དམག་དར་གནས་དེ་ནས་མཐོན་པོར་བསྒྲེངས་པ།
2021.03.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

   ནན་ཁྲང་ནི་དམག་དར་མཐོན་པོར་བསྒྲེངས་པའི་གནས་ཐོག་མ་ཡིན།

1927ལོའི་ཟླ8པའི་ཚེས1ཉིན། ནན་ཁྲང་མཁར་སྟེང་ནས་མེ་མདེའུ་སྒྲ་ཞིག་གྲག་པ་དང་མཉམ་དུ། ང་ཚོའི་ཏང་གིས་དྲག་པོའི་དཔུང་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་མགོ་བརྩམས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་ལ། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་བྱ་གཞག་ཅིག་ཀྱང་ཡིན།

དཔའ་བོའི་མཁར་རྫོང་སྟེ་ནན་ཁྲང་གྲོང་ཁྱེར་ཀྲུང་ཧྲན་ལམ་གྱི་སྒོ་རྟགས380པར་གནས་པའི་ནན་ཁྲང་བརྒྱད་གཅིག་འོས་ལངས་རྗེས་དྲན་ཁང་ནི་སྐབས་དེའི་ཅང་ཞི་མགྲོན་ཁང་ཆེན་མོ་ཡིན་ལ། ནན་ཁྲང་འོས་ལངས་ཀྱི་སྤྱིའི་བཀོད་འདོམས་པུའུ་ཡི་སྡོད་གནས་ཀྱང་ཡིན། ལོ་ངོ94ཡི་སྔོན་དུ། རྡོ་གས་གནམ་དཀྲོགས་ཀྱི་མེ་མདའ་དང་པོ་གནས་དེ་རུ་གྲག་བྱུང་།

1927ལོའི་ཀྲུང་གོ་ནི་ག་ས་གང་དུ་འཇིགས་རུང་གི་དུད་སྤྲིན་གྱིས་བཟུང་ཞིང་། ཅང་ཅེ་ཧྲི་ཡི་དཔུང་ཚོགས་དང་ཝང་ཅིན་ཝེ་ཡི་དཔུང་ཚོགས་ཀྱིས་བསྟུད་མར་ངོ་ལོག་བྱས་པ་དང་བསྟུན་ནས། གོ་གུང་ཏང་ཁག་གཉིས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི་གསར་བརྗེ་ཆེན་མོར་ཕམ་ཁ་བྱུང་བ་ཁྱབ་བསྒྲགས་བྱས།

ནན་ཁྲང་བརྒྱད་གཅིག་འོས་ལངས་རྗེས་དྲན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཞིན་ཡུའེ་ཡིས་གསར་འགོད་པར་གཞི་གྲངས་ཚན་པ་ཞིག་མཁོ་སྤྲོད་བྱས་པ་ལྟར་ན། 1927ལོའི་ཟླ3པ་ནས1928ལོའི་ལོ་སྟོད་བར་དུ། དགྲ་བོས་བསད་པའི་གུང་ཁྲན་ཏང་ཡོན་དང་གསར་བརྗེ་མང་ཚོགས་མི་འབུམ་གསུམ་ཁྲི་གཅིག་ལྷག་ལ་སླེབས་པ་དང་། དེའི་ཁྲོད་དུ་གུང་ཁྲན་ཏང་ཡོན་མི་ཁྲི་གཉིས་སྟོང་དྲུག་ལྷག་ལ་སླེབས།

གསར་བརྗེ་སྐྱོབ་པའི་ཆེད་དུ། 1927ལོའི་ཟླ7པར། ཀྲུང་གུང་གནས་སྐབས་ཀྲུང་དབྱང་གིས་ཝུའུ་ཧན་ནས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ནན་ཁྲང་དུ་དྲག་པོའི་འོས་ལངས་བྱེད་རྒྱུ་ཐག་གཅོད་བྱས་པར་མ་ཟད། ཀྲོའུ་ཨེན་ལའེ་ནན་ཁྲང་དུ་མངགས་ནས། ཀྲུང་གུང་གཡུལ་སའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་བཙུགས།

ཟླ7པའི་ཚེས27ཉིན། འོས་ལངས་མགོ་ཁྲིད་པས་ཅང་ཞི་མགྲོན་ཁང་ཆེན་མོ་རུ་གྲོས་ཚོགས་བསྡུས་ཏེ། གཡུལ་སའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཀྲོའུ་ཨེན་ལའེ་ཡིས་ཧྲུའུ་ཅི་ཡི་འགན་བཞེས། ལི་ལི་སན་དང་ཡུན་ཏའེ་ཡིང་། ཕུན་ཕའེ་བཅས་ཨུ་ཡོན་དུ་འདེམ་བསྐོ་བྱས། གྲོས་ཚོགས་ཀྱིས་ཟླ7པའི་ཚེས30ཉིན་གྱི་དགོང་མོར་དྲག་པོའི་འོས་ལངས་བྱེད་རྒྱུ་ཐག་བཅད།

ནན་ཁྲང་བརྒྱད་གཅིག་འོས་ལངས་རྗེས་དྲན་ཁང་བཤམས་སྟོན་དོ་དམ་ཁའོ་ཡི་ཁའོ་ཀྲང་ངམ་ཞིབ་འཇུག་པ་གཞོན་པ་ལིའུ་ཞའོ་ཧྭ་ཡིས་བཤད་རྒྱུར། དེའི་རྗེས་སུ་འོས་ལངས་ཀྱི་དུས་ཚོད་ཟླ8པའི་ཚེས1ཉིན་གྱི་ཐོ་རངས་ཀྱི་དུས་ཚོད4སྟེང་བསྣུར་བ་དང་། ཡིན་ཡང་འོས་ལངས་དུས་ཚོད་ཀྱི་གསང་བ་ཕྱིར་ཤོར་བས། གཡུལ་སའི་ཨུ་ཡོན་ལྷན་ཁང་གིས་འོས་ལངས་ཀྱི་དུས་ཚོད་གཉིས་ཙམ་སྔོན་དུ་སྣུར་རྒྱུ་ཐག་བཅད། “སྐབས་དེར་ནན་ཁྲང་མཁར་ནང་དུ་གོ་མིན་ཏང་གི་དྲག་པོའི་སྟོབས་ཤུགས་མི་ཁྲི་གཅིག་སྟོང་དྲུག་མ་གཏོགས་མེད་ལ། གུང་ཁྲན་ཏང་གིས་ཐད་ཀར་བདག་འཛིན་དང་བཀོད་འདོམས་བྱེད་ཆོག་པའི་དྲག་པོའི་སྟོབས་ཤུགས་ཧོ་ལུང་དང་ཡེ་ཐིང་། ཀྲུའུ་ཏེ་བཅས་ཀྱིས་མགོ་ཁྲིད་པའི་རྒྱལ་དམངས་གསར་བརྗེ་དམག་མི་ཕལ་ཆེར་ཁྲི་གཉིས་ཡོད།”

ཟླ8པའི་ཚེས1ཉིན་གྱི་ཐོ་རངས་ཀྱི་དུས་ཚོད2སྟེང་། ནན་ཁྲང་མཁར་སྟེང་གི་མེ་མདའི་སྒྲ་སྐད་གློ་བུར་དུ་གྲག་བྱུང་། ཀྲོའུ་ཨེན་ལའེ་གཙོ་བོ་ཡིན་པའི་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། ཧོ་ལུང་དང་ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་གིས་འོས་ལངས་བྱས། དུས་ཚོད་བཞི་ལྷག་ལ་ཛ་དྲག་ངང་འཐབ་འཛིང་བྱས་པ་བརྒྱུད། དགྲ་བོའི་མི3000ལྷག་རྩ་མེད་དུ་བཏང་སྟེ། འོས་ལངས་དམག་དཔུང་གིས་ནན་ཁྲང་མཁར་རྫོང་བཙན་བཟུང་བྱས།

ཟླ8པའི་ཚེས1ཉིན་གྱི་དུས་ཚོད9ཡི་སྟེང་། ནན་ཁྲང་མཁར་རྫོང་དུ་ཀྲུང་གོ་གུང་ཁྲན་ཏང་མི་དང་གོ་མིན་ཏང་གི་གཡོན་ལྷུང་ཕྱོགས་ཁག་གི་མི་སྣ་ཞུགས་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། སུང་ཆིང་ལིན་དང་ཏེང་ཡན་ཏ། ཧོ་ཞང་ཉིང་སོགས་མི25བདམས་ཐོན་བྱུང་སྟེ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། འོས་ལངས་དམག་དཔུང་གིས་སྔར་བཞིན་རྒྱལ་དམངས་གསར་བརྗེ་དམག་དཔུང་གི་དཔུང་ཁག་གཉིས་པའི་ཨང་རྟགས་བཀོལ་སྤྱོད་བྱེད་པ་དང་། གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཧོ་ལུང་སྤྱིའི་བཀོད་འདོམས་ཚབ་མ་དང་ཡེ་ཐིང་གཡུལ་སའི་སྤྱིའི་བཀོད་འདོམས་ཚབ་མ། ལིའུ་པོ་ཁྲེང་ཇུས་འདོན་ཚོགས་པའི་ཇུས་འདོན་དཔོན་བཅས་སུ་བསྐོ་བཞག་གནང་།

ནན་ཁྲང་འོས་ལངས་བྱས་པའི་རྗེས་སུ། ཝང་ཅིང་ཝེ་ཡིས་ཀྲང་ཧྥ་ཁུའེ་དང་ཀྲུའུ་ཕེ་ཏི་གཉིས་ལ་ནན་ཁྲང་དུ་ཕར་རྒོལ་བྱེད་དགོས་པའི་བཀའ་ཕབ་ཅིང་། འོས་ལངས་དམག་དཔུང་སྔོན་གྱི་འཆར་གཞི་ལྟར་ལྷོ་ཕྱོགས་སུ་བསྐྱོད་པ་དང་། ཟླ8པའི་ཚེས3ནས་ཚེས5ཉིན་བར། འོས་ལངས་དམག་དཔུང་སྔ་རྗེས་སུ་ནན་ཁྲང་མཁར་དང་ཁ་འབྲལ་དགོས་བྱུང་།

འོས་ལངས་ཀྱིས་ས་གནས་ཞིང་པའི་ལས་འགུལ་དང་ཟུང་འབྲེལ་བྱེད་པའི་དགེ་མཚན་དང་། དེའི་ཁར་དགྲ་བོའི་དཔུང་ཚོགས་མང་ཞིང་རང་ཕྱོགས་ཀྱི་སྟོབས་ཤུགས་ཞན་པ། དམག་དཔུང་རྒྱང་སྐྱོད་བྱེད་པ། འཐབ་ཇུས་གོ་འཛོལ་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་དུ་མ་ངོས་མ་ཟིན་པའི་དབང་གིས་ཟླ9པའི་ཟླ་སྨད་ལ་སླེབས་དུས། འོས་ལངས་དམག་དཔུང་ལ་ཀོང་ཀྲོའུ་ཁྲའོ་ཧྲན་ས་ཁུལ་དུ་དགྲ་བོས་བསྐོར་རྡུང་དྲག་པོ་ཐེབས་ཏེ། དམག་དཔུང་གི་སྟོབས་ཤུགས་གཙོ་བོ་གཏོར་ཞིང་འོས་ལངས་ལ་ཕམ་ཁ་བྱུང་བ་ཁྱབ་བསྒྲགས་བྱས། ལྷག་ལུས་བྱུང་བའི་འོས་ལངས་དམག་དཔུང་སྐོར་ཞིག་ཀྲུའུ་ཏེ་དང་ཁྲེན་དབྱི་སོགས་ཀྱི་སྣེ་ཁྲིད་འོག ཀོང་ཏུང་དང་ཅང་ཞི། ཧུའུ་ནན་བཅས་མཐའ་མཚམས་ས་ཁུལ་དུ་འཁྱམས་ཤིང་། དེའི་རྗེས་སུ་ཅིན་ཀང་རི་བོར་སོང་བ་དང་། སྐོར་ཁག་གཞན་ཞིག་ཧའེ་ལུའུ་ཧྥེང་ས་ཁུལ་དུ་སོང་སྟེ་མུ་མཐུད་དུ་འཐབ་འཛིང་བྱས།

1928ལོའི་ཟླ4པའི་ཟླ་སྨད་དུ། ཀྲུའུ་ཏེ་དང་ཁྲེན་དབྱི་གཉིས་ཀྱིས་སྣེ་ཁྲིད་པའི་ནན་ཁྲང་འོས་ལངས་དམག་དཔུང་གི་ལྷག་འཕྲོ་དང་མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་སྟོན་སྡུད་འོས་ལངས་དམག་དཔུང་གཉིས་མཉམ་དུ་ཅིན་ཀང་རི་བོ་རུ་རྒྱལ་ཁའི་ངང་ལྷན་འཛོམས་བྱུང་།

དམག་དཔུང་གཉིས་ཀ་ལྷན་འཛོམས་བྱུང་བ་དེས་ཀྲུང་གོའི་གསར་བརྗེའི་དྲག་པོའི་སྟོབས་ཤུགས་ཇེ་ཆེར་བཏང་།

དེའི་རྗེས་སུ། ཟླ8པའི་ཚེས1ཉིན་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་བཙུགས་དུས་ཆེན་ལ་གཏན་འཁེལ་བྱས།

དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་གི་མི་དམངས་དམག་དཔུང་གིས་དཔའ་མཛངས་རྟུལ་ཕོད་ཀྱིས་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་དང་བདེ་སྐྱིད་ཐོབ་པར་བྱེད་པའི་ལས་དོན་ནང་ཞུགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་བསྐྱར་དར་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་ལྷན་གཅིག་ཏུ་དམ་པོར་སྦྲེལ།

ལོ་ངོ90ལྷག་གི་རིང་ལ། མི་དམངས་དམག་དཔུང་གིས་དམག་འཁྲུག་གི་མེ་དཔུང་ཁྲོད་དཀའ་ངལ་གཙང་སེལ་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད། འོད་སྟོང་ལྡན་པའི་རྒྱལ་ཁ་ཡང་ཡང་བླངས་ཏེ། ཏང་དང་མི་དམངས་ལ་རླབས་ཆེན་གྱི་ལོ་རྒྱུས་མཛད་རྗེས་ཤིག་བསྐྲུན།

ལོ་རྒྱུས་ཀྱིས་མི་རྣམས་ལ་མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་དེ།ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཀྱི་རླབས་ཆེན་སྟོབས་ཤུགས་ཕྱིར་མངོན་པ་དང་། ཏང་གིས་དམག་དཔུང་ལ་གཏན་དུ་མགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་ནན་ཁྲང་འོས་ལངས་ནས་མགོ་ཚུགས་ལ། སན་ཝན་བཅོས་སྒྲིག་ལ་བརྟེན་ནས་རྨང་བཏིངས་ཤིང་། ཀུའུ་ཐེན་གྲོས་ཚོགས་ལ་བརྟེན་ནས་གཞི་ཆགས་པར་བྱས་པས། དེས་མི་དམངས་དམག་དཔུང་དང་དམག་དཔུང་རྙིང་པའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་ལེགས་ཆ་ཀུན་དང་མི་མཐུན་པ་གསལ་བསྒྲགས་བྱས།

ལོ་རྒྱུས་ཀྱིས་ང་ཚོར་སྲ་བརྟན་གྱི་རྒྱལ་སྲུང་དང་སྟོབས་ལྡན་གྱི་དམག་དཔུང་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དར་རྒྱས་སྟོབས་ལྡན་དང་མི་དམངས་ཞི་འཇགས་བདེ་སྐྱིད་ཀྱི་བརྟེན་ས་བཀན་མོ་ཡིན་པ་གསལ་པོར་བརྗོད།

དེ་རིང་། མི་དམངས་དམག་དཔུང་སྔོན་ཆད་ཀྱི་དམག་སྣ་རྐྱང་བའི་དམག་དཔུང་ནས་དམག་སྣ་མང་པོ་མཉམ་དུ་འཛོམས་པའི་དམག་དཔུང་སྟོབས་ལྡན་ཞིག་ཏུ་གྱུར། སྔོན་ཆད་ཀྱི“རླངས་འཁོར་དང་མེ་མདའ”ཙམ་ལ་བརྟེན་ནས་དྲག་པོའི་དཔུང་བསྒྲིགས་པའི་དམག་དཔུང་ནས་འཕྲུལ་ཆས་ཅན་ཕལ་ཆེར་མངོན་འགྱུར་དང་མགྱོགས་མྱུར་གྱིས་ཆ་འཕྲིན་ཅན་དུ་ཕྱོགས་པའི་སྟོབས་ལྡན་དམག་དཔུང་དུ་གྱུར་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྟོབས་ལྡན་དམག་དཔུང་གི་ལམ་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་ཀྱིན་པའི་མི་དམངས་དམག་དཔུང་གིས། སྔར་ལས་ཀྱང་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་གསར་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་སྔར་བས་བློ་རྩ་བརྟན་པོའི་འཐབ་ཇུས་གཞོགས་འདེགས་ཤིག་འདོན་སྤྲོད་བྱེད་ངེས་ཡིན། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།