ལོ་རེ་བརྒྱད་ཡིན་པའི་བློ་མཐུན་ཁྲིན་ཀང་ནི་ཅིན་ཀང་རི་བོའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཡིན་ལ། ཁོ་རང་ཅིན་ཀང་རི་བོའི་འདབས་རོལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་དབང་གིས་ཕ་ཡུལ་གྱི་གཞུང་ལམ་རེ་རེ་དང་ཁང་བ་རེ་རེ་ཡི་གཏམ་རྒྱུད་ལ་ཆ་རྒྱུས་ཟབ་མོ་ཡོད་ལ། འབྲེལ་ཡོད་ཀྲུང་གོའི་གསར་བརྗེ་བྱ་གཞག་གི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་པའི་གཏམ་རྒྱུད་ཡིག་འབྲུ་ས་ཡ་བཞི་ལྷག་བྲིས་འདུག
ཁྲིན་ཀང་གིས་དུས་དང་རྣམ་པ་ཀུན་ཏུ་མའོ་ཙེ་ཏུང་གིས་མེ་སྟག་ཆུང་ཡང་རྩྭ་ཐང་སྦར་ཐུབ་ཅེས་པའི་གསུང་རྩོམ་གྱི་མཇུག་ཏུ་མཚོན་པར་བྱས་པའི་ལྗོངས་རིས་ཡིད་ལ་དམ་པོར་བཟུང་ཡོད་དེ། དེ་ནི་མཚོ་འགྲམ་དུ་ལངས་ཏེ་རྒྱ་མཚོའི་ངོས་སུ་གྲུ་གཡོར་གྱི་རྩེ་མོ་མཐོང་ཐུབ་པའི་གྲུ་གཟིངས་ཤིག་དང་རི་བོ་མཐོན་པོའི་རྩེ་མོར་འགྲེང་ཚེ་ཤར་ཕྱོགས་ནས་མཐོང་བའི་འོད་སྣང་ཕྱོགས་བཞིར་འཕྲོ་བའི་ཞོགས་པའི་ཉི་གཞོན་ཞིག་ཡིན་ལ། ཨ་མའི་མངལ་ན་འཕག་འཚག་བྱེད་ཅིང་སྐྱེས་ལ་ཉེ་བའི་ཁྱེའུ་ཞིག་ཡིན།
ལོ་རྒྱུས་ལས་མའོ་ཙེ་ཏུང་གིས་ལུང་བསྟན་པའི་གསར་བརྗེའི་མཐོ་རླབས་ལ་བདེན་དཔང་བྱས་ཡོད་པ་དང་དེ་ལ་རྨང་བཏིངས་ཡོད་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཉམས་ཉེན་ཁྲོད་མུ་མཐུད་དུ་ཐབས་ལམ་གསར་བ་གསར་སྐྲུན་བྱས་པའི་ཀྱག་ཀྱོག་གི་འཚོལ་ཞིབ་ཅིག་རེད།
ཀྲུང་གོ་གུང་ཁྲན་ཏང་མིས་ཐེངས་དང་པོའི་གོ་གུང་མཉམ་ལས་ཁ་ཐོར་བ་ནས་བཟུང་དྲག་ཆས་འཐབ་རྩོད་ཀྱི་གལ་ཆེན་རང་བཞིན་གསལ་བོར་ཤེས། ཉམས་ཉེན་ཐལ་དྲགས་པའི་གནས་ཚུལ་འོག གསར་བརྗེ་སྐྱོབ་པར་བྱེད་ཆེད། གཅིག་དགུ་ཉེར་བདུན་ལོའི་ཟླ་བདུན་པའི་ཟླ་དཀྱིལ་ལ། གསར་དུ་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གནས་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དོན་ཆེན་གསུམ་ཐག་བཅད་དེ། ཏང་གི་དབང་འོག་ཏུ་ཚུད་པའི་དམག་དཔུང་ནན་ཁྲང་དུ་གཅིག་སྡུད་བྱས་ཏེ། དྲག་ཆས་འོས་ལངས་དང་སྟོན་བསྡུ་འོས་ལངས་བྱེད་པར་གྲ་སྒྲིག་བྱས། ཀྲུང་དབྱང་གིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་གསར་བརྗེ་ཆེན་པོ་ཕམ་རྗེས་ཀྱི་བྱེད་ཕྱོགས་གསར་བར་གྲོས་སྡུར་བྱས་ནས་ཐག་བཅད།
ཁྲིན་ཀང་གིས་བཤད་རྒྱུར། ནན་ཁྲང་བཟོ་ཞིང་ལས་འགུལ་སྤེལ་སྐབས་གསར་བརྗེའི་རྨང་གཞི་བརྟན་པོ་ཡོད། སྐབས་དེར་མཁར་དབུས་སུ་དགྲ་བོ་འགོག་མཁན་མི་སྟོང་དྲུག་ཙམ་མ་གཏོགས་མེད་པ་དང་། འོས་ལངས་དམག་དཔུང་ཁྲི་གཉིས་ཙམ་ཡོད་ལ། ནན་ཁྲང་དུ་ནན་ཞོན་ལྕགས་ལམ་མ་གཏོགས་མེད་པས། འོས་ལངས་རྗེས་སུ་དགྲ་དམག་རྒྱབ་རོགས་སུ་མངགས་རུང་དུས་ཐོག་ཏུ་ཐོན་ཐབས་མེད་ཟེར།
གཅིག་དགུ་ཉེར་བདུན་ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཀྲིག་ཨིན་ལའེ་ཝུའུ་ཧན་ནས་ཅིག་ཅང་གཙང་བོ་བརྒྱུད་དེ་ནན་ཁྲང་ལ་ཐོན་ཏེ་ལིས་ལིས་སན་དང་ཡུན་ཏའེ་དབྱིན། ཕིན་ཕའེ་བཅས་དང་མཉམ་དུ་ཅང་ཞི་མགྲོན་ཁང་དུ་དགྲ་འགོག་སྔོན་གྱི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་འོས་ལངས་ཇུས་གཞི་ལ་མཉམ་གྲོས་བྱས་པ་དང་། ཁོ་ཚོས་འོས་ལངས་དུས་ཚོད་དེ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་ལ་གཏན་འཁེལ་བྱས།
ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་གི་འགྲེལ་བཤད་མཁན་ཀན་ཅིན་གྱིས་དུས་སྐབས་དེའི་ལོ་རྒྱུས་འགྲེལ་བཤད་བྱས་པ་ལྟར་ན། ཅང་ཞི་མགྲོན་ཁང་དེ་ནན་ཁྲང་ལྟེ་གནས་ས་ཁུལ་དུ་ཡོད་པ་དང་། འོས་ལངས་འགེབ་སྲུང་བྱེད་པའི་གྲ་སྒྲིག་བྱ་བར་ཕན་པ་ཡོད། དམག་དཔུང་ཉི་ཤུ་བའི་བརྒྱ་དཔོན་གཞོན་པ་ཞིག་ངོ་ལོག་ནས་དགྲ་ལ་མགོ་འདོགས་བྱས་པས། འོས་ལངས་ཀྱི་དུས་ཚོད་ཞོགས་པའི་དུས་ཚོད་བཞི་ནས་དུས་ཚོད་གཉིས་ལ་སྔ་སྣུར་བྱས་པ་རེད་ཟེར།
ད་ལྟ་ནན་ཁྲང་དང་ཅིག་ཅང་གཙང་བོའི་བར་གྱི་སྤྱིར་བཏང་གི་ཞུའུ་ཅ་པུའུ་ལྕགས་ལམ་སྔར་བཞིན་གནས་ཡོད། དྲག་ཆས་འཐབ་རྩོད་ཀྱི་སྔོན་འགྲོའི་རོལ་མོ་དེ་ས་དེ་ནས་ནན་ཁྲང་མཁར་ནང་དུ་སྒྲོག་མགོ་བརྩམས། ཧི་ལུང་དང་ཡེ་ཐིན། ཀྲུའུ་ཏེ། ལིའུ་པོ་ཁྲིན་སོགས་ཀྱིས་མི་ཁྲི་གཉིས་ལྷག་ཁྲིད་དེ་ནན་ཁྲང་མཁར་མགོ་ནས་གོ་མེན་ཏང་གི་ངོ་རྒོལ་ཕྱོགས་ཁག་ལ་དྲག་ཆས་འགོག་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པ་དང་། དུས་ཚོད་བཞི་ལྷག་གི་རིང་ལ་འཐབ་འཛིང་བྱས་མཐར། འོས་ལངས་དམག་གིས་ནན་ཁྲང་གྲོང་ཁྱེར་བདག་ཏུ་བཟུང་།
ནན་ཁྲང་འོས་ལངས་རྗེས་ཀྱི་ཉིན་དྲུག་པར། ཀྲུང་གུང་ཀྲུང་དབྱང་གིས་ཧུའུ་པེ་ཧན་ཁུག་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་པ་དང་དེའི་མིང་ལ་བརྒྱད་བདུན་གྲོས་ཚོགས་ཀྱང་ཟེར། མའོ་ཙེ་ཏུང་གིས་ཚོགས་ཐོག་ནས་སྲིད་དབང་ནི་དྲག་ཆས་འཐབ་རྩོད་ལ་བརྟེན་ནས་བླངས་པ་ངེས་པར་དུ་ཤེས་དགོས་པའི་ཆོད་གཏམ་བཏོན། ནན་ཁྲང་འོས་ལངས་ཀྱིས་གསར་བརྗེ་དྲག་ཆས་འཐབ་རྩོད་ཀྱི་དར་ཆ་ཞིག་བསྒྲེངས་པ་ཡིན་པ་དང་། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་རང་རྐྱ་འཕེར་བའི་སྒོ་ནས་གསར་བརྗེ་འཐབ་རྩོད་ལ་མགོ་ཁྲིད་དེ་མི་དམངས་དམག་དཔུང་གསར་སྐྲུན་བྱས་པ་དང་དྲག་ཆས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་མགོ་བརྩམས་པ་མཚོན་ཡོད།
བརྒྱད་བདུན་གྲོས་ཚོགས་རྗེས་ཀྱི་ཟླ་བརྒྱད་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་གནས་སྐབས་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐེངས་དང་པོའི་སྟེང་མའོ་ཙེ་ཏུང་ཀྲུང་དབྱང་དམིགས་བསལ་ཆེད་མངགས་ཕོ་ཉའི་ཐོབ་ཐང་གིས་ཧུའུ་ནན་ལ་ཕེབས་ཏེ་བརྒྱད་བདུན་གྲོས་ཚོགས་ཀྱི་སྙིང་སྟོབས་བརྒྱུད་བསྒྲགས་བྱས་པ་དང་། དེ་དང་མཉམ་དུ་ཞིང་ཆེན་ཏང་ཨུ་བཅོས་སྒྲིག་གིས་སྟོན་བསྡུ་འོས་ལངས་ལ་མགོ་ཁྲིད་བྱེད་རྒྱུ་ཐག་བཅད།
མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་ལ་བྲིས་པའི་སྙན་རྩོམ་ནང་དུ་གསར་བརྗེ་དམག་དཔུང་གིས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་གསལ་བོར་མངོན་ཡོད་དེ། དམག་དཔུང་ལ་བཟོ་ཞིང་གསར་བརྗེ་ཞེས་འབོད་པ་དང་དར་ཆ་ལ་ཐོ་བ་དང་ཟོར་བའི་རྟགས་ཡོད། ཅང་ཞི་ཡུལ་ནས་མི་སྡོད་པར་ཧུའུ་ནན་ཕྱོགས་སུ་ཐད་ཀར་བསྐྱོད། ས་བདག་གིས་གཉའ་གནོན་ཚད་མེད་བྱས་པར་ཞིང་བ་རྣམས་ཁོང་ཁྲོ་ཆེ་རུ་ལངས་ཤིང་། སྟོན་བསྡུའི་དུས་སུ་སེམས་ཁྲལ་ཆེ་བ་དང་ཟིང་འཁྲུག་གི་སྐད་སྒྲ་ལྷང་ལྷིང་བསྒྲགས་ཞེས་བྲིས་ཡོད།
ཅིན་ཀང་རི་བོའི་གསར་བརྗེ་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྟོན་བསྡུའི་འོས་ལངས་ཀྱི་མདུང་རིང་སྟེང་དུ་གསར་བརྗེར་རྒྱལ་ཁ་ཐོབ་པར་ཁྲི་ལོར་ཤོག་ཅེས་པ་བརྐོས་ཡོད།
བཟོ་བ་དང་ཞིང་བ། གསར་བརྗེ་དམངས་དམག ཤེས་ཡོན་ཅན་བཅས་ཀྱིས་གྲུབ་པའི་དཔུང་སྡེ་དེ་གུང་ཁྲན་ཏང་གིས་ཐད་ཀར་མགོ་ཁྲིད་པའི་བཟོ་ཞིང་གསར་བརྗེ་དམག་དཔུང་ལ་གཏན་འཁེལ་བྱས་ཏེ། ཐོ་བ་དང་ཟོར་བའི་རྟགས་ཡོད་པའི་དར་ཆ་མཐོར་པོར་བསྒྲེངས།
གཅིག་དགུ་ཉེར་བདུན་ལོའི་ཟླ་དགུ་བའི་ཚེས་བརྒྱད་ཉིན་ནས་བཟུང་། ཧུའུ་ནན་དང་ཅང་ཞི་མཐའ་མཚམས་ཀྱི་ས་གནས་སོ་སོའི་བཟོ་ཞིང་དྲག་ཆས་པས་གྱེན་ལངས་དྲག་པོ་བྱས་ནས། མདའ་ཤོག་གསུམ་ལ་གནོད་པ་བཟོས་པ་དང་མི་སྣ་ཕྱེད་ཀ་ལྷག་གི་གྱོང་གུད་ཐེབས།
ཁྲིན་ཀང་གིས་བཤད་རྒྱུར། མའོ་ཙེ་ཏུང་གིས་གྲོང་ཁྱེར་ལ་ཕར་རྒོལ་བྱེད་པ་ནི་ང་ཚོས་ད་ལྟ་སྒྲུབ་པའི་དོན་དག་ཅིག་མིན་པ་ཤེས་ཚོར་བྱུང་ཟེར།
ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ལིའུ་ཡང་ཝུན་ཅ་གྲོང་ཁྱེར་ནས་འཚོགས་པའི་དགྲ་འགོག་སྔོན་གྱི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། འབྲེལ་ཡོད་དམག་དཔུང་གི་ཕར་རྒོལ་ཁ་ཕྱོགས་ལ་ལྟ་ཚུལ་མི་འདྲ་བ་བྱུང་ཞིང་ཁྲི་དཔོན་ཡུས་ས་ཏུའུ་ཡིས་ཁྲང་ཧྲ་ཕྱོགས་ལ་དཔུང་འཇུག་བྱེད་རྒྱུ་རྒྱུན་འཁྱོངས་བྱས། མའོ་ཙེ་ཏུང་གིས་ཁྲང་ཧྲ་ལ་དཔུང་འཇུག་བྱེད་པའི་དམག་དོན་འགུལ་སྐྱོད་མེད་པར་བཏང་སྟེ་ཧུའུ་ནན་དང་ཅང་ཞིའི་མཐའ་མཚམས་བརྒྱུད་དེ་ཅང་ཞིའི་ཕེན་ཞང་ནས་ཧུའུ་ནན་ལྷོ་ཕྱོགས་སུ་བསྐྱོད་ན་ལེགས་པར་སྙམ། སྤྱི་ཁྱབ་བཀོད་འདོམས་པ་ལུའུ་ཏི་མེན་གྱིས་མའོ་ཙེ་ཏུང་གི་ཆོད་དོན་ལ་རྒྱབ་སྐྱོར་བྱས།
ཞིང་སྡེར་དམག་དཔུང་བསྐྱོད་པའི་འཕོ་འགྱུར་དེ་ནི་ཀྲུང་གོའི་གསར་བརྗེ་ལོ་རྒྱུས་ཁྲོད་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ལ། དེ་ལྟར་བྱས་ན་གསར་བརྗེ་སྟོབས་ཤུགས་སྲུང་འཛིན་བྱེད་ཐུབ་པར་མ་ཟད་དྲག་ཆས་བཅད་བཟུང་འཛུགས་པ་དང་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་སྐོར་བའི་དམག་དོན་འཐབ་ཇུས་ཐད་ལ་མེ་སྟག་ཆུང་ཆུང་ཞིག་གསོས།
གཅིག་དགུ་ཉེར་བདུན་ལོའི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། དམག་དཔུང་རྣམས་ཅང་ཞི་ཡུང་ཞིན་རྫོང་གི་སན་ཝུན་སྡེ་བར་ཐོན་པ་དང་། མའོ་ཙེ་ཏུང་གི་མགོ་ཁྲིད་འོག་དམག་དཔུང་ལ་ལེགས་སྒྲིག་བྱས་ཏེ། ཁྲི་ཤོག་གཅིག་མདའ་ཤོག་གཅིག་ཏུ་བསྒྱུར་བ་དང་། བཟོ་ཞིང་གསར་བརྗེ་དམག་དཔུང་དང་པོའི་ཁྲི་ཤོག་གཅིག་གི་ནང་གི་མདའ་ཤོག་དང་པོ་ཡིན། དམག་དཔུང་ཁྲོད་དུ་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་པ་དང་། ཏང་གི་ཀྲི་པུའུ་དེ་ལྡིང་ཤོག་ཁྲོད་དུ་བཙུགས་ཤིང་དམག་དཔུང་ནང་ཁུལ་དུ་དམངས་གཙོ་ལམ་ལུགས་ལག་བསྟར་བྱས།
སྔོན་ཆད་བཟོ་ཞིང་གསར་བརྗེ་དམག་དཔུང་དང་པོའི་ཁྲི་ཤོག་གཅིག་དང་མདའ་ཤོག་གཅིག་གི་དམིགས་བསལ་གྱི་ལས་འགན་འཁུར་མཁན་ལྡིང་ཤོག་ཏང་གི་འཐུས་མི། མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ལོ་རོང་ཧིན་གྱིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། ལེགས་སྒྲིག་བྱས་རྗེས་ཀྱི་དམག་དཔུང་གི་ལས་བྱེད་པ་མང་ཤོས་ནི་སྨྱུ་གུ་འཛིན་མཚམས་བཞག་ནས་དམག་ལ་ཞུགས་པའི་ཤེས་ཡོན་ཅན་ཡིན་ལ། དེའི་ཁྲོད་ཀྱི་ཁ་ཤས་ནི་ཉེན་ཁ་དང་དཀའ་སྡུག་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་ཡིད་ཆད་ཅིང་བསམ་བློར་འགྱུར་ལྡོག་བྱུང་བ་དང་། ཉུང་ཤོས་ཤིག་གཡུལ་འཐབ་ལས་རིང་དུ་གྱེས། གལ་ཏེ་མྱུར་དུ་ཐག་གཅོད་མ་བྱས་ཚེ། གནས་བབ་ཀྱིས་དམག་སེམས་ལ་གཡོ་འགུལ་ཐེབས་སུ་འཇུག་སྲིད། མའོ་ཙེ་ཏུང་གིས་རང་འདོད་ལྟར། འགྲོ་འདོད་པའི་མི་ལ་ལམ་གླ་སྒོར་ལྔ་རེ་བྱིན་ཏེ་ཞིང་སྡེ་ལ་འགྲོ་རུ་བཅུག་པ་དང་། ཤུལ་ནས་བསྡད་པ་དག་ནི་འཐབ་འཛིང་དང་དཀའ་སྡུག་གི་འཚོ་བར་ཉམས་སད་ཐེག་པའི་གསར་བརྗེ་མཁན་ཡིན་པ་དང་། མི་ཉུང་ཡང་འཇོན་ཐང་ལྡན་པ་ཞིག་ཡིན་ཟེར།
འདི་ནི་རང་རེའི་དམག་དཔུང་གི་དམག་མི་གསར་བ་ཡིན་ལ། དུས་དེ་ནས་བཟུང་ཏང་གིས་དམག་དཔུང་ལ་དངོས་མགོ་ཁྲིད་རྒྱུ་གཏན་ལ་ཕབ། ལོ་རོང་ཧིན་གྱིས་བལྟས་ན། གལ་ཏེ་མའོ་ཙེ་ཏུང་གིས་གཞི་རྩ་རང་བཞིན་གྱི་གནད་དོན་དེ་ཐག་གཅོད་མ་བྱས་ཚེ། དམག་དཔུང་དེ་ལ་ཆབ་སྲིད་ཀྱི་བླ་སྲོག་ལྡན་མི་སྲིད་པ་དང་། གཏན་འཁེལ་གསལ་བོ་ཡིན་པའི་འགུལ་སྐྱོད་རྩ་འཛིན་ཡོད་མི་སྲིད་ལ། དམག་དཔུང་རྙིང་བའི་སྤྱོད་ངན་དང་ཞིང་བའི་རང་མོས་དང་བག་མེད་རྣམ་གཡེང་གི་སྤྱོད་ཚུལ་ཚང་མ་ལེགས་སྒྱུར་བྱེད་མི་སྲིད། དེའི་མཇུག་འབྲས་ནི་སྟོབས་དང་ལྡན་པའི་དགྲ་བོ་ཚར་གཅོད་བྱེད་མི་ཐུབ་པར་ཇག་པ་རུ་འགྱུར་ངེས་རེད།
གཅིག་དགུ་ཉེར་བདུན་ལོའི་ཟླ་བཅུ་བའི་ཚེས་གསུམ་ཉིན། སྟོན་བསྡུའི་འོས་ལངས་དམག་དཔུང་ཅང་ཞིའི་ཉིན་ཀང་རྫོང་མཁར་དུ་ཐོན་ནས། ལོ་ཞོ་རི་རྒྱུད་ཀྱི་ཅིན་ཀང་རི་བོ་རུ་གསར་བརྗེ་རྟེན་གཞི་འཛུགས་རྒྱུ་ཐག་བཅད། ཁྲིན་ཀང་གིས་རི་ལ་འགོ་བར་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤོབས་པ་ཆེན་པོས་ཐབས་ལམ་གསར་བ་གཏོད་ཅེས་པའི་བསྡོམས་ཚིག་ཅིག་བྲིས་པ་དང་དེ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་པའི་ཅིན་ཀང་རི་བོའི་སྙིང་སྟོབས་རེད།
དམག་དཔུང་གིས་ཅིན་ཀང་རི་བོ་ནས་ས་ཞིང་གསར་བརྗེ་བྱས་པ་དང་དྲག་ཆས་བཅད་བཟུང་ལག་བསྟར་བྱས་པས། རྟེན་གཞི་རིམ་བཞིན་སྟོབས་ལྡན་དུ་གྱུར། གཅིག་དགུ་ཉེར་བརྒྱད་ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མའོ་ཙེ་ཏུང་གིས་ཁྲིད་པའི་སྟོན་བསྡུའི་འོས་ལངས་དམག་དཔུང་དང་ཀྲུའུ་ཏེ་དང་ཁྲིན་དབྱི་ཡིས་ཁྲིད་པའི་ཧུའུ་ནན་འོས་ལངས་དང་ནན་ཁྲང་འོས་ལངས་གི་དམག་དཔུང་ཁ་ཤས་ཅིན་ཀང་རི་བོ་ནས་མཉམ་འཛོམས་བྱས་ནས། བཟོ་ཞིང་གསར་བརྗེ་དམག་དཔུང་གི་དམག་དཔུང་བཞི་བ་བཙུགས་ཤིང་། ཅང་མ་འགོར་བའི་རྗེས་སུ་དམར་དམག་དམག་དཔུང་བཞི་བ་ཞེས་མིང་བཏགས། ཀྲུའུ་ཏེ་འབུམ་དཔོན་དུ་བསྐོ་འཇོག་བྱས་པ་དང་མའོ་ཙེ་ཏུང་ཏང་གི་འཐུས་མིར་བསྐོ་འཇོག་བྱས་ལ། ཁྲིན་དབྱི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ལ་བསྐོ་འཇོག་བྱས།
དམར་དམག་བཞི་བས་བསྟུད་མར་གོ་མེན་ཏང་གི་དམག་མིའི་སྐོར་བཅོམ་ཕམ་པར་བརྒྱབ་པས། རྟེན་གཞི་ཉིན་རེར་སྟོབས་ལྡན་དུ་གྱུར་བར་མ་ཟད་རིམ་བཞིན་སྟོབས་འབྱོར་ཆེས་ཆེ་བའི་དུས་སྐབས་སུ་སླེབས།
གཅིག་དགུ་ཉེར་དགུ་ལོའི་ལོ་སྟོད་ལ། དམར་དམག་དམག་དཔུང་བཞི་བའི་གཙོ་ཤུགས་དམག་དཔུང་ཅང་ཞིའི་ལྷོ་ཕྱོགས་དང་ཧྥུའུ་ཅན་གྱི་ནུབ་ཕྱོགས་སུ་བསྐྱོད་དེ་རྟེན་གཞི་བཙུགས། གཅིག་དགུ་སུམ་ཅུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། དམར་དམག་བཞི་བའི་རུ་དཔུང་དང་པོའི་རུ་གཙོ་ལིན་པེའོ་ཡིས་མའོ་ཙེ་ཏུང་ལ་འཕྲིན་ཡིག་བསྐུར་བ་དང་། འཕྲིན་ཡིག་ནང་དུ་དགྲ་བོའི་མདུན་དུ་དམར་དམག་བཞི་བ་སྐོར་ཁག་བགོས་ཏེ་ངེས་མེད་རྒོལ་རྡུང་བྱེད་དགོས་པ་དང་སོ་སོས་ཐབས་ལམ་བཟང་བོ་བཙལ་དགོས་པའི་འདོད་ཚུལ་བཏོན། འཕྲིན་ཡིག་ནང་དུ་དགེ་མཚན་མེད་པའི་བསམ་བློ་ཕྱིར་མངོན་པ་དང་དགྲ་བོའི་དམག་དོན་སྟོབས་ཤུགས་ལ་ཚོད་དཔག་ཆེན་པོ་བྱས་ཡོད།
དོན་དངོས་སུ། གཅིག་དགུ་ཉེར་དགུ་ལོའི་ལོ་སྨད་ཀྱི་ཀུའུ་ཐེན་གྲོས་ཚོགས་ཀྱི་རྗེས་སུ། མའོ་ཙེ་ཏུང་གིས་ཏང་ནང་ཁུལ་དང་དམག་དཔུང་ནང་ཁུལ་དུ་སྐྱོ་སྣང་གིས་ཁེངས་པའི་བསམ་བློར་ཧ་ཅང་མཐོང་ཆེན་བྱེད་མགོ་བརྩམས། ཁོང་གིས་ལིན་པེའོ་ལ་འཕྲིན་ལན་བསྐུར་བའི་གོ་སྐབས་དང་བརྟེན་ནས་ཁོས་ཀྲུང་གོའི་གསར་བརྗེ་དང་དམར་དམག་གི་མདུན་ལམ་ཐད་འཛིན་པའི་ལྟ་ཚུལ་གསལ་བཤད་བྱས་པ་དང་བསམ་བློ་དེ་གཙང་སེལ་བྱེད་པར་འདོད།
གཅིག་དགུ་སུམ་ཅུ་ལོའི་ཟླ་དང་པོའི་ཚེས་ལྔ་ཉིན། མའོ་ཙེ་ཏུང་གིས་ཀུའུ་ཐེན་ལའེ་ཧྥང་གིཚོང་ཁང་ཞིག་གི་ཐོག་ཁང་སྟེང་དུ་འཕྲིན་ཡིག་རིང་བོ་ཞིག་བྲིས། ཁོང་གིས་དམར་དམག་དང་ངེས་མེད་རྒོལ་རྡུང་རུ་ཁག དམར་དམག་ཁུལ་ཁོངས་བཙུགས་པ་དང་འཕེལ་རྒྱས་སུ་བཏང་བ་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་ཀྲུང་གོ་ནི་འབྱོར་མེད་གྲལ་རིམ་གྱི་མགོ་ཁྲིད་འོག་གི་ཞིང་བའི་འཐབ་རྩོད་ཀྱི་ཆེས་མཐོའི་རྣམ་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་གསར་བརྗེ་ཡི་མཐོ་རླབས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་གསལ་བོར་བསྟན།
མའོ་ཙེ་ཏུང་གིས་མེ་སྟག་ཆུང་ཡང་རི་བོ་སྦར་ཐུབ་ཅེས་པ་དེས་སྐབས་དེའི་གསར་བརྗེའི་གནས་བབ་མཚོན་པར་བྱས། ས་གནས་མང་ཤོས་ཀྱི་བཟོ་བས་ལས་མཚམས་བཞག་པ་དང་ཞིང་བས་གྱེན་ལངས་བྱས་པ། དམག་མིས་གློ་བུར་དུ་ཟིང་ཆ་སློང་བ། སློབ་མས་སློབ་མཚམས་བཞག་པའི་གནས་ཚུལ་ལ་བལྟས་ན། མེ་སྟག་ཆུང་ཆུང་གིས་རྩྭ་ཐང་སྦར་བའི་དུས་སྐབས་དང་ཐག་མི་རིང་བར་ཐེ་ཚོམ་སྤུ་ཙམ་མེད་པ་ཤེས་ཐུབ།
འཕྲིན་ཡིག་གི་མཇུག་ཏུ་མའོ་ཙེ་ཏུང་གིས་འདི་ལྟར་བྲིས་ཡོད་དེ། ངས་བཤད་པའི་ཀྲུང་གོའི་གསར་བརྗེའི་མཐོ་རླབས་ཐོན་ལ་ཉེ་ཟེར་བ་ནི་མི་ལ་ལས་ཐོན་སྲིད་པར་བརྗོད་པ་ལྟར་དུ་འགུལ་སྐྱོད་ཀྱི་དོན་སྙིང་གཏན་ནས་མེད་པ་དང་། རེ་བ་བྱས་ཆོག་ཀྱང་ཐོབ་དཀའ་བའི་སྟོང་བཤད་ཅིག་གཏན་ནས་མིན་ཟེར། འཕྲིན་ཡིག་ལས་བཤད་པ་ལྟར། ལོ་གཉིས་མ་འགོར་བར་ཀྲུང་ཧྭ་སུའུ་ཝེ་ཨེ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་རོས་ཅིན་ནས་བཙུགས་པ་རེད།
གཅིག་དགུ་རེ་ལྔ་ལོར། མའོ་ཙེ་ཏུང་ལོ་སོ་བརྒྱད་འགོར་རྗེས་ཡང་བསྐྱར་ཅིན་ཀང་རི་བོར་ཕེབས་ཏེ། ཁོང་གིས“འདས་པའི་ལོ་ངོ་སོ་བརྒྱད་དེ།། སྐད་ཅིག་ཉིད་ལ་འདས་ནས་སོང་།། དགུང་གི་ཟླ་བ་བཏོག་ཐུབ་ལ།། རྒྱ་མཚོའི་རུས་སྦལ་འཛིན་ཡང་སྤོབས།། རྒྱལ་ཁའི་གླུ་སྒྲ་སྒྲོག་བཞིན་ལོག། ཡང་རྩེ་བསྙེག་པར་ཕོད་གྱུར་ན། ། མི་འགྲུབ་བྱ་བ་གཅིག་ཀྱང་མེད།། ”ཅེས་གསུངས།
ལོ་ཙཱ་བ། བཀྲ་ཤིས་འབུམ།