། རྩ་འཛུགས་རིམ་པ་ནས་བརྗོད་ན། ཆེ་ཕྱོགས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དང་ཕྱོགས་སོ་སོའི་བར་མཐུན་སྦྱོར་བྱེད་པའི་ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་འཛུགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཆེད་དུ་སྲིད་འཛིན་པ་དང་མི་དམངས་ལ་བརྟེན་ནས་སྲིད་འཛིན་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་འཛུགས་པ། ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་མཐོར་འདེགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ན། ད་གཟོད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་བསྟར་བྱེད་པར་རྩ་འཛུགས་དང་སྒྲིག་ལམ། བྱ་སྤྱོད་བཅས་ཀྱི་འགན་སྲུང་དང་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་འཁོར་སྐྱོད་རྐྱེན་སྲོལ་འདོན་སྤྲོད་བྱེད་ཐུབ།
རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་མཐོར་འདེགས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ལ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་སྐབས་འཛམ་གླིང་ཧྲིལ་བོ་ཧ་ལས་པའི་ཀྲུང་གོའི་ཁྱད་མཚར་བསྐྲུན་པ་དང་། མི་སེམས་དྲོད་ཀྱིས་གསོ་བའི་ཀྲུང་གོའི་གཏམ་རྒྱུད་བྲིས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཏང་རྩ་འཛུགས་མ་ལག་གི་གཟབ་ནན་གྱི་ཁྱད་སྟོབས་ཆེན་པོ་འདོན་སྤེལ་བྱས་པས་རེད། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་རྒྱལ་ཡོངས་སུ་ཏང་ཡོན་དང་ལས་བྱེད་པ་བྱེ་བ་གསུམ་དང་ས་ཡ་དགུ་ལྷག་གིས་རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱས་པ་དང་། ཏང་ཡོན་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་དང་བླངས་ཞབས་ཞུར་ཞུགས་ཡོད་ལ། ཏང་ཡོན་དང་ལས་བྱེད་པ་བཞི་བརྒྱ་ཙམ་གྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་ཡོད། བཀྲག་མདངས་ལྡན་པའི་ཏང་གི་དར་ཆས་གཞོམ་གཞིག་བྲལ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་དངོས་འབེབས་བྱེད་པ་དང་། ངེས་པར་དུ་ཏང་གི་རྩ་འཛུགས་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་མ་ལག་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གཙོ་བོ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ཁེབས་ཚད་དམ་འཛིན་བྱེད་དགོས་པར་མ་ཟད། འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྩ་འཛུགས་དོ་དམ་ནན་སྲུང་བྱེད་པ། རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་དམ་འཛིན་དང་གཞི་རིམ་རྨང་འདིང་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཕྱོགས་ཡོངས་གོང་འཕེལ་དང་ཕྱོགས་ཡོངས་སྲ་བརྟན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་དག་ཏང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། ལུགས་མཐུན་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཚོགས་པའི་གྲུབ་ཚུལ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འགྱུར་ལྡོག་ལ་འཚམ་པར་བྱས་ནས། གཞི་རིམ་ཏང་གི་བྱ་བའི་སྒྲིག་ལུགས་རྐྱེན་སྲོལ་གྱི་གསར་གཏོད་དང་བྱེད་ཐབས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་གསལ་བོ་དང་ནན་དཀྲི་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གོང་འོག་མཉམ་སྦྲེལ་དང་རིམ་པ་བཞིན་འགན་ཁུར་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ། དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་གཙོ་བོའི་མུ་འབྲེལ་ཆགས་པར་བྱས་ནས། མི་དམངས་བར་འབྲེལ་འདྲིས་དམ་ཟབ་བྱས་ཏེ་ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། མང་ཚོགས་བར་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་སྟོབས་བཅས་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།
ཏང་ཡོན་ལས་བྱེད་པ་སུ་ཡིན་ཡང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཀྱི་རྣམ་དག་གི་ལག་བསྟར་མཁན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་ནམ་ཡིན་ཡང་ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་དགོས། མི་དམངས་ཞེས་པའི་རྩ་བ་དེ་བརྗེད་མི་རུང་ལ། དུས་ནམ་ཡང་བློ་སེམས་རྣམ་པར་དག་པའི་མི་དམངས་ཀྱི་ཞབས་ཞུ་བ་ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་བོ་དང་ཆེས་མཐོའི་གོ་གནས་སུ་འཇོག་པ་ནི། ཏང་ཡོན་ལས་བྱེད་པ་རེ་རེས་ངེས་པར་དུ་ཆབ་སྲིད་འགན་འཁྲི་དང་ཆབ་སྲིད་ལས་འགན། ཆབ་སྲིད་ཁག་ཁུར་བཅས་གཏན་སྲུང་བྱེད་དགོས།
སློབ་སྦྱོང་དང་བསམ་གཞིགས། ལག་ལེན་ཁྲོད་ནས་མི་དམངས་བླ་རུ་བཀུར་བའི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་པ་ནི་ངེས་པ་དོན་གྱི་མི་དམངས་གཞུང་ལུགས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གང་ལེགས་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། རང་རྟོགས་ཀྱིས་ལག་ལེན་དུ་བསྟར་ན། ད་གཟོད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་ཐུབ་ལ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་མི་ཚེའི་འབད་འཐབ་ལ་སྔར་ལས་མཐོ་བའི་བསམ་བློའི་མགོ་རྩོམ་ས་དང་འཛད་པ་མེད་པའི་སྙིང་སྟོབས་སྒུལ་ཤུགས་ལྡན་པར་བྱེད་དགོས་པ་དང་། དུས་ནམ་ཡང་ང་ཚོའི་ཏང་ནི་མི་དམངས་ལས་ཐོན་པ་དང་མི་དམངས་གཞི་རྩར་བྱེད་པ་བརྗེད་མི་རུང་ལ། རང་ཉིད་སུ་ཡིན་པ་དང་སུའི་ཆེད་དུ་ཡིན་པ། སུར་བརྟེན་པ་བཅས་བརྗེད་མི་རུང་བར་མ་ཟད། རང་ཉིད་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་སྤྱིར་བཏང་གི་མི་སྣ་ཞིག་ཡིན་པའང་བརྗེད་མི་རུང་།
སེམས་ཤུགས་ཡོད་དགུ་བཏོན་ནས་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་མི་དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་ལག་བསྟར་བྱེད་དགོས། མང་ཚོགས་བར་གྱི་བརྩེ་བ་ཟབ་མོ་སྲུང་འཛིན་བྱས་ཤིང་། སེམས་རྣལ་མས་མང་ཚོགས་དགེ་རྒན་དུ་བསྟེན་པ་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་འགན་ཁུར་བ། ངེས་པ་དོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། གཞི་རིམ་གྱི་རྒྱུས་ལོན་རྒྱུན་འཁྱོངས་བྱས་ཏེ་སྦྲེལ་མཐུད་ཐུབ་པ་དང་དམངས་ཀྱི་གནས་ཚུལ་ངེས་པ། དམངས་ཀྱི་རེ་འདུན་བསྐང་བ་བཅས་བྱས་ནས། མི་དམངས་ཀྱི་རེ་འདུན་གཞི་རྩར་བྱེད་པ་དང་། མི་དམངས་ཀྱི་དཀའ་སྡུག་སེམས་སུ་འཛིན་པ། མི་དམངས་ཀྱི་ཁེ་ཕན་གཙོར་འཛིན་དགོས། གནད་དོན་ཐག་གཅོད་བྱེད་པའི་དངོས་ཤུགས་དང་མྱུར་ཤུགས་སྲུང་འཛིན་བྱས་ཏེ་གཙོ་བོ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་སྲུང་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། རེ་རེ་བཞིན་དུ་དངོས་འབེབས་དམ་འཛིན་གྱིས་ལོ་རེ་བཞིན་མུ་མཐུད་དུ་བསྒྲུབ་དགོས། ཁག་ཁུར་གྱི་སྤོབས་པ་དང་འབད་འཐབ་བརྩོན་ལེན་གྱི་བློ་སྤོབས་སྲུང་འཛིན་བྱས་ཤིང་། སྟོབས་ཤུགས་དང་སེམས་ཤུགས་ཡོད་ཚད་དེ་འགན་འཁྲི་ལག་བསྟར་དང་དཀའ་ཁག་ཁྱད་སེལ། དཀའ་གནད་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཀོལ་དགོས།
གང་ནུས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་པར་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ། ལས་དོན་ལྟ་བ་བཅས་ཆགས་པར་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་པ་དེ་ཆབ་སྲིད་སྐྱོང་བའི་མཐོ་ཚད་ནས་དཔྱད་ཞིབ་བྱེད་དགོས་པ་དང་། བསམ་བློའི་བྱ་སྤྱོད་ཐད་ནས་ཐག་གཅོད་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལས་ཏང་གི་ལམ་ཐིག་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་དཀའ་བ་དང་། མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་འགྲོ་བར་བྱེད་པ། ཏང་གི་སྲིད་འཛིན་རྨང་གཞིར་ཉམས་ཉེན་ཐེབས་སུ་འཇུག་པ་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། དེ་ནི་ཏང་གཤིས་དྲག་པོ་མེད་པའི་གནད་དོན་ཆེན་པོ་ཞིག་ཡིན་པ་རེད། བྱ་བའི་བརྒྱུད་རིམ་དང་བྱ་བའི་ལས་རིམ་ཐད་ནས་ཐག་གཅོད་བྱེད་པ་དང་། དོན་དངོས་དང་མི་འཚམ་པའི་དམིགས་འབེན་གཏན་འཁེལ་མི་བྱེད་པ། གྲགས་འགུལ་ཆེ་བ་ཁོ་ན་བསམ་པའི་དོན་དག་མི་བསྒྲུབ་པ། གནད་དོན་ཐག་གཅོད་མི་བྱེད་པའི་ཚོགས་འདུ་མི་སྤེལ་བ། གནད་དོན་ཐག་གཅོད་མི་བྱེད་པའི་ཡིག་ཆ་མི་འདོན་པ། ཁ་བཤད་ཙམ་གྱིས་བསྒྲུབས་པའི་ཚུལ་དང་། བསྒྲུབས་པ་ཙམ་གྱིས་བཟང་བོའི་ཚུལ་མི་འཛིན་པར། བྱ་བ་ཡོད་ཚད་དོན་དངོས་དང་ཕན་ནུས་ལྡན་པར་བྱེད་དགོས། ལས་བྱེད་པའི་འདེམ་བཀོལ་ཁ་ཕྱོགས་ལྟར་ཐག་གཅོད་བྱས་ཏེ། མང་ཚོགས་བར་འབྲེལ་འདྲིས་དམ་པོ་བྱེད་པ་དང་མང་ཚོགས་ལ་ཞབས་ཞུ་གང་ལེགས་བྱེད་པ། བྱ་བ་བསྒྲུབ་འདོད་པ། བྱ་བ་དངོས་སུ་བསྒྲུབ་པ། བྱ་བ་འགྲུབ་པར་བྱེད་པའི་སྟེགས་བུ་ཡོད་པ་དང་གཟེངས་བསྟོད་བྱ་དགའ་ཐོབ་པར་བྱེད་པ་དང་། མང་ཚོགས་སྣང་མེད་དུ་བསྐྱུར་བ་དང་བྱ་སྤྱོད་ཟང་ཟིང་ཡིན་པར་ཉེན་བརྡ་བཏང་སྟེ་ཆད་པ་གཅོད་དུ་བཅུག་ནས། ལས་བྱེད་པས་བྱ་བ་སྣ་ཚོགས་དངོས་འབེབས་དོན་འཁྱོལ་གང་ལེགས་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།