རྒྱལ་དར་སྟེང་དུ་སྐར་ལྔ་ཆེམ་ཆེམ་འཕྲོ། རྒྱང་སྐྱོད་གསར་བ་རྐང་འོག་བགྲོད་ལམ་འདྲ། ང་ནི་དུས་རབས་གསར་བའི་འཐབ་མོ་ཆུང་ཆུང་ཡིན། སྔོན་བྱོན་དཔའ་བོའི་ཁྲག་རྒྱུན་དྲག་ཏུ་འཕྱུར། དམར་དམག་བསྟོད་གླུ་ང་ཚོས་མཉམ་དུ་ལེན། རྒྱང་བསྐྱོད་སྙིང་སྟོབས་མཉམ་དུ་རྒྱུན་འཛིན་བྱེད།
དཔྱིད་མགོའི་ཕྱི་དྲོ་ཞིག་ལ། ཞུང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོའི་ཧོང་ཀོང་སྡེ་བའི་ནུབ་ལམ་དམག་དཔུང་དམར་དམག་སློབ་ཆུང་དུ་ཐོན་མ་ཐག སྙན་ཞིང་འཇེབས་པའི་བྱིས་པའི་སྐད་གདངས་ཀྱིས《དམར་དམག་སློབ་ཆུང་དམར་དམག་བྱིས་པ》ཞེས་པའི་གླུ་དབྱངས་འདི་བརྩེ་དུང་ལྡན་པའི་ངང་ལེན་བཞིན་པ་རྒྱང་རིང་ནས་ཐོས་བྱུང་། གླུ་དབྱངས་འདི་ལེན་མཁན་ནི་ཧུང་ཀོང་སྡེ་བའི་དམར་དམག་གི་རྗེས་རབས་པ་གཅིག་པུ་མཱ་ཧུའེ་རུའུ་རེད། མོ་ད་ལོ་ལོ13ལ་སོན་པ་དང་། དམར་དམག་སློབ་ཆུང་གི་དམར་དམག་རུ་འབྲིང་ལྔ་པར་སློབ་སྦྱོང་བྱེད་བཞིན་ཡོད།
མཱ་ཧུའེ་རུའུ་ཡི་ཡང་མེས་ཀྱི་མིང་ལ་ལིའུ་ཧྲི་སི་ཟེར་ཞིང་། ཕ་ཡུལ་སི་ཁྲོན་ཡིན་པ་དང་། 1933ལོར་གསར་བརྗེ་རུ་ཞུགས། དམར་དམག་དཔུང་ཚོགས་བཞི་པའི་ཅུན་ཤོག་སུམ་ཅུའི་སྨན་ཁང་དུ་ནད་གཡོག་བྱས་པ་དང། 1935ལོར་རྒྱང་བསྐྱོད་དུ་ཞུགས་ནས་དམག་དཔུང་དང་མཉམ་དུ་རྨ་ནུབ་གཡུལ་སར་བསྐྱོད་ཅིང་། 1937ལོའི་ལོ་མགོར་ལི་ཡོན་ཁོའུ་དམག་འཐབ་ཁྲོད་རྨས་སྐྱོན་ཕོག་པ་དང་། འཛིན་བཟུང་བྱས་པའི་དམར་དམག་ནུབ་ལམ་དམག་དཔུང་གི་དམག་མི400ལྷག་དང་མཉམ་དུ“ཨར་ལས་དམག་སྒར་”བཙུགས་ཤིང་། སྔ་རྗེས་སུ་དམག་ཤེད་ཅན་མཱ་པུའུ་ཧྥང་གི་ལྟ་སྐུལ་འོག་རྨ་ནུབ་དོག་ལམ་ནས་ཞུང་ཧྭ་ཙན་པུའུ་ཧུའུ་སྡེ་བར་ཡོང་ནས་ངལ་རྩོལ་དུ་ཞུགས། སྟེས་དབང་གི་གོ་སྐབས་ཞིག་གིས་མཱ་ཧུའེ་རུའུ་ཡི་ཡང་ཕྱི་དང་ངོ་ཤེས་ནས་གཉེན་སྒྲིག་བྱས་པ་རེད།
གླུ་དབྱངས་སྦྱངས་ཚར་རྗེས། མཱ་ཧུའེ་རུའུ་སླར་ཡང་སློབ་གྲྭའི་ཞིབ་ཚགས་ངང་ཇུས་འགོད་བྱས་པའི་ཏང་བཙུགས་ནས་ལོ་འཁོར་100འགོར་བར་ལེགས་སྐྱེལ་འབུལ་བའི་ཟློས་གར་ཆེན་པོ《དམག་དམངས་བར་གྱི་བརྩེ་བ་ཟབ་མོ་ཡང་བསྐྱར་མངོན་པ》ཞེས་པའི་སྦྱོང་བརྡར་ཁྲོད་ཞུགས།
སློབ་གཙོ་མཱ་ཀྲུང་མེན་གྱིས་མཚམས་སྦྱོར་བྱས་བ་ལྟར་ན། ཟློས་གར་འདི་ལས་ལོ་ངོ་བརྒྱད་ཅུ་ལྷག་གི་སྔོན་དུ། འཛིན་བཟུང་བྱས་པའི་དམར་དམག་ནུབ་ལམ་དམག་དཔུང་གི་འཐབ་མོ་བ400ལྷག་ཞུང་ཧྭ་ཧུང་ཀོང་སྡེ་བར་ཐོན་རྗེས། གོས་ཀྱིས་རྒྱབ་མི་ཁེབས་པ་དང་ཟས་ཀྱིས་ལྟོ་མི་འགྲང་པ། ཐ་ན་ཚེ་སྲོག་ལའང་འགན་སྲུང་མེད་པའི་གནས་ཚུལ་འོག སྔར་བཞིན་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་སྲིད་ཇུས་དང་འདོད་བློ་དྲིལ་བསྒྲགས་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་གནས་ཚུལ་མཚོན་ཡོད་ཟེར། གསར་བརྗེའི་སྟོབས་ཤུགས་དེ་ཡུལ་འདིའི་མང་ཚོགས་དང་མཉམ་འདྲེས་བྱེད་པར་སྲུང་འཛིན་བྱེད་ཆེད། རང་འགུལ་ཀྱིས་ཡུལ་དེའི་ཧོས་རིགས་དང་ཟ་ལར་རིགས། བོད་རིགས་བཅས་ཀྱི་བར་གཉེན་འབྲེལ་བཙུགས་ཏེ་དམག་མི་རྣམས་མི་དམངས་ལ་དགའ་བ་དང་དམངས་ཀྱིས་དམག་མི་ལ་བཀུར་བའི་གསར་བརྗེའི་གཏམ་སྙན་བཞག་ཡོད།
འཁྲབ་ཚན་སྦྱོང་བརྡར་བྱེད་བཞིན་པའི་བར་གསེང་དུ། མྰ་ཀྲུང་མེན་གྱིས་མཱ་ཧུའེ་རུའུ་དང་སློབ་གྲོགས་རྣམས་ལ་ནུབ་ལམ་དམར་དམག་གི་གཏམ་རྒྱུད་བཤད་པ་རེད།
1937ལོའི་ཟླ་བཞི་བར་ནུབ་ལམ་དམག་དཔུང་ཕམ་པ་དང་གསོན་བཟུང་བྱས་པའི་ནུབ་ལམ་དམག་དཔུང་གི་འཐབ་མོ་བ་ཆུང་ཆུང་དག་ལས་འགའ་ཤས་ནི་ལོ་ན་བཅོ་ལྔ་བཅུ་དྲུག་ཙམ་ལས་སོན་མེད་ཅིང་། མཚོ་སྔོན་དུ་ཐོན་རྗེས་ལ་ལ་དམར་གསོད་དང་གསོན་སྦས་བྱས་ཤིང་། ལ་ལ་བཙན་གྱིས་ངལ་ལས་བྱེད་དུ་བཅུག
ད་ལྟའི་ཧོང་ཀུང་སྡེ་བའི་ཆེས་སྔ་བའི་ར་སྐོར་60ལྷག་དང་སྡོད་ཁང་300ལྷག་ནུབ་ལམ་དམག་དཔུང་གིས་ལས་པ་ཡིན། དེ་མིན་དབྱི་སི་ལན་ཆོས་ཁང་གཅིག་དང་། སློབ་གྲྭ་གཅིག ཆུ་འཁོར་ཆེན་པོ་གཉིས། ཆུ་འཐག་ཁང་དང་སྣུམ་འཚག་ཁང་སོགས་ལས་ཡོད་པ་མ་ཟད་ས་རྒོད་སྤྱི་ཆིང113.34ལྷག་སློག་པ་རེད།
གནས་ཚུལ་དེ་དག་ཐོས་མ་ཐག་དུ་སློབ་གྲོགས་ཚོར་སེམས་འགུལ་ཐེབས་ཏེ་མིག་ཆུ་དབང་མེད་དུ་འབྱིན་ཞོར། གསར་བརྗེའི་ལོ་རྒྱུས་ཁྲོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་།དམར་དམག་འཐབ་མོ་བའི་ཐོག་མའི་འགན་འཁྲི་མིག་དཔེར་འཛིན་རྒྱུའི་སེམས་ཐག་བཅད། མཱ་ཧུའེ་རུའུ་ཡིས་རང་ཉིད་ནི་གསར་བརྗེ་གཏམ་རྒྱུད་དྲིལ་སྒྲོག་བྱེད་པའི་“དྲིལ་བསྒྲགས་པ”དང་དམར་དམག་གི་སྙིང་སྟོབས་“རྒྱུན་འཛིན་པ”ལེགས་པོ་བྱེད་རྒྱུ་ཡིན་ཟེར།
ནུབ་ལམ་དམག་དཔུང་གི་དམར་དམག་སློབ་ཆུང་ནི་རྒྱལ་ཡོངས་ཀྱི་དམར་དམག་སློབ་ཆུང386ནང་གི་གཅིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྔོན་ཆད་བཟུང་བའི་དམར་དམག་ནུབ་ལམ་དམག་དཔུང་གི་འཐབ་མོ་བ་ཚོས་འཛུགས་སྐྲུན་བྱས་ཤིང་ནུབ་ལམ་དམག་དཔུང་ཞེས་མིང་བཏགས་པའི་སློབ་གྲྭ་གཅིག་པུ་ཡང་ཡིན། མི་རིགས་མཐུན་སྒྲིལ་གྱི་བླ་ན་མེད་པའི་ལས་འགན་དང་དཔེ་ཁྲིད་མི་སྐྱོང་གི་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་འཁུར་ཏེ། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གསར་བརྗེའི་ཐོན་ཁུངས་རྒྱ་བསྐྱེད་དང་གསར་བརྗེའི་དོན་སྙིང་གཏིང་ཟབ་ཀྱི་འདུ་ཤེས་བརྟན་སྲུང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་དུ་དར་བར་བྱས།
མཱ་ཀྲུང་མེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་སློབ་གྲྭའི་ག་ས་གང་དུ་གསར་བརྗེའི་ཁྱད་ཆོས་མངོན་པ་དང་། དོན་དག་གང་ཡིན་རུང་གསར་བརྗེའི་མི་སྐྱོང་བྱེད་པའི་ཕན་འབྲས་མངོན་དུ་འཇུག་དགོས། ལོ་རིམ་དྲུག་པོ་ལ་སློབ་གྲྭ་གཞན་དང་འདྲ་བར་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པ་ཞེས་མི་འབོད་པར། དམར་དམག་རུ་འབྲིང་དང་པོ་དང་རུ་འབྲིང་གཉིས་པ། རུ་འབྲིང་གསུམ་པ་ཞེས་དང་། བྱིས་སྐྱོང་ཁང་གི་འཛིན་གྲྭ་གཉིས་པོར་ཧོང་ཀུང་འཛིན་གྲྭ་འབྲིང་བ་དང་ཆེ་བ་ཞེས་འབོད་ཀྱི་ཡོད། སློབ་གྲོགས་ཚོས་དུས་རྒྱུན་དམར་དམག་གི་དམག་ལྭ་གྱོན་པ་དང་། གསར་བརྗེའི་གླུ་དབྱངས་ལེན་པ། གསར་བརྗེའི་ལོ་རྒྱུས་གཏམ་རྒྱུད་གྱེར་འདོན་བྱེད་པ། གཟའ་ཟླ་བའི་ཉིན་མོར་རྒྱལ་དར་འོག་དུ་གཏམ་བཤད་བྱ་འགུལ་སྤེལ་བ་དང་། ད་དུང་དུས་རྒྱུན་དུ་གསར་བརྗེ་སློབ་གསོའི་སློབ་ཁྲིད་ལ་ཞུགས་དགོས།
“ཧོང་ཀུང་སྡེ་བ་ནི་གསར་བརྗེའི་ས་ཁོངས་ཤིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་འབྱུང་གནས་ཤིག་ཀྱང་ཡིན་ལ། དམར་དམག་གི་གཏམ་རྒྱུད་དང་གསར་བརྗེའི་དྲན་ཤེས་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་ཅིག་ཏུ་འདུས་ཡོད། ཏང་འཛུགས་པ་དང་ཏང་དར་བར་བྱེད་པ། ཏང་སྟོབས་ཆེར་གཏོང་བར་མཐུན་རྐྱེན་གྱ་ནོམ་པ་ཞིག་འདོན་སྤྲོད་བྱས་ཡོད་པ་ནི་དུས་རབས་གསར་པའི་རྒྱང་སྐྱོད་བགྲོད་ལམ་ཐོག་ལེགས་པར་སྐྱོད་པའི་གསར་བརྗེའི་རྟགས་མཚན་ཞིག་རེད།” ཞུང་ཧྭ་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཀྲང་ཞིན་ཧྥུའུ་ཧྭ་ཡིས་བཤད་རྒྱུར། དུས་ཚོད་ཀྱིས་དྲན་ཤེས་ཉམས་སུ་འཇུག་མི་སྲིད་ལ། དམར་དམག་འཐབ་མོ་བ་ཁ་ཤས་ཀྱི་མིང་འཚོལ་དཀའ་བ་དང་གནམ་ས་གཡོ་བའི་བྱས་རྗེས་ཁ་ཤས་སླར་གསོ་བྱེད་དཀའ་ནའང་། ཁོང་ཚོའི་བྱས་རྗེས་རླབས་ཆེན་དང་ཐོག་མའི་འགན་འཁྲི་ཡིས་ང་ཚོར་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་སུ་བཅུག་ཡོད་ཟེར།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བཀྲ་ཤིས་སྒྲོལ་མ།