“ཐུན་མོང་མ་ཡིན་པའི”ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་སྐུལ་སློང་ཚོགས་འདུ་ཞིག
2021.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 74

 ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དེ་མཚོ་ཤར་གྲོང་ཁྱེར་དུ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་བསྟུན་ནས། རྣམ་པ་གསར་ཞིང་གསོན་ཉམས་ལྡན་པའི་སློབ་སྦྱོང་གི་བྱེད་ཐབས་ཀྱང་འཕྲོ་རིམ་འཕྲོར་ཕྱིར་མངོན་བྱུང་། ཟླ3པའི་ཚེས8ཉིན། ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་སྐུལ་སློང་ཚོགས་འདུའི་རྣམ་པ་གསར་གཏོད་བྱས་ཤིང་། གྲོས་ཚོགས་ཀྱི་ཚོགས་ར་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ཧོང་ཀོང་སྡེ་བར་སྤར་ནས། གསར་བརྗེའི་ཐོན་ཁུངས་ལེགས་པོ་བཀོལ་ཏེ་ཏང་གི་ལོ་རྒྱུས་གཏམ་རྒྱུད་གླེང་བ་དང་། སློབ་སྦྱོང་གི་ནང་དོན་གསར་གཏོད་བྱེད་པ། སློབ་སྦྱོང་གི་རྣམ་པ་ལེགས་པོར་སྤེལ་ནས། སློབ་སྦྱོང་སློབ་གསོའི་ཡིད་དབང་འགུགས་ཤུགས་ཇེ་མཐོར་བཏང་།

“ང་ཀྲུང་གོ་གུང་ཁྲན་ཏང་ནང་རང་འགུལ་གྱིས་ཞུགས་པ་ཡིན་པས། ཏང་གི་རྩ་དོན་སྲུང་སྐྱོབ་དང་ཏང་གི་སྒྲིག་སྲོལ་བརྩི་སྲུང་། ཏང་གི་འོས་འགན་ལག་བསྟར་བྱ་རྒྱུ་ཡིན།” ཉིན་དེའི་སྔ་དྲོར་ཉི་འོད་ཐད་ཀར་ཧོང་ཀོང་སྡེ་བའི་ཐང་ཆེན་དུ་འཕྲོས་ཤིང་། ཉེན་དོན་ཉེན་རྟོག་པ་བཞི་ཡིས་དམར་མདངས་བཀྲ་བའི་ཏང་དར་མཐོན་པོར་བསྒྲེངས་བཞིན་ཚོགས་རར་བསྐྱོད་པ་དང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་དར་ལ་ཁ་གཏད་དེ་ལག་པ་གཡས་པ་ཡར་བཀྱག་ནས་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་པ་དང་། ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་ཕྱིར་དྲན་བྱས་ཏེ། ཐོག་མའི་བསམ་འདུན་གྱིས་བླ་སྲོག་བཙོ་སྦྱངས་དང་སྟོབས་ཤུགས་བསྡུ་ལེན་བྱས།

སྐུལ་སློང་ཚོགས་འདུ་གྲོལ་མ་ཐག་གྲོས་ཚོགས་ལ་ཞུགས་མཁན་ཚོས་ཡུལ་དངོས་ནས་ནུབ་ལམ་དམག་དཔུང་དམར་དམག་སློབ་ཆུང་དང་ནུབ་ལམ་དམར་དམག་རྗེས་དྲན་ཁང་སོགས་གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་བྱས་ནས།  རང་གི་ཉེ་འགྲམ་གྱི་བསླབ་དེབ་བསྐྱར་དྲན་བྱས་པ་དང་།  གསར་བརྗེའི་གཏམ་རྒྱུད་ལ་ནན་ཏན་སྒོས་ཉན་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཡུལ་དངོས་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དང་ལེན་བྱས།

བློ་མཐུན་ཚོས་གསར་བརྗེའི་ལོ་རྒྱུས་ཡོད་པའི་དབྱི་སི་ལན་ཆོས་ཁང་ཚོམས་ཆེན་གྱི་རྩེ་ཟུར་ལ་བལྟས་དང་། རྫ་གཡམ་སྔོན་པོའི་བརྐོས་རྒྱན་ཁྲོད་ནུབ་ལམ་དམག་དཔུང་གིས་བཞག་པའི‘གསང་ཨང་དམར་པོ’སྦས་ཡོད། ལོ་དེར་ཞིག་གསོ་བྱེད་པའི་སྐབས་སུ་འཐབ་མོ་བ་ཚོས་ཐབས་མཁས་ཀྱི་སྒོ་ནས་སྐར་མ་རྩེ་ལྔ་དང་ཟོར་བ།   སྟ་རེ།   གོང་རྟགས་དམར་པོ་སོགས་གསར་བརྗེའི་མཚོན་རྟགས་དག་རྫ་གཡམ་ཁྲོད་ཀྱི་མེ་ཏོག་གི་འདབ་མའི་སྟེང་དུ་བརྐོས་ཡོད་ལ།  ད་ལྟ་སྐར་མ་རྩེ་ལྔ་དེ་གསལ་བོར་ངོས་འཛིན་བྱེད་ཐུབ་ཟེར།

 ཟུར་བཞིའི་གོ་དོན་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་ཨང་བཞི་པའི་དམག་དཔུང་གི་གོ་དོན་ཡིན་ཞིང་། གྲུ་ཟུར་བྱང་ཤར་ཕྱོགས་སུ་བསྲིངས་འདུག་ལ་དེའི་ཁ་ཕྱོགས་ཡན་ཨན་གྱི་ཁ་ཕྱོགས་དང་འདྲ་བས་ཡན་ཨན་དང་སེམས་པ་གཞི་ཏུ་སྦྲེལ་ཡོད་པས། ཏང་ཀྲུང་དབྱང་ལ་བློ་ཐག་རྦད་བཅད་ཀྱིས་གོང་བཀུར་དང་གསར་བརྗེ་མཐར་ཕྱིན་པར་བྱེད་དགོས་པའི་ཆོད་སེམས་མཚོན་ཡོད་པ་རེད།

ད་ལྟ་ཧོང་ཀོང་སྡེ་བའི་ཆེས་སྔ་བའི་སྡེ་བའི་ར་སྐོར60དང་ཁང་བ་གྱན300ཡོད་པ་ཚང་མ་ནི་ནུབ་ལམ་དམག་དཔུང་གིས་ལས་པ་ཡིན་ལ།  གནས་དེར་ཁོ་ཚོས་ད་དུང་དབྱི་སི་ལན་ཆོས་ཁང་དང་སློབ་གྲྭ། ཆུ་འཁོར་ཆེ་གྲས་གཉིས། ཆུ་འཐག་ཁང་དང་སྣུམ་བཙག་ཁང་བཅས་ལས་ཡོད།  ད་དུང་ས་རྒོད་སྤྱི་ཆིང་ཆིག་བརྒྱ་སོ་གསུམ་ལྷག་གསར་སྦོལ་བྱས་ཡོད།

ང་ཚོས་སླར་ཡང་དམར་དམག་སློབ་ཆུང་གི་ར་སྐོར་ནང་བཞད་གྲབས་ཡོད་པའི་ཁམ་བུའི་སྡོང་བོ་ཆེན་པོ་དེར་ལྟ་སྐབས། སྡོང་འོག་ཏུ་ཀྲོང་ངེར་ལངས་པའི་རྨ་ཆུའི་རྡོའི་ཐོག་ཏུ་དམར་དམག་སྡོང་བོ་ཞེས་དམར་མདངས་བཀྲ་བའི་ཡིག་འབྲུ་ཆེན་པོ་གསུམ་བྲིས་ཡོད་པ་དང་། དམར་དམག་སྡོང་བོའི་ཁ་གཏད་དུ་དྲན་གསོའི་རྡོ་རིང་ཞིག་བཞེངས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་དང་། བློ་དཀར་སེམས་དཀར། མི་རབས་རྗེས་མར་སྐུལ་ལྕག་བཅས་བྱ་ཆེད། ཧོང་ཀང་སློབ་ཆུང་གི་དགེ་རྒན་ཡོངས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། དམིགས་བསལ་གྱི་རྡོ་རིང་དེ་བཙུགས་པ་ཡིན་ཟེར།

ཞུང་ཧྭ་རྫོང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་འགུལ་དེས་ཞིབ་འཇུག་དཔྱད་སྡུར་གྲོས་ཚོགས་དང་བཞུགས་མོལ་གྲོས་ཚོགས་སོགས་ཀྱི་རྣམ་པ་བརྒྱུད་དེ། སློབ་གསོས་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་གི་ནུས་པ་དང་མར་ཁེ་སི་རུང་ལུགས་ཀྱི་དར་སྤེལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་སོགས་ངེས་སུ་བཅུག་པ་དང་།   རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་། འཐབ་ཇུས་གཏན་ཁེལ་ནུས་པ་རྒྱུན་འཁྱོངས།  དད་སེམས་རྨང་གཞི་སྲ་བརྟན་དུ་གཏོང་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་། ན་གཞོན་ལོ་ཆུང་སོགས་དམིགས་གསལ་ཚོགས་སྤྱི་གཅིག་ཏུ་བསྡུས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞི་སོགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་ཁྲིད་སྟོན་བྱེད་པ།  གསར་བརྗེའི་ཐོན་ཁུངས་ཀྱི་སློབ་གསོའི་རྟེན་གཞི་སོགས་གཡུལ་སའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ།  དྲ་ཐོག་སློབ་སྦྱོང་དང་གསོ་སྦྱོང་གི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཏང་ཡོན་གྱིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་རྒྱུན་འཛིན་དར་སྤེལ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པར་སློབ་གསོའི་ཁྲིད་སྟོན་བྱས་ནས། གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས།  གསར་བརྗེའི་རིག་གནས་དང་ས་གནས་དེའི་ཏང་ཡོན་ལས་བྱེད་པའི་དཀའ་སྤྱད་འབད་བརྩོན་གྱི་ལོ་རྒྱུས་སྔར་བས་སྔོག་འདོན་བྱས་ཏེ་ཞུང་ཧྭའི་རིག་གནས་མཚོན་རྟགས་ལྡན་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་གསར་རྩོམ་བྱས་ནས་གུང་ཁྲན་ཏང་མིའི་གཟུགས་བརྙན་སྔར་ལས་ཇེ་ལེགས་སུ་གཏོང་དགོས།

མཚོ་ཤར་གྲོང་ཁྱེར་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། ཞུང་ཧྭ་རྫོང་གིས་གཞན་དང་མི་འདྲ་བའི་སྐུལ་སློང་གྲོས་ཚོགས་ལ་བརྟེན་ནས། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་བསླབ་གཞི་འདིར་ཉམས་ལེན་བྱས་པས་གྲུབ་འབྲས་མངོན་གསལ་ཐོན་ཡོད། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་ཡག་པོ་བྱ་ཆེད།  གོམ་སྟབས་རྗེས་མར་མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་གཙོ་གནད་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་བརྡར་གཅོད་གྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ།ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་རྒྱུ་ཆ་སྔོག་འདོན་གང་ལེགས་བྱས་ཏེ། གྲོང་ཁྱེར་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་སློབ་སྦྱོང་དཔེ་མཚོན་མཁོ་འདོན་བྱེད་དགོས་པ་དང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་བཏོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

ཡིག་བསྒྱུར་པ་སྒྲོལ་མ་སྐྱིད།