ཀྲུང་གོ་གུང་ཁྲན་ཏང། དམངས་ཀྱི་ཆེད་དུ་གསོན་ཞིང་། དམངས་ཀྱི་ཆེད་དུ་དར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ང་ཚོ་ཏང་གིས་སྲིད་སྐྱོང་བའི་ཆེས་ཆེ་བའི་སེམས་ཤུགས་ཡིན་ལ། ང་ཚོ་སྤྱི་མཐུན་ཏང་གི་རྨང་གཞི་བརྟན་པོ་ཡིན་པ་མ་ཟད། རྒྱལ་དར་ཏང་སྟོབས་ཀྱི་རྩ་བའི་གཞི་འཛིན་ས་ཡིན། ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་ཡིན་ལ། མི་དམངས་ཀྱི་ཆེད་དུ་གསོན་ཞིང་མི་དམངས་ཀྱི་རྐྱེན་ཀྱིས་དར་རྒྱས་སུ་སོང་བ་ཡིན་པས། མི་དམངས་དང་བློ་སེམས་གཅིག་ཏུ་མཐུན་ཞིང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱ་དགོས་ལ། མི་དམངས་དང་མཉམ་དུ་འཐབ་རྩོད་བྱ་དགོས་ཟེར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་འབྲེལ་བ་ཡང་དག་པར་ངོས་བཟུང་ནས། ཉེ་རབས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱི་ལོ་རྒྱུས་ལས་དབང་གཞིར་བཟུང་ནས་རྟོག་ཞིབ་བྱ་དགོས། ཉལ་ཐ་དམག་འཁྲུག་ཐེངས་དང་པོའི་རྗེས་སུ། ཀྲུང་གོ་མི་སེར་སྤེལ་ཡུལ་ཕྱེད་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཀྱི་སྤྱི་ཚོགས་གནས་བབ་ཏུ་ལྷུང་པ་རེད། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་བརྟན་འཇགས་བཅས་ཡོང་བ་མངོན་འགྱུར་བྱེད་ཆེད་སྔོན་གཤེགས་དཔའ་བོ་མང་པོས་འཐབ་རྩོད་དང་ཚོད་བགམ་ཡང་ཡང་བྱས་མོད། མཇུག་མཐར་རེ་བ་དོན་སྨིན་བྱུང་མེད། གཅིག་དགུ་ཉེར་གཅིག་ལོར་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་ཉེར་བརྒྱད་རིང་ལ་གསར་བརྗེ་འཐབ་རྩོད་བྱས་ནས། མི་དམངས་ལ་སྣེ་ཁྲིད་ནས་རི་བོ་ཆེན་པོ་གསུམ་རྩ་རྫོགས་བྱས་པ་དང་། ཀྲུང་གོ་གསར་བ་བཙུགས་ཏེ། ད་གཟོད་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་རེ་བ་དེ་མངོན་འགྱུར་བྱས་པ་རེད། དེ་ནས་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན། ལོ་ངོ་བཞི་བཅུ་ལྷག་གི་བཅོས་སྒྱུར་སྒོ་འབྱེད་བཅས་ཀྱིས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་ལ་བརྟན་འཇགས་ཡོང་བའི་རླབས་ཆེ་བའི་ངོ་མཚར་གྱི་ཞབས་རྗེས་བཞག་བཞག་པ་རེད། དེ་ལྟར་དཀའ་བ་ཁྱད་དུ་གསད། ཡུན་རིང་འཐབ་རྩོད་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་མདུན་ལམ་བསུས། དུས་མཉམ་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཆེས་ཐོག་མའི་མི་བུ་ལྔ་བཅུ་ལྷག་གིས་གྲུབ་པའི་ཏང་ཆུང་ཆུང་ཞིག་འཕལ་རྒྱས་སུ་སོང་ནས། ད་ཆ་ཏང་ཡོན་ཁྲི་སྟོང་དགུ་དང་བརྒྱ་ལྷག་ཡོད་པའི་འཛམ་གླིང་གི་ཆེས་ཆེ་བའི་སྲིད་སྐྱོང་ཏང་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་འདི་ལྟ་བུའི་གྲུབ་འབྲས་ལོན་པ་རེད་དམ་ཟེར་ན། དེ་ནི་གཙོ་བོ་དམངས་ཀྱི་འདོད་བློ་དང་བསྟུན་ནས་སྲིད་སྐྱོང་བ་དང་། དམངས་ཀྱི་འདོད་བློ་ལས་ལྡོག་པའི་སྲིད་འདོར་བ་བཅས་བྱས་པས། དམངས་སེམས་ལས་རྒྱལ་བ་ནི་རྩ་བ་རུ་བཟུང་ཡོད་ལ། དེ་ནི་སྲིད་ཏང་ཞིག་གི་ལངས་ཕྱོགས་དང་རྩ་དོན་གྱིས་ཐག་གཅོད་བྱས་པ་མ་ཟད། སྲིད་ཏང་ཞིག་གིས་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས། དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འགུལ་བསྐྱོད་སྤེལ་བའི་འཕྲིན་ལས་ཀྱི་དབང་གིས་ཡིན་པ་ཁ་ཚོན་བཅད་ཆོག
ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ་རྒྱུན་འཁྱོངས་བྱེད་པ།
སྲིད་ཏང་ཞིག་ལ་མཚོན་ན། ཆབ་སྲིད་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ་ཇི་འདྲ་ཞིག་ཡིན་ན་རིན་ཐང་གི་ལྟ་ཚུལ་དེ་འདྲ་ཞིག་ཡོད། རྩ་བའི་སྟེང་ནས་བལྟས་ན། སུ་ཞིག་ལ་ཡིད་ཆེས་པ་དང་། སུ་ལ་འཁེན་པ། སུའི་ཆེད་དུ་ཡིན་པ། རྒྱ་ཆེའི་མི་དམངས་ཀྱི་ལངས་ཕྱོགས་སུ་འགྲེང་ཡོད་མེད། དངོས་གཙོ་དང་སེམས་གཙོའི་ལོ་རྒྱུས་ལྟ་བ་དེ་དབྱེ་མཚམས་གསལ་མིན་བཅས་ནི་བར་ཁེ་སི་རིང་ལུགས་སྲིད་ཏང་གི་དྭངས་སྙིགས་འབྱེད་པའི་གསེར་གྱི་ཀེ་ཏ་ཀ་ཡིན།
མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན། ཏང་དབུ་བརྙེས་པ་ནས་བཟུང་། ང་ཚོ་ཏང་གིས་མར་ཁེ་སིའི་དངོས་གཙོ་ལོ་རྒྱུས་སྨྲ་བའི་ལྟ་བ་དང་། མི་དམངས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་ལྟ་བ་བཅས་གཏན་ལ་དབབ་པ་རེད། གཅིག་དགུ་ཉེར་གཅིག་ལོར། མོ་ཙེ་ཏུང་གིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་ནི་ང་ཚོ་ཏང་གི་མཚན་ཉིད་རིག་པའི་གཞི་འཛིན་ས་ཡིན་ཞེས་གསལ་ཐག་ཆོད་པོས་གསུངས། གཅིག་དགུ་ཉེར་གཉིས་ལོའི་ཏང་གི་ཚོགས་ཆེན་ཐེངས་གཉིས་པའི་སྟེང་། གུང་ཁྲན་ཏང་གི་རྩ་འཛུགས་སྒྲིག་རིམ་ཇུས་ཆོད་ལས་ནན་གྱིས་བསྟན་དོན། ཏང་ནི་ངེས་པར་འབྱོར་མེད་གྲལ་རིམ་ཁྲོད་གསར་བརྗེ་སྙིང་སྟོབས་ཆེས་ལྡན་པའི་མང་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་འབྱོར་མེད་གྲལ་རིམ་གྱི་ཁེ་ཕན་ཆེད་དུ་འཐབ་རྩོད་བྱེད་པའི་སྲིད་ཏང་ཞིག་ཡིན་དགོས། མང་ཚོགས་ཀྱི་ཁྲོད་དུ་སོང་ནས་མང་ཚོགས་ཀྱི་ཏང་ཁག་ཆེས་ཆེ་ཤོས་དེ་བྱ་དགོས། གཅིག་དགུ་སོ་ལྔའི་ཟླ་བཅུ་གཉིས་པར། ཝ་ཡོ་པའོ་གྲོས་ཚོགས་ལས་བསྟན་དོན། གུང་ཁྲན་ཏང་ནི་བཟོ་བ་གྲལ་རིམ་གྱི་ཁེ་ཕན་གྱི་འཐུས་ཚབ་པ་ཡིན་པ་མ་ཟད། ཀྲུང་གོའི་མི་དམངས་མང་ཆེ་ཤོས་ཀྱི་ཁེ་ཕན་གྱི་འཐུས་ཚབ་པ་ཡིན་ལ། མི་རིགས་ཡོངས་ཀྱི་འཐུས་ཚབ་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་སྔུན་བསྐྱོད་པ་ཡིན་ལ། མི་རིགས་ཧྲིལ་བོའི་སྔུན་བསྐྱོད་པ་ཡིན། གཅིག་དགུ་ཞེ་བཞི་ལོར། ཀྲང་སེ་ཏི་ཡི་མྱ་ངན་ཚོགས་འདུའི་སྟེང་། བློ་མཐུན་མོ་ཙེ་ཏུང་གིས་གསལ་ཐག་ཆོད་པོས་དམངས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབས་པའི་འདོད་བློ་བཏོན་ཞིང་། ང་ཚོའི་རུ་ཁག་ནི་མི་དམངས་བཅིངས་འགྲོལ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་བྱ་བ་བསྒྲུབས་མཁན་ཤ་སྟག་ཡིན་པར་ནན་བཤད་བྱས་ཡོད། ཕྱིས་སུ་ཡང་བསྐྱར་གུང་ཁྲན་ཏང་ནི་མི་རིགས་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་གསོན་པའི་སྲིད་ཏང་ཞིག་ཡིན་པ་མ་གཏོགས་རང་ངོས་ན་སྒེར་གྱི་ཁེ་ཕན་ལ་དམིགས་ས་ཅི་ཡང་མེད་པའི་ནན་བཤད་བྱས། གཅིག་དགུ་ཞེ་ལྔ་ལོར། མཉམ་འབྲེལ་སྲིད་གཞུང་ཞེས་པའི་སྙན་ཞུའི་ཁྲོད་མོ་ཙེ་ཏུང་གིས་མི་དམངས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ། ཏང་གི་རྩ་དོན་བཅས་གཞི་གཅིག་ཏུ་སྦྲེལ་ནས། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་དང་ཁ་ཅུང་ཙམ་ཡང་མི་གྱེས་པ། ཡོད་ཚད་ཀྱི་ཡོད་ཚད་མི་དམངས་ཀྱི་ཁེ་ཕན་སྟེང་ནས་འགོ་རྩོམ་རྒྱུ་ཡིན་པ་དང་། མི་སྒེར་དང་ཚོགས་པ་ཆུང་ངུ་ཞིག་གི་ཁེ་ཕན་གྱི་ཆེད་དུ་འདུར་རྒྱུག་མི་བྱེད་པ། མི་དམངས་ལ་འགན་འཁུར་བ་དང་ཏང་གི་མགོ་ཁྲིད་ལས་ཁུངས་ཀྱི་འགན་འཁུར་གཉིས་ངོ་བོ་གཅིག་ཏུ་གྲུབ་ཡོད་པ་བཅས་ནི་ང་ཚོ་ཏང་གི་ཐོག་མའི་ཀུན་སློང་ཡིན་ཚུལ་ནན་བཤད་བྱས། དེ་ནས་ཏང་གི་ཚོགས་ཆེན་ཐེངས་བདུན་པ་ནས་མགོ་བཟུང་སྟེ། ང་ཚོས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་རྩ་དོན་ཡིན་པ་ཏང་གི་སྒྲིག་སྲོལ་ཁྲོད་ཚུད་དུ་བཅུག་ཡོད།
ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང་། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་འདོད་བློ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་རེད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དུས་སྐབས་སུ། མོ་ཙེ་ཏུང་གིས་ཏང་ཡོངས་ལ་བསྒྲགས་གཏམ་སྤེལ་ནས། གུང་ཁྲན་ཏང་གིས་འབད་འཐབ་བྱ་དགོས། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་དགོས། ཡིད་ལ་ཐེ་ཚོམ་ཡོད་པའམ་ཞབས་ཞུ་ཨེན་ཙམ་སྒྲུབ་པ་ཡིས་གཏན་ནས་མི་ཆོག་གསུངས་མྱོང་། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། བློ་མཐུན་ཏིན་ཞོ་ཕིང་གིས་ཐེངས་མང་པོར་ནན་བཤད་བྱས་ནས། འགོ་ཁྲིད་ནི་ཞབས་ཞུ་སྒྲུབ་མཁན་དེ་ཡིན་པར་བཤད་པ་རེད། གཅིག་དགུ་དགུ་བཅུ་ལོར་ཆོག་མཆན་བཀོད་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བར་ཤུགས་སྣོན་པའི་གཏན་འབེབ་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་ལམ་ཕྱོགས་ལ་བསྐྱར་ཞིབ་བྱས་པའི་རྨང་གཞིའི་སྟེང་། ཏང་གི་མང་ཚོགས་ཀྱི་འདོད་བློ་དེ་རྩ་བའི་སྣེ་དྲུག་གི་ཕྱོགས་ནས་འཕེལ་རྒྱས་སུ་བཏང་ཡོད་དེ། མི་དམངས་མང་ཚོགས་ནི་ལོ་རྒྱུས་ཀྱི་གསར་སྐྲུན་པ་ཡིན་པའི་ལྟ་བ་དང་། མི་དམངས་མང་ཚོགས་ལ་སློབ་སྦྱོང་བྱེད་པའི་ལྟ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལྟ་བ། ལས་བྱེད་ཀྱི་དབང་ཆ་ནི་མང་ཚོགས་ཀྱིས་བསྩལ་པ་ཡིན་པའི་ལྟ་བ། ཏང་ལ་འགན་འཁུར་པ་དང་མང་ཚོགས་ལ་འགན་འཁུར་པ་གཉིས་རང་བཞིན་གཅིག་ཏུ་གནས་ཚུལ་གྱི་ལྟ་བ། མང་ཚོགས་ལ་འཁེན་ཞིང་མང་ཚོགས་ལ་མདུན་བསྐྱོད་ཀྱི་སྣེ་ཁྲིད་བྱེད་པའི་ལྟ་བ་བཅས་ཀྱིས། གུང་གོ་གུང་ཁྲན་ཏང་ནི་སུ་ཞིག་གི་ཆེད་དུ་གསར་བརྗེ་བྱས་པ་དང་། སུ་ལ་འཁེན་ནས་གསར་བརྗེ་བྱས་པ། སུ་ཞིག་གི་ཆེད་དུ་སྲིད་འཛིན་པ་དང་། སུ་ཞིག་གི་ཆེད་དུ་འཕེལ་རྒྱས་སུ་གཏོང་པ། སུ་ལ་འཁེན་ནས་འཕེལ་རྒྱས་སུ་སོང་པ་བཅས་ཀྱི་རྩ་བའི་གནད་དོན་གསལ་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ནི་ལོ་རྒྱུས་ཀྱི་གསར་སྐྲུན་པ་ཡིན། མང་ཚོགས་ནི་ངེས་དོན་གྱི་དཔའ་བོ་ཡིན། མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་བྱུང་ཁུངས་ཡིན་ཞེས་ནན་བཤད་བྱས་པ་དང་། དེ་མིན་ད་དུང་མི་དམངས་དཀྱིལ་སྙིང་ཡིན་པའི་བསམ་བློའི་འཕེལ་རྒྱས་ཐད་ནས་བཤད་དོན། ངེས་པར་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས། དུས་ནམ་ཞིག་དང་གནས་བབ་ཅི་ལྟ་བུའི་འོག་ནས་ཀྱང་མི་དམངས་མང་ཚོགས་དང་ལས་དབང་གཅིག་པའི་ལངས་ཕྱོགས་དེར་འགྱུར་བ་ཡོད་མི་རུང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་དེ་བརྗེད་མི་རུང་། མང་ཚོགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་པ་ནི་ངེས་དོན་གྱི་དཔའ་བོའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ཡིན་པས། དེ་ཡང་རྩ་བ་ནས་འབོར་མི་རུང་ཟེར།
ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་དང་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱེད་དགོས།
ཏང་གི་ལངས་ཕྱོགས་དང་ལྟ་བ། རྩ་དོན་བཅས་ནི་ལྐོག་གྱུར་གྱི་གཞུང་ལུགས་ཁོ་ན་ཞིག་མིན་པར། དེ་ནི་ཞིབ་ཕྲ་དང་སྐྱེ་སྟོབས་ཀྱིས་མངོན་པའི་ལག་ལེན་ཡིན། ཀྲུང་གོ་གུང་ཁྲན་ཏང་ལ་ཅིའི་ཕྱིར་མི་དམངས་མང་ཚོགས་ཁྲི་ཕྲག་མང་པོས་སྲུང་སྐྱོབ་བྱས་པ་ཡིན་ནམ་ཟེར་ན། དེའི་རྩ་བའི་རྒྱུ་རྐྱེན་ནི་ཏང་མི་དམངས་ཀྱི་ཁྲོད་ནས་ཡོང་པ་དང་། མི་དམངས་རྒྱབ་རི་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ཁ་རུ་འཁྱེར་པ་ཙམ་མིན་པར་དོན་གྱི་ལག་ལེན་སྟེང་ཕབ་པས་ཡིན། ཉེ་བའི་ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་ཨང་དང་པོར་བཞག་པ་རེད།
ཏང་བཙུགས་པའི་དུས་མགོར། ང་ཚོ་ཏང་གི་འགོ་ཁྲིད་ཀྱིས་བཟོ་བའི་ལས་འགུལ་རྩ་འཛུགས་བྱས་པ་ནི། བཟོ་བའི་འཚོ་བ་དང་ངལ་རྩོལ་ཆ་རྐྱེན་ལེགས་སྒྱུར་བྱེད་པའི་དཔལ་འབྱོར་གྱི་འཐབ་རྩོད་ནས་འགོ་བཟུང་སྟེ། རིམ་གྱིས་བཟོ་བའི་དམངས་གཙོའི་ཁེ་དབང་འཕྲོག་ནས་ཆབ་སྲིད་ཀྱི་འཐབ་རྩོལ་ཕྱོགས་སུ་འཕེལ་རྒྱས་སུ་སོང་པ་རེད། ས་ཞིང་གསར་བརྗེ་དང་གནས་གཞིས་ཁུལ་འཛུགས་སྐྲུན་བྱས་པའི་གོ་རིམ་ཁྲོད། ང་ཚོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན། ཚྭ་ཁུའི་གནད་དོན། འབྲས་ཀྱི་གནད་དོན། སྡོད་ཁང་གི་གནད་དོན། གྱོན་ཆས་ཀྱི་ཆགནད་དོན། བྱིས་པ་གསོ་བའི་གནད་དོན་སོགས་ཐག་གཅོད་བྱེད་པར་ཤུགས་བསྣན་པ་ཡིན། ཕྱུག་བདག་ལ་རྒོལ་བ་དང་ས་ཞིང་བགོ་བ། སྒྲིག་སྲོལ་ཆེན་པོ་གསུམ། མཉམ་འཇོག་བྱེད་དགོས་པ་བརྒྱད་སོགས་ཀྱིས་ང་ཚོ་ཏང་གིས་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་བྱ་བ་སྒྲུབ་ཀྱིན་པ་གསལ་འགྲེལ་བྱས་ཡོད། ཀྲུང་གོ་གསར་པ་བཙུགས་པ་དང་ཁྱད་པར་བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་བསྟུན། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་པའི་ལས་འགན་གཙོ་བོར་བཞག་ནས། དོན་དག་གི་ཆེ་ཆུང་ལ་གཙོ་ཕལ་གྱི་དབྱེ་བ་བཀར་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གིས་གཅོད་པ་གཙིགས་སུ་བཟུང་སྟེ། སྔ་རྗེས་སུ་མང་ཚོགས་ལ་སྣེ་ཁྲིད་ནས་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱེད་པ་མངོན་འགྱུར་བྱས་པ་ནས་འབྱོར་འབྲིང་གི་ཕྱོགས་སུ་ལོ་རྒྱུས་རིང་བཞིན་གྱི་མཆོངས་བརྒལ་བྱས་ཡོད་ལ། མི་འགྱངས་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་པར་ངེས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྨོན་བྱེད་པ་ནི་ཏང་གི་འཐབ་རྩོད་ཀྱི་དམིགས་འབེན་བྱས་ཏེ། མི་དམངས་ལ་སྣེ་ཁྲིད་ནས་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་འགུལ་བསྐྱོད་རླབས་པོ་ཆེ་སྤེལ་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཀྱི་གནད་དོན་ཐག་གིས་བཅད་པའི་འཛམ་གླིང་གི་ངོ་མཚར་བསྐྲུན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། གོ་བརྒྱད་ལོའི་ཆུ་ལོག་འགོག་པའི་བྱ་བ་ཡིན་ཡང་ཆོག ཉིས་སྟོང་བརྒྱད་ལོའི་ཝུན་ཁྲོན་ས་འགུལ་ཡིན་ཡང་བླ། ཉིས་སྟོང་གསུམ་ལོའི་གློ་བའི་ཚ་ནད་ཡིན་ཡང་རུང་། ཉིས་སྟོང་ཉི་ཤུ་ལོའི་པྲོག་གསར་གློ་ཚད་ཡིན་ཡང་ཆོག ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་ཞིང་། ཚེ་སྲོག་གཙིགས་སུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཨང་དང་པོར་བཞག་ཡོད།
ལྟོགས་སྐོམ་དང་འཕྲོག་བཅོམ་གྱི་གཉོམ་ས་ན་གནས་པའི་རྒྱལ་ཁབ་ཅིག་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ཏེ། རྒྱལ་དར་དམངས་ཕྱུག་གི་འཚོ་བ་ཅི་ལྟར་མངོན་འགྱུར་བྱས་པ་རེད་དམ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་གིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་སྨོན་པའི་རི་མོ་ལག་ལེན་དུ་བཏབ་ཅིང་། ཀྲུང་ཧྭ་མི་རིགས་ཅི་ལྟར་བསྐྱར་དར་བྱུང་དུ་བཅུག་པ་རེད་དམ། དེའི་རྩ་བའི་རྒྱུ་རྐྱེན་ནི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཐོག་མ་ལ་འཕེལ་རྒྱས་བཞག་ནས། སྔར་མེད་བཅིངས་འགྲོལ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། ཕྱོགས་བསྡུས་རྒྱལ་ཤུགས་ཇེ་མགྱོགས་སུ་གཏོང་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་པ་བཅས་ཀྱི་རྐྱེན་རེད། ཀྲུང་གོ་གསར་པ་བཙུགས་པའི་སྔ་ནུབ་ཏུ། ཏང་གི་སྐབས་བདུན་པའི་ཚོགས་ཆེན་ཐེངས་གཉིས་པའི་སྟེང་དུ་བརྟན་འཇགས་ཀྱི་སྒོ་ནས་ཞིང་ལས་རྒྱལ་ཁབ་ནས་བཟོ་ལས་རྒྱལ་ཁབ་ཏུ་འཕེལ་འགྱུར་བྱུང་དགོས་པ་ནི་ཕྱིས་ཀྱི་སྲིད་སྐྱོང་ལས་འགན་གཙོ་བོ་རུ་བཞག་འདུག གཅིག་དགུ་ང་གསུམ་ལོའི་ཟླ་གཉིས་པར། བློ་མཐུན་མོ་ཙེ་ཏུང་གིས་ཅིག་ཅིང་བཟོ་ཞིང་ཐོན་སྐྱེད་ལ་རྟོག་ཞིབ་བྱས་སྐབས་བསྟན་དོན། གུང་ཁྲན་ཏང་གིས་གོ་མིན་ཏང་གི་ལག་ནས་སྲིད་དབང་བླངས་པའི་ཉིན་དང་པོ་ནས་བཟུང་། ཐོན་སྐྱེད་འཛུགས་སྐྲུན་གྱི་བྱ་བ་གཙོ་བོ་དེ་སྲོག་ཤིང་དུ་འཛིན་དགོས་ཟེར། ང་ཚོས་གསར་བརྗེ་དམག་འཁྲུག་ལ་འགོ་ཁྲིད་བྱས་པ་བཟང་པ་མ་ཟད། ཞི་འཇགས་དུས་སྐབས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལའང་འགོ་ཁྲིད་ལེགས་པོ་བྱས་ནས། མང་ཚོགས་ལ་འཚོ་བ་སྐྱིད་པོ་རོལ་དུ་བཅུག་པ་ལོ་རྒྱུས་ལ་བདེན་དཔང་བྱེད་དུ་འཇུག་དགོས་ཟེར། རྒྱལ་དམངས་དཔལ་འབྱོར་སླར་གསོ་འཕེལ་རྒྱས་བྱུང་བའི་རྨང་གཞིའི་སྟེང་། གཅིག་དགུ་ང་བཞི་ལོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་སྟེང་བཟོ་ལས་དང་ཞིང་ལས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། རྒྱལ་སྲུང་སོགས་ཀྱི་ཐད་དེང་རབས་ཅན་བཞིའི་དམིགས་ཚད་གསལ་ཐག་ཆོད་པོས་བཏོན་ཡོད་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཁབ་བྱ་བའི་ལྟེ་བ་དཔལ་འབྱོར་འཛུགས་སྐྲུན་གྱི་སྟེང་དུ་སྒྱུར་པ་ནས་བཟུང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ང་ཚོ་ཏང་གི་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་མངོན་འགྱུར་བྱས་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་སུ་ཚུད་པར་བྱས། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སྟེ་འཕེལ་རྒྱས་ལག་ལེན་ལ་བལྟས་ན། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་པ་དང་། འཕེལ་རྒྱས་དེ་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བཞག་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པ་དེ་འགོ་རྩོམ་ས་བྱས་ནས། མང་ཚོགས་ཀྱིས་ཅི་ཞིག་ལ་སེམས་འཁུར་བྱེད་པ་དང་། ཅི་ཞིག་ལ་རེ་སྒུག་བྱེད་པ། བཅོས་སྒྱུར་གྱིས་གནད་ཅི་ཞིག་འཛིན་དགོས་པ་དང་། ཅི་ལྟར་སྐུལ་སྤེལ་བྱ་དགོས་པ་སོགས་ཀྱི་ཐད་འབད་པ་ཆེན་པོས་སྒྲུབ་སྟེ། དོན་དངོས་ཀྱི་ཕན་འབྲས་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། གཏན་བདེའི་ཚོར་བ་ཇེ་དྲག་ཏུ་བཏང་།
ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚད་གཞི་ནི་ཏང་ལ་ཞིབ་བཤེར་བྱེད་པའི་བྱ་བ་ཀུན་གྱི་ཚད་ཐིག་ཆེས་མཐོ་ཤོས་སུ་བཞག
ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་ཏུ་སྤྱི་ཡི་ཆེད་དུ་ཏང་བཙུགས་པ་དང་། དམངས་ཀྱི་ཆེད་དུ་སྲིད་བསྐྱངས་ནས། རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཚང་མའི་གཞི་འཛིན་ས་རུ་བྱས་ནས། མི་དམངས་ཀྱིས་སྲུང་སྐྱོབ་བྱེད་མིན་དང་བསྟོད་བསྔགས་བྱེད་མིན། དགའ་མི་དགའ། དང་ལེན་བྱེད་མི་བྱེད་བཅས་ནི་བྱ་བ་ཡོད་ཚད་ཀྱི་ཐོབ་ཤོར་གྱི་ཚད་འཇལ་བྱེད་ཉག་ཅིག་བྱས་པ་རེད།
གསར་བརྗེའི་དུས་སྐབས་སུ། བློ་མཐུན་མོ་ཙེ་ཏུང་གིས་གསལ་ཐག་ཆོད་པོས་བསྟན་དོན། གུང་ཁྲན་ཏང་གི་གཏམ་བརྗོད་དང་འགུལ་བསྐྱོད་ཡོད་ཚད་ནི་ངེས་པར་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་དགོས་པ་དང་། མི་དམངས་མང་ཚོགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཆེས་མཐོ་བའི་ཚད་གཞི་ཡིན་པར་བསྙད། ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་། ཆེས་མཐོ་བའི་ཚད་གཞི་དེ་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། བློ་མཐུན་ཏིན་ཞའོ་ཕིང་གིས་གསལ་ཐག་ཆོད་པོས་སྲུང་སྐྱོབ་བྱེད་མི་བྱེད་དང་། མི་དམངས་ཀྱིས་བསྟོད་བསྔགས་བྱེད་མི་བྱེད། མི་དམངས་དགའ་མི་དགའ་དང་། མི་དམངས་ཀྱིས་དང་ལེན་བྱེད་མི་བྱེད་བཅས་ནི་སྲིད་ཇུས་གཏན་འབེབ་བྱེད་པའི་གཞི་འཛིན་ས་དང་ལོག་མལ་ཡིན། ཉིས་སྟོང་བཅུ་དྲུག་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་ཁྲན་ཏང་བཙུགས་ནས་ལོ་གོ་ལྔ་འགོར་བའི་ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། མི་དམངས་ལ་སྲུང་སྐྱོབ་བྱེད་མི་བྱེད་དང་། བསྟོད་བསྔགས་བྱེད་མི་བྱེད། དགའ་མི་དགའ།། དང་ལེན་བྱེད་མི་བྱེད་བཅས་ནི་བྱ་བ་ཡོད་ཚད་ཀྱི་རྩ་བའི་ཚད་འཇལ་བྱེད་ཡིན།
ཏང་གི་བྱ་བ་ཡོད་ཚད་ཀྱི་རྩ་བའི་ཚད་འཇལ་བྱེད་དང་ཆེས་མཐོ་བའི་ཚད་འཇལ་བྱེད་ལ་བསྡུར་ནས། ང་ཚོ་ཏང་གིས་རང་སྟེང་གི་སྐྱོན་ཆ་འཚོལ་བ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་ཏང་གི་གསར་སྐྲུན་ནུས་པ་དང་གཅིག་བསྡུས་ནུས་པ། འཐབ་རྩོད་ནུས་པ་བཅས་ཀྱི་གནད་དོན་ཐད་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཡིན་ན་ནུས་ཤུགས་ཡོད་རྒུས་ཁྱད་དུ་བསད་པ་ཡིན། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་གནད་དོན་ཡོད་ན་རྩ་བ་ནས་བཅོས་སྒྱུར་བྱས་པ་ཡིན། ཏང་གི་བདེ་ཐང་འཕེལ་རྒྱས་ལ་གནོད་པའི་ནད་དུག་ཅི་རིགས་ཡོད་ན་གཏན་ནས་རྩ་འཇོམས་སུ་བཏང་པ་ཡིན། མང་ཚོགས་ལ་ཅི་ཞིག་གི་ཚུར་སྣང་ཡོད་པ་དང་། ཅི་ཞིག་གི་ཕྱོགས་སུ་སྡང་སེམས་ཆེ་ན། ང་ཚོས་དེའི་ཕྱོགས་ཀྱི་འགོག་སྲུང་དང་ཡོ་བསྲང་ལ་ཤུགས་བསྣན་པ་ཡིན། ལོ་བརྒྱའི་རིང་ལ་ཕྱིར་བལྟ་ཞིག་བྱས་ན། ཏང་གི་འཛུགས་སྐྲུན་དང་བྱ་བའི་གཤིས་སྤྱོད་ལེགས་སྒྱུར་བཅས་བྱེད་པར་གཟབ་ནན་བྱས་ནས། མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱས་པ་མ་ཟད། རུལ་སུངས་ལ་མཐའ་གཅིག་ཏུ་དགག་པ་ཚ་ནན་བརྒྱབ་ནས། དམངས་ཀྱི་ཆེད་དུ་སྤྱོད་གཙང་གིས་སྲིད་འཛིན་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པར་མཁས་པ། རང་ཉིད་གསར་བརྗེ་བྱེད་པར་སྤོབས་པའི་གདེངས་དང་ལྡན་པ་སོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་གཤིས་ཉམས་མངོན་གསལ་ཡིན།
འཛམ་གླིང་སྲིད་ཏང་ལོ་རྒྱུས་ལ་འཕྲེད་ཀྱིས་བལྟས་ན། སྲིད་ཏང་ཞིག་གི་ཁྲོད་ན་གུང་ཁྲན་ཏང་ལྟར་ཚད་མཐོ་བའི་སྒོ་ནས་ཏང་གི་སྤྱོད་ལམ་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་མཐའ་འཁྱོལ་བྱེད་མཁན་ཞིག་མེད། གསར་བརྗེའི་དུས་སྐབས་སུ། ང་ཚོ་ཏང་གིས་ཡན་ཨན་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་སོགས་རྣམ་པ་ལ་བརྟེན་ནས། གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་ཞིང་མང་ཚོགས་དང་དམ་པོར་སྦྲེལ་ནས། རང་སྐྱོན་རང་བརྗོད་དང་རང་ཉིད་ལ་རང་གིས་དག་ཐེར་བྱེད་པའི་གོམས་སྲོལ་བཟང་པོ་བཙུགས་ཡོད། ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་། ང་ཚོ་ཏང་གིས་ལས་འགན་གཉིས་ཡིད་ལ་དམ་པོར་ཉར་ནས། རུལ་སུངས་ལ་རྒོལ་བ་དང་། ཆུད་ཟོས་ལ་རྒོལ་པ། དཔོན་ཉམས་རིང་ལུགས་ལ་རྒོལ་བ་སོགས་ངོ་རྒོལ་གསུམ་གྱི་འགུལ་བསྐྱོད་སྤེལ་ནས་ཏང་གི་སྤྱོད་ལམ་ལེགས་སྒྱུར་ཕྱོགས་སུ་སྐུལ་འདེད་བཏང་། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོ་ཏང་གིས་སྤྱོད་ལམ་འཛུགས་སྐྲུན་དེ་སྔར་ལས་བླ་རུ་བཀུར་ནས། ལམ་ལུགས་འཛུགས་སྐྲུན་དང་ལྟ་སྐུལ་ལ་ཤུགས་བསྣན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱོད་ལམ་འཛུགས་སྐྲུན་རྒྱུན་འཁྱོངས་ཀྱིས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ། སྒྲིག་སྲོལ་ནན་སྲུང་བྱེད་པ་བཅས་ལ་བརྟེན་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དེ་རླབས་ཆེ་བའི་བཟོ་སྐྲུན་ཞིག་ཏུ་སྐུལ་འདེད་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེར་རྟིང་གནོན་རང་བཞིན་གྱི་རྒྱལ་ཁ་འཐོབ།
འཛམ་གླིང་ལོ་རྒྱུས་ལ་འཕྲེད་ཀྱིས་བལྟས་ན། སྲིད་ཏང་ཞིག་གི་ཁྲོད་ན་ཀྲུང་གོ་གུང་ཁྲན་ཏང་ནང་ལྟར་བདེན་ལུགས་རྒྱུན་འཁྱོངས་བྱེད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་མཁན་ཞིག་མེད། གཅིག་དགུ་ཞེ་ལྔ་ལོར། ཏང་གི་སྐབས་དྲུག་པའི་ཚོགས་ཆེན་ཐེངས་བདུན་པའི་སྟེང་ཆོག་མཆན་བཀོད་པའི་ལོ་རྒྱུས་གནད་དོན་འགའ་ཡི་ཇུས་ཆོད་ཅེས་པ་དང་གྱ་གཅིག་ལོར་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཆོག་མཆན་བཀོད་པའི་རྒྱལ་ཁབ་བཙུགས་པ་ནས་ཏང་གི་ལོ་རྒྱུས་གནད་དོན་འགའ་ཡི་ཇུས་ཆོད་ཅེས་པ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་སྤྱི་བསྡོམས་ཡིན་པ་མ་ཟད། ང་ཚོ་ཏང་གིས་བདེན་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་མཁས་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ་བཅས་ཀྱི་དཔེ་གཞི་ཡིན། ཀྲུང་གོ་གུང་ཁྲན་ཏང་ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་པ་དང་། རང་ཉིད་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་བྱེད་པ་བཅས་ལེགས་འགྲུབ་ཡོང་པའི་རྩ་བའི་རྒྱུ་རྐྱེན་ནི་དུས་ནམ་ཡང་རང་ཉིད་རང་ལ་ཡིད་ཚིམ་ནས་མི་འདུག་པ་དང་། གནས་གཅིག་ཏུ་སོར་གནས་མི་བྱེད་པ། གཤིས་གྱོང་མི་བྱེད་པ། རང་གིས་རང་ལ་དག་ཐེར་བྱེད་ཐུབ་པ་བཅས་ཀྱི་རྐྱེན་རེད། ལྷག་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནད་དོན་ལ་སྤོབས་པ་ཆེན་པོས་གདོང་གཏད་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་གྱི་ཕྱོགས་སུ་གནོད་པའི་སྐྱོན་ཆ་ཡོད་ཚད་རྩ་འཇོམས་སུ་བཏང་པ་དང་། ཏང་གི་བདེ་ཐང་གི་ཤ་གནད་ལ་རུལ་སུངས་ཀྱི་ཤ་རྨེན་འགོས་པ་མེད་པར་བཟོས་ཤིང་། རང་ཉིད་སྔར་མེད་དག་གཙང་དང་ལེགས་སྒྱུར། གསར་བརྗེ། མཐོར་འདེགས་སུ་གཏོང་པ་བཅས་བྱས་ཏེ། ཏང་གི་གསོན་ཤུགས་དང་འཐབ་ཤུགས་དེ་ནམ་ཡང་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་བར་འགན་སྲུང་བྱས་ཡོད་པ་མ་ཟད། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་སྔུན་བསྐྱོད་དང་མི་རིགས་ཀྱི་སྒལ་ཚིགས་སུ་འགྱུར་བར་བྱས་ཡོད།
མདོར་ན། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་པ་ནས་བཟུང་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་བསྐྱར་དར་ཆེད་དུ་སྲིད་ཏང་ལ་འབད་འཐབ་བྱས་ཤིང་། གཏན་ནས་སྒེར་སེམས་མེད་པར་མི་དམངས་ཀྱི་གསར་སྐྲུན་ལ་སྣེ་ཁྲིད་ནས་དུས་རབས་ཀྱི་རྗེས་ཆོད་པ་དང་། དུས་རབས་ལ་ཁྱད་མཚར་གྱི་ལོ་རྒྱུས་སྐྲུན་པ་མ་ཟད། གསར་བརྗེ་རང་བཞིན་གྱི་བཙོ་སྦྱངས་ཁྲོད་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་ནི་རང་འདེམས་ཀྱི་རྣམ་པ་ཙམ་མིན་པར། ལོ་རྒྱུས་དང་མི་དམངས་ཀྱི་གདམ་ཀ་རེད། ལག་ལེན་གྱིས་གདམ་ཀ་འདི་ལ་ཡང་དག་ཡིན་པའི་བདེན་དཔང་བྱས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།