སྟོན་བསྡུའི་འོས་ལངས་ཀྱིས་གསར་བརྗེའི་འགྲོ་ཕྱོགས་ཡོ་བཅོས་བྱས།
2021.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

༡༩༢༧ལོའི་ཟླ་དགུ་པའི་ཚེས་དགུ་ཉིན། རི་ཀླུང་འགུལ་བར་བྱེད་པའི་ཧུའུ་ནན་དང་ཅང་ཞིའི་ས་མཚམས་ཀྱི་སྟོན་བསྡུ་འོས་ལངས་དངོས་སུ་བྱུང་། ལོག་སྤྱོད་ཕྱོགས་ཁག་གི་དམག་དོན་སྟོབས་ཤུགས་ཆེ་དྲག་པ་དང་། འོས་ལངས་དམག་དཔུང་གི་དམག་ཤུགས་ཉམས་ཞན་པ། དེའི་ཐོག་མང་ཚོགས་ལ་སྐུལ་སློང་གང་ལེགས་བྱེད་མ་ཐུབ་པ་སོགས་རྒྱུ་རྐྱེན་གྱིས་དབང་གིས། ཞིང་ཆེན་གྱི་ལྟེ་གནས་ཁྲང་ཧྲ་ལ་དཔུང་འཇུག་བྱེད་པའི་དམིགས་འབེན་མངོན་འགྱུར་མ་བྱུང་བ་དང་། སྟོན་བསྡུ་འོས་ལངས་ཕྱོགས་ནས་དཀའ་ཁག་ཆེན་པོར་འཕྲད།

༡༩༢༧ལོའི་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། ཧུའུ་ནན་ལིའུ་དབྱང་གྲོང་ཁྱེར་ཝུན་ཅཱ་ཧྲི་གྲོང་རྡལ་གྱི་ལིས་རིན་སློབ་གྲྭའི་རྒྱབ་ཕྱོགས་ཀྱི་སློབ་ཁང་ཞིག་གི་ནང་དུ། མོ་ཙའེ་ཏུང་གིས་དགྲ་བོའི་དབང་བསྒྱུར་སྟོབས་ཤུགས་ཉམས་ཞན་པའི་ཞིང་སྡེ་རུ་སོང་ནས། དྲག་པོའི་འཐབ་རྩོད་སྤེལ་བ་དང་གསར་བརྗེའི་གནས་གཞི་ས་ཁུལ་འཛུགས་དགོས་ཞེས་བསྟན། དེ་ནས་བཟུང་། ཀྲུང་གོའི་གསར་བརྗེའི་ཞིང་སྡེ་ནས་གྲོང་ཁྱེར་སྐོབར་བའི་ལམ་ཕྱོགས་དངོས་སུ་འགོ་བརྩམས་པ་དང་། དྲག་པོའི་སྒོ་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་མེ་ལྕེ་ཡོངས་སུ་སྦར།

ཝུན་ཅཱ་ཧྲི་གྲོང་རྡལ་ཝུན་ཧྭ་རི་བོའི་བྱང་རྒྱུད་ཀྱི་སྟོན་བསྡུ་འོས་ལངས་ཝུན་ཅཱ་ཧྲི་དམག་དཔུང་མཉམ་འཛོམས་རྗེས་དྲན་ཁང་གི་མདུན་དུ། མཚོན་རྟགས་རང་བཞིན་ལྡན་པའི་འཛིམ་བརྐོས་ཤིག་ཡོད་པ་དང་། འཇིམ་བརྐོས་ཀྱི་རྒྱབ་ལྗོངས་ནི་དར་ཆ་ཞིག་ཡིན་ལ། དེའི་ཐོག་བཟོ་ཞིང་གསར་བརྗེ་དམག་འབུམ་སྡེ་དང་པོའི་ཁྲི་ཤོག་དང་པོ་ཞེས་བྲིས་ཡོད། འཇིམ་བརྐོས་ཀྱི་བར་དཀྱིལ་དུ་ལག་པ་ཆེན་པོ་གཉིས་ཡོད་ལ། ལག་པ་གཅིག་གིས་ཁ་ཡར་ཕྱོགས་པའི་མེ་མདའ་དམ་པོར་བཟུང་ཡོད་པ་དང་། དེས་མེ་མདའི་ཁ་ནས་སྲིད་དབང་ཐོན་པ་མཚོན་ལ། ལག་པ་གཅིག་གི་ནང་དུ་དཔལ་འབར་ཞིག་བཟུང་ཡོད་པ་དང་

དེས་མེ་སྟག་ཆུང་ཡང་རི་བོ་འཚིག་ཐུབ་པ་མཚོན་ཡོད། འཇིམ་བརྐོས་ལས་ཀྲུང་གོའི་གསར་བརྗེའི་ལམ་བུ་རིམ་པ་བཞིན་འཚོལ་ཞིབ་དང་གཏན་ཁེལ་བྱས་པའི་རྒྱུད་རིམ་མངོན་པར་བྱས་ཡོད།

དེ་ནས་རྗེས་དྲན་ཁང་གི་འགྲེམ་སྟོན་ཚོམས་ཁང་དུ་སོང་བ་ན། ང་ཚོའི་མིག་ལམ་དུ་མངོན་པ་ནི་འབུར་བརྐོས་ཆེ་ཤས་ཞིག་ཡིན་ལ། དེས༡༩༢༧ལོར་གུང་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་གུང་ཁྲན་ཏང་མི་དང་གསར་བརྗེའི་མང་ཚོགས་ལ་གདུག་རྩུབ་ཆེན་པོས་མནར་གཅོད་བཏང་བའི་ངང་ཚུལ་མཚོན་ཡོད། སྐབས་དེར། རྒྱལ་ཡོངས་ཀྱི་མཁའ་དབྱིངས་སུ་སྔ་ན་མེད་པའི་གསར་བརྗེའི་ཉེན་ཁ་དང་འཇིགས་སྣང་དཀར་པོའི་འཐིབ་ཡོད་ལ། ༡༩༢༧ལོའི་ཟླ་གསུམ་པ་ནས་ཟླ་བརྒྱད་པའི་བར་དུ། སྔོན་གཤེགས་དཔའ་བོ་འབུམ་གསུམ་དང་ཁྲི་གཅིག་ལ་གནོད་ཐེབས།

དུས་དེར། ཚ་ཚ་འུར་འུར་གྱི་གསར་བརྗེ་ཆེན་མོར་ཕམ་ཉེས་བྱུང་བས། ཀྲུང་གོ་གུང་ཁྲན་ཏང་མིར་ངེས་པར་དུ་རང་སྐྱ་འཕེར་བའི་སྒོ་ནས་དྲག་པོའི་འཐབ་རྩོད་ལ་འགོ་ཁྲིད་པའི་གསར་བརྗེའི་ལམ་བུ་བསྐྱོད་པ་དང་། དྲག་པོར་དྲག་པོས་ཁ་གཏད་འཇལ་དགོས་པའི་ཤེས་ཚོར་སྐྱེས།

བརྒྱད་བདུན་གྲོས་ཚོགས་རྗེས་སུ། མའོ་ཙེ་ཏུང་ཀྲུང་དབྱང་གི་ཆེད་མངག་པ་བྱས་ནས་ཕྱིར་ཧུའུ་ནན་དུ་ལོག་ཏེ། ཧུའུ་ནན་ཞིང་ཆེན་གྱི་ཏང་ཨུ་གསར་བ་བཙུགས་པ་མ་ཟད། ཁྲང་ཧྲ་གྲོང་ཁྱེར་ཉེ་འཁོར་གྱི་ཧྲིན་ཅཱ་ཁང་ཆེན་ནང་གྲོས་ཚོགས་བསྡུས་ནས། བརྒྱད་བདུན་གྲོས་ཚོགས་ཀྱི་དགོངས་པ་བརྒྱུད་སྒྲོག་བྱས་པ་དང་། སྟོན་བསྡུ་འོས་ལངས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཟླ་དགུ་པའི་ཟླ་སྟོད་དུ། མའོ་ཙེ་ཏུང་གིས་ཨན་ཡོན་ཀྲང་ཅཱ་ཝན་ནས་དམག་དོན་གྲོས་ཚོགས་བསྡུས་ནས། བཟོ་ཞིང་གསར་བརྗེ་དམག་འབུམ་སྡེ་དང་པོའི་ཁྲི་ཤོག་དང་པོ་འཛུགས་རྒྱུ་ཐག་བཅད་པ་དང་། བསྡོམས་པས་མདའ་ཤོག་གསུམ་དང་མི་སྟོང་ལྔ་ཡོད་ལ། མའོ་ཙེ་ཏུང་གཡུལ་ས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རུ་བདམས་པ་དང་། ལུའུ་ཏི་མེན་སྤྱིའི་བཀོད་འདོམས་པར་བསྐོས་ལ། ཟླ་དགུ་པར་གྱེན་ལངས་བྱེད་པ་མ་ཟད་ཁྲང་ཧྲར་དཔུང་འཇུག་བྱེད་རྒྱུའི་འཆར་གཞི་བཟོས།

བཟོ་ཞིང་སྤུན་ཟླས་མཐུན་སྒྲིལ་གཅིག་སེམས་བྱེད། མེ་མདའ་ལག་ཏུ་ཐོགས་ནས་གསར་བརྗེ་བྱེད། ནམ་ཡང་ཞུམ་པ་མེད་པར་མདུན་དུ་སྐྱོད་ཅེས་པའི་དམངས་གླུ་དེས་འོས་ལངས་དམག་དཔུང་གི་གསར་བརྗེའི་སྙིང་སྟོབས་དང་སྤོབས་པ་མཚོན།

ཟླ་དགུ་པའི་ཚེས་དགུ་ཉིན། སྟོན་བསྡུ་འོས་ལངས་དངོས་སུ་བྱུང་བ་དང་། ཁྲི་ཤོག་གསུམ་གྱི་མི་སྟོང་ལྔ་ལྷག་སོ་སོར་ཅང་ཞི་ཞིག་ཧྲུའེ་དང་ཨན་ཡོན། ཐུང་ཀུའུ་ནས་ལམ་ལ་ཆས་ནས། ཁྲང་ཧྲའི་མཐའ་འཁོར་གྱི་ས་ཁུལ་སྐོར་ཞིག་གི་དམག་མི་དང་མང་ཚོགས་དང་མཉམ་འབྲེལ་བྱས་ཏེ། ལྷོ་བྱང་དབུས་བཅས་ཕྱོགས་གསུམ་གྱིས་མཉམ་དུ་ཁྲང་ཧྲ་གྲོང་ཁྱེར་ལ་དཔུང་འཇུག་བྱས།

རྗེས་དྲན་ཁང་གི་གློག་རྡུལ་བྱེ་གཞོང་སྟེང་། མདའ་རྟགས་དམར་པོ་གསུམ་ཅང་ཞི་ནས་ཐད་ཀར་ཧུའུ་ནན་བར་རྒྱུན་བསྲིང་ཡོད། ཡིན་ན་ཡང་དགྲ་བོའི་སྟོབས་ཤུགས་ལ་ཚོད་དཔག་བྱེད་ཚད་མི་འདང་བ་དང་། དེ་དང་མཉམ་དུ་འཐབ་འཁྲུག་གི་ཉམས་མྱོང་མེད་པའི་རྐྱེན་གྱིས། ལམ་གསུམ་གྱི་འོས་ལངས་དམག་ལ་འཕྲོ་རིམ་འཕྲོར་ཕམ་ཉེས་བྱུང་།

ཉེན་ཁ་ཚབས་ཆེན་ལ་ཁ་ཕྱོགས་ནས། མའོ་ཙེ་ཏུང་གིས་ཧྲང་ཕིང་ནས་སྔོན་གྱི་ཁྲང་ཧྲ་ལ་དཔུང་འཇུག་བྱེད་པའི་དམག་དོན་འགུལ་སྐྱོད་ཐག་གཅོད་བསྐྱུར་ནས། དམག་དཔུང་ཝུན་ཅ་ཧྲི་ནས་མཉམ་འཛོམས་བྱེད་རྒྱུ་ཐག་བཅད། ཝུན་ཅ་ཧྲི་ལ་ཐོན་དུས། བཟོ་ཞིང་གསར་བརྗེ་དམག་གི་མི་གྲངས་སྟོང་ལྔ་ནས་སྟོང་གཅིག་དང་ལྔ་ལ་ཇེ་ཉུང་དུ་སོང་བ་དང་། གསར་བརྗེ་དམག་ལས་ལྡབ་སུམ་ཅུ་ཡིས་མང་པའི་དགྲ་བོར་ཁ་ཕྱོགས་ནས། ཡང་བསྐྱར་ཁྲང་ཧྲར་དཔུང་འཇུག་བྱེད་པ་ནི་སྒོ་ང་རྡོ་ལ་རྒྱག་པ་དང་ཁྱད་མེད།

དེའི་རྗེས་དམག་དཔུང་གི་གནས་བབ་ཐད་ནས་གཡུལ་སའི་ཨུ་ཡོན་རྣམས་ཀྱིས་ངེས་པར་དུ་མྱུར་དུ་གཏན་ཁེལ་བྱེད་དགོས། ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་གྱི་དགོང་མོར། ཐེངས་འདིའི་ཀྲུང་གོའི་གསར་བརྗེ་བགྲོད་ལམ་གྱི་ཁ་ཕྱོགས་དང་འབྲེལ་བའི་གཡུལ་ས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དེ་དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ་བསྡུས་པ་དང་། མཇུག་མཐར་ཁྲང་ཧྭར་དཔུང་མཇུག་བྱེད་མཚམས་བཞག་སྟེ། དགྲ་བོའི་དབང་བསྒྱུར་སྟོབས་ཤུགས་ཉམས་ཞན་པའི་ཞིང་སྡེ་རུ་དམག་སྐྱོད་བྱེད་པའི་གཏན་ཁེལ་ལ་གྲོས་འཆམ་བྱུང་། ཝུན་ཅཱ་ཧྲི་རུ་དམག་སྐྱོད་བྱས་པ་དེས། གནད་འགག་སྐབས་སུ་བཟོ་ཞིང་གསར་བརྗེ་དམག་ཉེན་ཁ་ལས་བསྐྱབས་པ་དང་། དེ་ནི་ཀྲུང་གོའི་གསར་བརྗེའི་འཕེལ་རྒྱས་ལོ་རྒྱུས་སྟེང་ཐག་གཅོད་ཀྱི་དོན་སྙིང་ལྡན་པའི་དཀྱོག་མཚམས་ཡིན།


མའོ་ཙེ་ཏུང་གིས་འོས་ལངས་ཀྱི་ལམ་བར་དུ། དམག་དཔུང་གི་མིང་ལ་བཟོ་ཞིང་གསར་བརྗེ་དམག་ཟེར་ཞིང་། དར་རྟགས་ནི་ཟོར་བ་དང་སྟ་རེ་ཡིན་ལ། ལུའུ་ཧྲན་རི་བོའི་འདབས་ནས་མཚམས་མི་འཇོག་པར་། ཐད་ཀར་ཧུའུ་ནན་དུ་དཔུང་སྐྱོད་བྱེད་ཅེས་ཁ་བྱང་སྟོན་བསྡུ་འོས་ལངས་ཞེས་པའི་སྙན་ངག་ཅིག་བྲིས།

ཚིག་རྒྱན་གྱི་སྦྱོར་བ་མེད་པའི་སྙན་ངག་དེས། སྟོན་བསྡུ་འོས་ལངས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གསལ་སྟོན་བྱས་ཡོད།

ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་སྔོན་ཆད་ཀྱི་སྐོར་ཞིབ་པ་ཞཱ་ཡོན་ཧྲིན་གྱིས་མའོ་ཙེ་ཏུང་གིས་སྟོན་བསྡུ་འོས་ལངས་ལ་འགོ་ཁྲིད་པའི་རྒྱུད་རིམ་ཁྲོད་དར་ཆ་ཅི་ཞིག་བསྒྲེང་བ་དང་བགྲོད་ལམ་གང་ལ་ཞུགས་པ། དམག་དཔུང་ག་འདྲ་ཞིག་འཛུགས་པ་བཅས་ཀྱི་གནད་དོན་ཆེན་པོ་གསུམ་ཐག་བཅད་དེ། ལོ་རྒྱུས་ཀྱི་མཛད་རྗེས་ཆེན་པོ་གསུམ་བསྐྲུན་ཡོད་ཅེས་གདེང་འཇོག་བྱས་པ་དང་། སྟོན་བསྡུ་འོས་ལངས་ཀྱི་ལོ་རྒྱུས་ལག་ལེན་ཁྲོད། མར་ཁེ་སི་རིང་ལུགས་དེ་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་འགོ་བརྩམས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་བགྲོད་ལམ་ཞིག་དུས་དེ་ནས་ཁྱོན་ཡོངས་སུ་གསར་འབྱེད་བྱས།

རྗེས་དྲན་ཁང་གི་སྐོར་དང་པོའི་བཟོ་ལྗོངས་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གི་དམག་དར་དང་པོ་ཅི་ལྟར་བྱུང་བའི་ལོ་རྒྱུས་གསལ་བོ་བརྗོད་ཡོད། འོས་ལངས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ཆེད། བཟོ་ཞིང་གསར་བརྗེ་དམག་འབུམ་སྡེ་དང་པོའི་ཁྲི་ཤོག་དང་པོའི་ཇུས་འདོན་པ་ཧི་ཁྲང་ཀུང་སོགས་ཀྱིས་བཀའ་ལྟར་དམག་དར་ཇུས་འགོད་བཟོ་སྐྲུན་བྱས། སྔར་ཡོད་ཀྱི་མ་དཔེ་མེད་པས། ཡང་དང་བསྐྱར་དུ་ཞིབ་འཇུག་བྱས་པ་དང་། རྒྱལ་ཁབ་གཞན་པའི་དམག་དར་གྱི་མ་གཞི་དཔེར་བཟུང་ནས། སྔོན་རབས་པ་ཚོས་ཟོར་བ་དང་སྟ་རེ། ཟུར་ལྔའི་སྐར་མ་བཅས་ཡོད་པའི་དམག་དར་དམར་པོ་ཇུས་འགོད་བཟོ་སྐྲུན་བྱས། དམར་པོས་གསར་བརྗེ་མཚོན་ལ། ཟུར་ལྔའི་སྐར་མས་ཀྲུང་གོ་གུང་ཁྲན་ཏང་མཚོན་པ་དང་། ཟུར་ལྔའི་སྐར་མའི་ནང་གི་ཟོར་བ་དང་སྟ་རེ་ནག་པོས་སོ་སོར་ཞིང་བ་དང་བཟོ་བ་མཚོན། སྟོན་བསྡུ་འོས་ལངས་ཀྱི་སྔ་ནུབ་ཏུ། དམག་དར་གསར་བ་དངོས་སུ་བཟོ་བཏོད་བྱས།

ད་ལོར་དགོང་ལོ་དོན་བརྒྱད་ལ་བུད་པའི་ཡུས་ཀྲིན་ཁུའེ་ཡིས། སྟོན་བསྡུ་འོས་ལངས་ཀྱིས་ཐོག་མར་བཟོ་ཞིང་གསར་བརྗེ་དམག་གི་དར་ཆ་བསྒྲེང་བ་དང་། རིགས་གསར་བའི་མི་དམངས་དམག་དཔུང་ཞིག་བཙུགས་པ་མ་ཟད། ཐོག་མར་ཏང་ཀྲི་པུའུ་བརྒྱ་ཤོག་ཏུ་འཛུགས་པའི་རྩ་དོན་བཏོན་ནས། དོན་དངོས་སྟེང་ཏང་གི་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་མངོན་འགྱུར་བྱས་ཟེར། ཡུས་ཀྲིན་ཁུའེ་ནི་ཝུན་ཅཱ་ཧྲི་ཡན་ཆན་སློབ་འབྲིང་གི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཞིག་ཡིན་པ་དང་། ལས་འཁྱུར་ངལ་་གསོ་བྱས་རྗེས་དུས་ཡུན་རིང་བོར་སྟོན་བསྡུ་འོས་ལངས་ཀྱི་ལོ་རྒྱུས་དང་གཞུང་ལུགས་ཞིབ་འཇུག་བྱ་བ་བསྒྲུབ་ཀྱིན་ཡོད། ཁོའི་ཨ་ཕ་ནི་སྟོན་བསྡུ་ལོས་ལངས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཝུན་ཅཱ་ཧྲི་དམར་སྲུང་རུ་ཁག་གི་བཅུ་དཔོན་ཡིན་ལ། ཁྲི་ཤོག་དང་པོའུམཝུན་ཅཱ་ཧྲི་རུ་དམག་འཁྲུག་ཐད་རམ་འདེགས་བྱས་མྱོང་།

1927ལོའི་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། མའོ་ཙེ་ཏུང་གིས་བཟོ་ཞིང་གསར་བརྗེ་དམག་གི་འགོ་ཁྲིད་དེ་དམག་འཁྲུག་ཐེངས་མང་དང་དཀའ་སྤྱད་ལ་མ་འཛེམ་པར་ལ་ཀླུང་བརྒལ་བ་བརྒྱུད་དེ། མཇུག་མཐར་ཧུའུ་ནན་དང་ཁ་བྲལ་ནས་ཅང་ཞི་ཅིན་ཀང་རི་བོའི་ཚི་ཕེན་དུ་སོང་སྟེ། རང་ཏང་གི་ཞིང་སྡེ་གསར་བརྗེ་གནས་གཞི་ས་ཁུལ་དང་པོ་བཙུགས་པ་དང་། བཟོ་ཞིང་དྲག་ཆས་བཅད་བཟུང་གི་མེ་ལྕེ་དེ་ལའོ་ཞའོ་རི་རྒྱུད་ནས་རྒྱུན་མ་ཆད་པར་འབར་འགོ་བརྩམས།


དགུན་དུས་ཀྱི་གྲང་ངར་གྱིས་ད་ལྟའི་ལིས་རིན་སློབ་གྲྭར་གཟི་ཉམས་ཤིག་བསྣན་ཡོད་ལ། ས་འདི་དངོས་ཐོག་བདེན་འཚོལ་ཞེས་པའི་བསམ་བློའི་འབྱུང་གནས་ཀྱང་ཡིན། ལོ་ངོ་གོ་གསུམ་སྔོན་གྱི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར། སློབ་གྲྭ་འདིའི་ལུས་རྩལ་ར་བའི་ནང་། འཐབ་མོ་བ་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་མའོ་ཙེ་ཏུང་གི་དམག་དཔུང་ཞིང་སྡེ་རུ་དཔུང་སྐྱོད་བྱེད་པའི་སྐོར་གྱི་གཏམ་བཤད་ལ་ཉན།

ལོ་ངོ་ཉེར་གཉིས་ཀྱི་རྗེས་སུ། ང་ཚོས་མཐུན་སྒྲིལ་དམ་པོ་དང་རྡོག་རྩ་གཅིག་སྒྲིལ་སྒོས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་མཚམས་མ་བཞག་ན། དུས་ནམ་ཞིག་ལ་དེ་རྩ་མེད་དུ་གཏོང་ཐུབ་པ་ཁོ་ཐག་ཡིན་ཞེས་པའི་མ་འོངས་ལུང་བསྟན་དེ་མངོན་སུམ་དུ་གྱུར། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སྟེང་། ཝུན་ཅཱ་ཧྲིའི་དམག་དཔུང་མཉམ་འཛོམས་གཏན་འབེབས་དང་ལག་བསྟར་བྱེད་པའི་དམག་བསྒྱུར་ཇུས་ཆོད་དེ། མའོ་ཙེ་ཏུང་འཐུས་ཚབ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོའི་གསར་བརྗེའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། ཞིང་སྡེ་ནས་གྲོང་ཁྱེར་བསྐོར་བའི་གསར་བརྗེའི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་འགོ་ཚུགས་སར་ཡང་གྱུར།

ཡུས་ཀྲིན་ཁུའེ་ཡིས་སྟོན་བསྡུ་འོས་ལངས་སྙིང་སྟོབས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་དངོས་ཐོག་བདེན་འཚོལ་ཡིན་ལ། དེའི་རྨང་གཞིའི་སྟེང་ད་དུང་གསར་གཏོད་བྱེད་ཕོད་པ་དང་ཁག་ཁུར་བྱེད་ཕོད་པའི་གསར་བརྗེའི་སྙིང་སྟོབས་ཀྱང་ཡོད་ཟེར། ད་ལྟའི་བར་དུ་ལོ་བརྒྱ་ཙམ་འགོར་བ་མ་ཟད། དུས་རབས་ཀྱིས་ང་ཚོ་ཏང་ལ་བསྩལ་བའི་འགན་འཁྲི་མི་འདྲ་ན་ཡང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློ་དེའི་ཐད་ལྡན་པའི་སྟོབས་ཤུགས་ནམ་ཡང་འགྱུར་མེད་ལ། དུས་རབས་གསར་བར་ཡང་རྒྱུན་འཛིན་དར་སྤེལ་གཏོང་རིན་ཡོད།

སྟོན་བསྡུ་འོས་ལངས་ཀྱི་རྒྱུད་རིམ་ཧྲིལ་བོ་འགྲེམ་སྟོན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རྗེས་དྲན་ཁང་ཡིན་པའི་ཆ་ནས། སྟོན་བསྡུ་འོས་ལངས་ཝུན་ཅཱ་ཧྲི་དམག་དཔུང་མཉམ་འཛོམས་རྗེས་དྲནཁང་གི་ལོ་གཅིག་གི་ལྟ་སྐོར་མི་གྲངས་ས་ཡ་གཉིས་ལྷག་ལ་སླེབས་ཡོད། ད་ལོར་ལོ་ཉེར་བདུན་ཡིན་པའི་རྗེས་དྲན་ཁང་གི་འགྲེལ་བཤད་པ་ཆིག་ཡེ་ཡིས་བཤད་རྒྱུར། གནས་སྐོར་པར་འགྲེལ་བཤད་བྱེད་པའི་གོ་རིམ་ཁྲོད། ངས་ཉིན་རྒྱུན་དུ་སྤྱིར་བཏང་མིན་པའི་ལོ་ཟླ་དེར་ཕྱིར་བལྟ་བྱས་ཏེ། དེའི་ཁྲོད་ནས་འབད་འཐབ་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་ཡིན་ཟེར། ཁོ་མོས་འགྲེལ་བཤད་བྱ་བ་སྒྲུབ་ནས་ལོ་གསུམ་འགོར་སོང་བ་དང་། བྲེལ་མྱུར་ཆེ་དུས། ཁོ་མོས་ཉིན་གཅིག་ལ་འགྲེལ་བཤད་ཐེངས་བརྒྱད་ལ་བྱེད་དགོས་དུས་ཀྱང་ཡོད།

སྟོན་བསྡུ་འོས་ལངས་ཝུན་ཅཱ་ཧྲི་དམག་དཔུང་མཉམ་འཛོམས་རྗེས་དྲན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། རྗེས་དྲན་ཁང་གི་འགོ་གཙོ། ཝུན་ཅཱ་ཧྲི་གྲང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞའེ་པོ་ཀྲིན་གྱིས། སྟོན་བསྡུ་འོས་ལངས་ཝུན་ཅཱ་ཧྲི་དམག་དཔུང་མཉམ་འཛོམས་རྗེས་དྲན་ས་ཆ་ནི་ལོ་རྒྱུས་ཀྱི་བདེན་དཔང་། འོད་སྟོང་འབར་བའི་འགོ་ཚུགས་ས་ཡིན། ད་ལྟ། རྗེས་དྲན་ཁང་ཇེ་རྒྱས་ཇེ་ལེགས་སུ་སོང་བ་བསྟུན་ནས། ཝུན་ཅཱ་ཧྲི་ཡིས་སྟོན་བསྡུ་འོས་ལངས་ཀྱི་སྙིང་སྟོབས་གཞིར་བཟུང་བ་དང་། ང་ཚོ་ཏང་གི་གསར་བརྗེའི་གཏམ་རྒྱུད་བཟང་བོར་བཤད་པ་དང་འབད་འཐབ་ཀྱི་གཞི་རྒྱུད་རྒྱུན་འཛིན་པ་ལས་འགན་དུ་བརྩིས་ནས། ས་དེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་བརྗེའི་གནས་རྙིང་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་སྒོ་གླེགས་གསར་བ་ཕྱེས་ཟེར།